གཞིས་བྱེས་བར་གྱི་འབྲེལ་ལམ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༩༠
ཕྱི་ལོའི་དུས་རབས་ཉི་ཤུ་པའི་དུས་དཀྱིལ་ནས་རྒྱ་ནག་དམར་གཞུང་གིས་བོད་བཙན་འཕྲོག་བྱས་ནས་གཞིས་བྱེས་གཉིས་སུ་གྱེས་དགོས་བྱུང་བ་དང། འདས་པའི་མི་ལོ་༥༠ ཙམ་གྱི་རིང་གཞིས་བྱེས་གཉིས་ཀྱི་བོད་མི་རྣམས་ཀྱི་ལུས་པོ་ཧི་མ་ལ་ཡའི་རི་བོས་བར་ཐག་གིས་ཆོད་ཀྱང་སེམས་པ་དུས་ནམ་ཡང་ཁ་མ་བྲལ་བར་གཅིག་ཏུ་སྦྲེལ་ཐུབ་པ་བྱུང་ཡོད།

དེ་ལ་རྒྱུ་མཚན་སྣ་ཚོགས་ཤིག་ཡོད་པ་དང། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཕྲེང་ན་རིམ་གྱིས་བདག་གིར་མཛད་པའི་བོད་གངས་ཅན་ལྗོངས་ཀྱི་ཆབ་འབངས་ཡོངས་ཀྱི་ངོས་ནས། དུས་དང་གནས་སྐབས་མི་འདྲ་བར་འགལ་རྐྱེན་ག་འདྲ་ཞིག་འཕྲད་ཀྱང། ༧གོང་ས་མཆོག་ནི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་དུ་ངོས་འཛིན་ཞུ་བཞིན་ཡོད་པས་གཞིས་བྱེས་གཉིས་ཀྱི་འབྲེལ་ལམ་དམ་ཟབ་ཏུ་གནས་ཐུབ་པ་བྱུང་ཡོད། རྒྱ་ནག་གཞུང་གིས་བོད་མི་རིགས་རྩ་མེད་དུ་གཏོང་རྒྱུའི་སྲིད་བྱུས་སྣ་ཚོགས་ལ་བརྟེན་དུས་རྒྱུན་མནར་གཅོད་དང་རྡུང་རྡེག་སྣ་ཚོགས་ཀྱི་འོག་ནས་རང་དབང་གི་ཁོར་ཡུག་ཏིལ་འབྲུ་ཙམ་ཡང་མེད་པས། གཞིས་བཞུགས་བོད་མི་རྣམས་ཀྱིས་རེ་ལྟོས་བཅོལ་ཡུལ་༧གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་ལས་མེད་པར་གྱུར་ཡོད་པ་དང། གནད་དོན་འདིས་གཞིས་བྱེས་བོད་མི་ཡོངས་རྫོགས་ཀྱི་བསམ་འདུན་གཅིག་ཏུ་སྦྲེལ་ནས་བོད་མི་རིགས་ཀྱི་རང་དབང་བསྐྱར་གསོ་དགོས་པའི་ཕྱོགས་སུ་སྐུལ་འདེད་ཤུགས་ཆེན་པོ་བྱེད་བཞིན་ཡོད། བོད་གངས་ཅན་གྱི་ལྗོངས་སུ་ཆོས་ལ་དད་པ་དང་ཆོས་ཀྱི་བག་ཆགས་རྒྱ་ཆེ་ཡོད་པ་ལྟར། ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་དབུ་ཁྲིད་བླ་ཆེན་ཁག་བཙན་བྱོལ་དུ་བཞུགས་ཡོད་སྟབས་གཞིས་བྱེས་གཉིས་ཀྱི་འབྲེལ་ལམ་རྒྱུད་མ་ཆད་པར་གནས་ཡོད་པ་དང། བོད་མི་རིགས་ལ་མཚོན་ན་འདས་པའི་ལོ་རྒྱུས་ནང་བོད་མི་ཕལ་མོ་ཆེར་ནང་པའི་ཆོས་ཀྱི་བག་ཆགས་ཀྱིས་མཁའ་ཁྱབ་ཀྱི་སྐྱེ་འགྲོ་སེམས་ཅན་ཚང་མ་མར་ཤེས་པ་དང་དྲིན་དྲན་པ། དྲིན་གཟོ་བའི་ལྟ་ཚུལ་བཅོས་མིན་ཞིག་ཡོད་པ་ལས་དམིགས་བསལ་མི་རིགས་རིང་ལུགས་ཀྱི་ལྟ་བ་མེད་ནའང། ས་ཡི་གོ་ལ་ཧྲིལ་པོ་འདིའི་ཁྱོན་དུ་མི་རིགས་རིང་ལུགས་ཀྱི་ལྟ་བ་ཤུགས་ཆེ་ཤོས་དང་གུ་དོག་ཤོས་རྒྱ་མི་རིགས་ཡིན་པས། རྒྱ་མི་རིགས་ཀྱིས་བཟུང་པའི་དམར་ཕྱོགས་གཞུང་གིས་མི་རིགས་གཞན་དང་ལྷག་པར་བོད་མི་རིགས་ལ་མནར་གཅོད་དང་མཐོང་ཆུང་སོགས་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་བརྟེན། ད་ལྟའི་ཆར་གཞིས་བཞུགས་བོད་མི་རྣམས་ལ་རང་བཞིན་གྱིས་མི་རིགས་རིང་ལུགས་ཀྱི་ལྟ་བ་ཤུགས་ཆེ་ཡོད་པ་སོགས་ཀྱིས་གཞིས་བྱེས་བོད་མི་རྣམས་ཀྱི་འབྲེལ་ལམ་ཉིན་རེ་ནས་ཉིན་རེ་བཞིན་རྒྱ་ཆེ་རུ་དང་གཏིང་ཟབ་ཏུ་འགྲོ་རྒྱུ་ལས་རྒྱ་གཞུང་གིས་དུས་ནམ་ཡང་བཀག་འགོག་བྱེད་ཐུབ་ཐབས་པར་མེད་པར་གྱུར་ཟིན།

རྒྱ་གཞུང་གི་ངོས་ནས་ད་ལྟའི་ཆར་གཞིས་བྱེས་བོད་མིའི་བར་གྱི་འབྲེལ་ལམ་དེ་ཐབས་ལམ་དུ་མ་བརྒྱུད་ནས་འགོག་ཐབས་བྱེད་བཞིན་ཡོད་པ་མ་ཟད། དྲ་རྒྱའི་བརྒྱུད་ལམ་སོགས་དེང་དུས་འབྲེལ་ལམ་ཡོངས་རྫོགས་ལ་འགལ་རྐྱེན་སྤྲོད་བཞིན་ཡོད་ཀྱང། ཚན་རྩལ་གྱི་འཕེལ་རྒྱས་མྱུར་ཚད་མགྱོགས་པས་གཅིག་བཀག་ཀྱང་གཉིས་ཐོན་ཐུབ་པའི་དུས་རབས་འདིར་རྒྱ་གཞུང་གིས་བྱེད་ཐབས་ག་འདྲ་ཞིག་སྤྱད་ཀྱང། ནམ་ལངས་ལག་པས་མི་ཁེབས་པ་དང། ཆུ་འབུར་ས་ཡིས་མི་ཁོག་པའི་དཔེ་བཞིན་གོ་ལ་ཧྲིལ་པོའི་འཕེལ་རིམ་དབང་གིས་དུས་ནམ་ཞིག་རྒྱ་ནག་གཞུང་ལ་བྱེད་ཐབས་གང་ཡང་མེད་པ་ཞིག་ཏུ་འགྱུར་རྒྱུ་ཡིན་པ་ཕྱོགས་གང་ནས་བལྟས་ཀྱང་ཧ་ཅང་གསལ་པོར་གྱུར་ཟིན། འོན་ཀྱང་ད་ལྟའི་ཆར་རྒྱ་གཞུང་གིས་བོད་ནས་བཙན་བྱོལ་ནང་གི་སྤུན་མཆེད་ལ་ཁ་པར་བཏང་བ་ཙམ་གོ་ཡང་ལོ་མང་པོའི་ཁྲིམས་ཐག་བཅད་པ་དང། ཁ་པར་བཏང་བའི་དོགས་པ་ཙམ་ཡོད་ཀྱང་འཇུ་བཟུང་བྱས་པ། བཙན་བྱོལ་ནང་གི་དྲ་རྒྱ་ཁག་བཀག་སྡོམ་བྱས་ཡོད་ཀྱང། ཐབས་ཤེས་གཞན་བརྒྱུད་ནས་བཙན་བྱོལ་ནང་གི་དྲ་རྒྱ་ལ་ལྟ་མཁན་གང་མང་ཞིག་འཛིན་བཟུང་བྱས་པ་སོགས་བོད་གཞིས་བྱེས་གཉིས་ཀྱི་འབྲེལ་ལམ་ཐད་འགལ་རྐྱེན་གང་མང་སྤྲད་བཞིན་ཡོད། བོད་རྒྱའི་གནད་དོན་དེར་བཟང་ཕྱོགས་ཀྱི་ཐག་གཅོད་གང་ཡང་མ་བྱུང་ནའང། གོང་དུ་བཤད་པ་བཞིན་གཞིས་བྱེས་གཉིས་ཀྱི་འབྲེལ་བ་དེ་རྒྱ་ནག་གཞུང་གིས་དུས་ནམ་ཡང་འགོག་མི་ཐུབ་པ་ཧ་ཅང་གསལ་པོར་འགྱུར་བཞིན་པ་ནི། གཞིས་ལུས་བོད་མིའི་སྙིང་སྟོབས་དང་ཆོད་སེམས། བཙན་བྱོལ་ནང་གི་ལས་འགུལ་དང་དྲིལ་བསྒྲགས། རྒྱ་ནག་གཞུང་གི་བྱེད་སྟངས་ཁོ་ན་ལ་བརྟེན་ནས་བྱུང་བ་ཞིག་རེད།།

Leave a Reply

Your email address will not be published. Required fields are marked *