བཀའ་བློན་ཁྲི་པའི་འོས་མི་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས།

kalsang gyamtsen envoy༼གླ་ཡོད་གསལ་བསྒྲགས།༽

༄། སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་ནི་ཕྱི་ལོ་ ༡༩༥༡ ལོར་བོད་ལྗོངས་མདོ་ཁམས་འབའ་ཐང་དུ་སྐུ་འཁྲུངས། ཕྱི་ལོ་ ༡༩༥༩ ཕྱི་ཟླ་བཞི་པའི་ནང་རྒྱ་གར་དུ་སྐྱབས་བཅོལ་ཕེབས་ཏེ་ཐོག་མར་འབྲས་ལྗོངས་རྣམ་རྒྱལ་སློབ་གྲྭར་ལོ་གསུམ་དང༌། དེ་རྗེས་རྡ་ཤོད་ཟུར་གསོག་སློབ་གྲྭར་ལོ་གཅིག་རིང་བོད་ཡིག་གཙོ་བོར་གྱུར་པའི་དེང་དུས་ཤེས་ཡོན་སོགས་ལ་སྦྱོང་བརྩོན་གནང༌།

ཕྱི་ལོ་ ༡༩༦༣ ལོར་སུད་སིར་ཕེབས་ཏེ་མི་ལོ་བཅུ་ཕྲག་ལྷག་རིང་གཞི་རིམ་དང་འབྲིང་རིམ་སློབ་གྲྭ་རིམ་པར་བརྒྱུད་དེ་མཐར་ཚོང་དོན་དང་འཛིན་སྐྱོང་ཐོག་དམིགས་བསལ་མྱོང་འདྲིས་སྦྱོང་བརྡར་མཐར་ཕྱིན་བསྐྱངས།

ཕྱི་ལོ་ ༡༩༧༠ ལོར་ཡུ་རོབ་ཁུལ་བོད་ཀྱི་གཞོན་ནུ་མཐུན་ཚོགས་གསར་འཛུགས་གནང་མཁན་དང༌། ཕྱི་ལོ་ ༡༩༧༨ ནས་ལོ་གསུམ་རིང་ཚོགས་གཙོ། ཕྱི་ལོ་ ༡༩༨༠ ལོར་ཚོགས་པའི་དུས་དེབ་ (Junges Tibet)ཅེས་པའི་རྩོམ་སྒྲིག་པའི་ཐུགས་འགན་བཞེས།
ཕྱི་ལོ་ ༡༩༧༤ ལོར་དབྱིན་ཡུལ་ནང་སྐད་གྲགས་ཡོད་པའི་ (Cambridge University, UK) ཞེས་པའི་གཙུག་ལག་སློབ་གཉེར་ཁང་དུ་འཛུལ་ཞུགས་གནང༌། ༡༩༧༥ ནས་ ༡༩༨༣ བར་སུད་སི་ཛུ་རིག་ཏུ་གཏན་འཇགས་སྒྲིག་འཛུགས་ (Cadre of UBS Zurich, Switzerland) ཞེས་པའི་ཚོགས་པའི་རྒྱུན་ལས་དང༌། སུད་བོད་མཛའ་འབྲེལ་ཚོགས་པའི་འཛིན་སྐྱོང་འགན་འཛིན་གྱི་ལས་ཁུར་ཞུས།

ཕྱི་ལོ་ ༡༩༨༤ ལོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱིར་རྒྱ་གར་དུ་ཕེབས་དགོས་པའི་བཀའ་ཕེབས་ལྟར། དེ་དུས་སུད་སི་དངུལ་ཁང་ཞིག་གི་སྡེ་ཚན་འགན་འཛིན་དང༌། ཟླ་རེར་སུད་སྒོར་ ༤༠༠༠ ལྷག་གི་གསོལ་ཕོགས་དང་ཐོབ་ཐང་བཅས་ཡོངས་སུ་བློས་བཏང་ཐོག  བཞུགས་སྒར་དུ་ཐོག་མ་ལོ་གཅིག་རིང་གཞུང་གི་སྲི་ཞུར་དང་བླངས་ཞབས་ཞུ་བསྒྲུབས།ཕྱི་ལོ་ ༡༩༨༥ ལོའི་ཕྱི་ཟླ་ ༢ པར་རང་གཞུང་ནས་སུད་སིའི་སྐུ་ཚབ་དོན་གཅོད་ཀྱི་ལས་རོགས་སུ་བསྐོ་བཞག་གནང་བ་དང༌། ལོ་དེའི་ཕྱི་ཟླ་ ༩ ནས་ ༡༩༩༢ བར་སུད་སི་དང་ཡུ་རོབ་ལྷོ་དཀྱིལ་ཁུལ་གྱི་སྐུ་ཚབ་དོན་གཅོད་པའི་མཛད་འགན་བཞེས།  
ཕྱི་ལོ་ ༡༩༩༡ ལོར་སྐུ་སྒེར་དྲུང་གཞོན་དང༌། ༡༩༩༢ ནས་ ༡༩༩༩ བར་སྐུ་སྒེར་དྲུང་ཆེའི་མཛད་ཁུར་བཞེས་པ་དང་ཆབས་ཅིག ཞོར་དུ་བོད་ཡིག་དགེ་རྒན་བསྟེན་ཏེ་བོད་ཀྱི་སྐད་ཡིག་ཐོག་ནས་ཀྱང་གཞན་བསྟེན་མ་དགོས་པར་རང་རྐྱ་ཐུབ་པ་མ་ཟད། དུས་ཚོད་དེའི་རིམ་ཐའེ་ཝན་དུ་ཐེངས་བཅུ་གསུམ་ཙམ་དངོས་སུ་བསྐྱོད་དེ། ཐའེ་ཝན་བོད་སོག་ལས་ཁུངས་བརྒྱུད་མ་དགོས་པར་ཐད་ཀར་བོད་གཞུང་སྐུ་ཚབ་དོན་གཅོད་གསར་འཛུགས་གནང་ཐུབ་པ་བྱུང་ཡོད།

ཕྱི་ལོ་ ༡༩༩༩ ལོར་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་དང་གྲོས་ཚོགས་འབྲེལ་ཞུར་དམིགས་བསལ་སྐུ་ཚབ་ཀྱི་འགན་བཞེས་དང༌། ཕྱི་ལོ་ ༢༠༠༡ ལོར་ལས་འགན་སྔར་ཡོད་ཐོག་སྦར་སིལ་སྐུ་ཚབ་དོན་གཅོད་གནང་བ་དང༌། ཕྱི་ལོ་ ༢༠༠༥ ལོར་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་དང་གྲོས་ཚོགས་བཅས་སུ་འབྲེལ་ཞུའི་སྐུ་ཚབ་ཐོག་སུད་སི་སྐུ་ཚབ་དོན་གཅོད་ཀྱི་ཐུགས་འགན་བཞེས། ༢༠༠༨ ལོར་ཡུ་རོབ་མཉམ་འབྲེལ་དང་རྒྱལ་ཁབ་ཁག་གི་ཆབ་སྲིད་ཀྱི་ལས་འགུལ་དང་འབྲེལ་ལམ་གོང་མཐོར་གཏོང་ཆེད་དུ་དམིགས་བསལ་སྐུ་ཚབ་ཀྱི་ལས་འཁུར་གནང་མུས་ཡིན་པ་དང༌། ཕྱི་ལོ་ ༡༩༩༩ ནས་ད་ལྟའི་བར་རྒྱ་བོད་འབྲེལ་བའི་ཐོག་ྋགོང་ས་མཆོག་གི་སྐུ་ཚབ་གྱི་ཐུགས་འགན་དང༌། རྒྱ་བོད་འབྲེལ་མོལ་ཚོགས་ཆུང་གི་ཚོགས་མི་བཅས་ཀྱི་མཛད་ཁུར་བཞེས་མུས་ཡིན་པ་བཅས་དང༌།

དགུང་གྲངས་ལྔ་བཅུ་ང་དགུར་ཕེབས་པའི་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་ནི་མི་རབས་གསར་པའི་ཁྲོད་ནས་བྱས་རྗེས་ཆེ་བའི་མི་སྣ་གཙོ་གྲས་ཤིག་ཡིན་ཞིང༌། ཁོང་ནི་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་ལ་མཁྱེན་སྟོབས་ཕུན་སུམ་ཚོགས་པ་མ་ཟད། ལས་གནས་གང་གི་ཐོག་ནའང་ཉེ་རིང་ཕྱོགས་ལྷུང་མེད་པ། ལྷག་པར་རྒྱལ་སྤྱིའི་ཆབ་སྲིད་རིག་པའི་གཞུང་ལུགས་ལ་དམིགས་བསལ་མཁྱེན་རྒྱ་ཡངས་པ། ཇར་མན་དང་དབྱིན་ཇིའི་སྐད་ཡིག་སོགས་སྐད་རིགས་སྣ་མང་ལ་བྱང་ཆུབ་ཅིང་སྨྲ་བརྗོད་བདེ་བ། རང་གཞུང་ལྷན་ཁང་ཁག་དང༌། ཕྱི་འབྲེལ་སྲིད་བྱུས། རྒྱ་བོད་འབྲེལ་ལམ་བཅས་བོད་རྒྱ་ཕྱི་གསུམ་གྱི་སྤྱི་ཚོགས་ལ་ཉམས་མྱོང་ཆེ་བའི་ཁོང་ལྟ་བུ་ནི་ང་ཚོས་འཚོལ་བཞིན་པའི་བཀའ་ཁྲི་ངོ་མ་དེ་ཡིན་པས་ཚང་མས་རྒྱབ་སྐྱོར་གནང་རོགས་དང་བཅས། འབའ་བ་ཡེ་ཤེས་དགའ་བ་སོགས་གཞོན་སྐྱེས་ཁག་ཅིག་ནས།{jcomments on}

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།