སློབ་གྲྭའི་སྒྲིག་གཞི་ལས་འཕྲོས་པའི་སྡུག་སྐད།
ཆོས་ཉིད་འོད་ཟེར། དྷ་ས།
སྤྱིར་སྒྲིག་གཞི་ཞེས་པ་མིའི་རིགས་ཀྱི་ཀུན་སྤྱོད་སྟངས་འཛིན་བྱེད་ཆེད་དུ་ཡིན་ལ། ཧ་ཅང་ཐལ་ཆ་ཆེ་བའི་ཚུལ་མིན་གྱི་བྱ་སྤྱོད་སྔོན་འགོག་དང། བཟང་སྤྱོད་ཡར་རྒྱས་གཏོང་ཆེད་དུ་ཡིན། སྒྲིག་འཛུགས་གང་ཞིག་ཡིན་ཡང་སྒྲིག་གཞི་ནི་དགོས་ངེས་ཡིན་མོད།
དེ་ཡང་སྤྱི་ཚོགས་དང་འཚམས་པ། མིའི་གནས་བབས་སམ་སྒྲིག་གཞི་དེའི་འོག་གི་མིའི་གནས་བབས་དང་ངེས་པར་དུ་འཚམས་དགོས་པ་ལས། སྒྲིག་གཞི་དམ་དྲག་ཆེ་དྲགས་ན་མི་ལ་ཕན་པ་ལས་གནོད་དུ་འགྱུར་སྲིད།
གཙོ་བོ་བཤད་འདོད་པ་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་སློབ་གྲྭའི་སྒྲིག་གཞིའི་སྐོར་ལ་བསམ་གཞིག་བྱེད་སྐབས། སྒྲིག་གཞི་ཁ་ཤས་སློབ་མ་གསོ་སྐྱོང་དང། སྲུང་སྐྱོབ་ལ་ཕན་པའི་ཚབ་ཏུ་སློབ་མ་སུན་སྣང་སྐྱེ་འཇུག་པ་དང། གཉའ་གཅོག་བྱེད་ལྟ་བུར་གྱུར་ན་སྒྲིག་གཞི་དེར་ཚབས་ཆེའི་ནོར་འཁྲུལ་ཡོད་པ་རེད། སྒྲིག་གཞི་དམ་དྲག་ཆེན་པོའི་འོག་གི་སློབ་མ་དེ་ཅུང་གུ་ཡངས་ས་ཞིག་ཏུ་སླེབས་དུས་ནོར་འཁྲུལ་མངོན་སུམ་དུ་ཤོར་གྱི་ཡོད། དཔེ་མཚོན་ཙམ་བཀོད་ན། ཉེ་ཆར་མ་སུ་རི་བོད་ཁྱིམ་གྱི་སློབ་མ་ཁག་ཅིག་འཁྲིག་སྤྱོད་ཀྱི་གནད་དོན་འོག་ཕྱིར་ཕུད་བཏང་བ་རེད། དེ་ནི་དངོས་ཡོད་མིའི་ནོར་འཁྲུལ་ཞིག་མིན་ནའང། སློབ་མའི་སྒྲིག་གཞིར་འགལ་བ་དང། སློབ་མའི་ཀུན་སྤྱོད་དང་དེ་ཙམ་མ་འཚམས་པ་ལས། བསམ་ཡུལ་ལས་འདས་པའི་ནོར་འཁྲུལ་ཚབས་ཆེན་ཞིག་མ་ཡིན་པ་སྐྱེ་བོ་ཀུན་གྱིས་ཤེས་ངེས། མི་བསད་པ་དང། འཕྲོག་བཅོམ་བྱས་པ། འཇིགས་སྐུལ་བྱས་པ། བཙན་གཡེམ་བྱས་པ་ལྟ་བུ་མིན་ལ། རྟག་པར་སྒྲིག་གཞི་རྩིས་མེད་བཏང་ནས། དགེ་སློབ་ཚང་མས་སྟངས་འཛིན་བྱེད་མ་ཐུབ་པ་ཞིག་ཀྱང་རེད་མི་འདུག ཐེངས་གཅིག་གི་ནོར་འཁྲུལ་ལ་ཉེན་བརྡ་དང། སློབ་མར་དཔག་པའི་ཉེས་ཆད་ཅིག་སྒྲིག་གཞིའི་ནང་དུ་མེད་པ་ནི་བློ་ཕམ་བྱེད་དགོས་པ་ཞིག་རེད། ཚང་མ་ཕྱིར་ཕུད་བཏང་བ་དེས་སློབ་མ་གསོ་སྐྱོང་བྱེད་མ་ཐུབ་པར་མདུན་ལམ་བརླག་བྱེད་ཀྱི་ཐག་གཅོད་ཅིག་ཏུ་གྱུར་འདུག ལོ་ན་༡༡ དང་༡༣ ཅན་གྱི་སློབ་མ་ཡང་ཡོད་པས། ཕྲུ་གུ་ལོ་ན་མ་སྨིན་པ་རྒྱང་ཕུད་བཏང་བ་ནི་མིའི་ཀུན་སྤྱོད་དང་མི་མཐུན་ལ། སྤྱི་ཚོགས་ཀྱི་གནས་བབས་དང་ཡང་འཚམས་ཀྱི་མེད་པ་རྗེས་སུ་མང་ཚོགས་ནང་དེའི་སྐོར་གླེང་སློང་བྱེད་ཕྱོགས་ཀྱིས་མངོན་སུམ་དུ་གྲུབ་ཡོད།
སྤྱིར་བཏང་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་སྒྲིག་གཞི་ཧ་ཅང་དམ་དྲག་ཆེན་པོ་རེད། བུ་དང་བུ་མོ་མཉམ་དུ་འགྲོགས་གཤིབ་ཙམ་ལ་བཀག་འགོག་ཡོད་པ་དེས་ཀྱང་ན་གཞོན་ཚོའི་སེམས་ཁམས་དང་འབྲེལ་ལམ་ལ་གནོད་ཀྱི་ཡོད། དྷ་ས་བོད་ཁྱིམ་སློབ་གྲྭའི་སློབ་མ་ཆེ་བ་སྡོད་གནས་ཁག་ལྟ་བུར་མཚོན་ན། གཟའ་སྤེན་པ་གཉིས་པའི་སྐབས་ཀྱང་གུང་སེང་ལ་འགྲོ་ས་མེད་མཁན་ཚོ་ཕྱི་ལོགས་སུ་འཆམ་འཆམ་ལ་འགྲོ་རྒྱུར་ཡང་བུ་དང་བུ་མོ་རེས་སྐོར་བ་ལས། མཉམ་དུ་འགྲོ་འཇུག་གི་མེད་ལ། ཟླ་བ་གཅིག་ནང་ཉིན་གཅིག་ལས། སློབ་གྲྭའི་རྒྱལ་སྒོ་བརྒལ་ཐུབ་ཀྱི་མེད། དེ་ནི་སློབ་མ་ལ་རང་ཚུགས་མེད་པ་དང། བྱེད་སྟངས་མི་ཤེས་པའི་བླུན་པོར་བརྩི་རྒྱུ་མང་དྲགས་པ་མིན་ནམ་སྙམ། བུ་དང་བུ་མོར་རང་གཤིས་ཀྱི་བསམ་ཚུལ་མ་འདྲ་བ་ཡོད་པ་ཤེས་རྟོགས་དང། བསམ་ཚུལ་རྒྱུས་ལོན། སྤྱི་ཚོགས་ནང་དུ་འགྲོ་སྐབས་ཕན་ཚུན་བསྟུན་མཁས་བྱེད་རྒྱུས་མཚོན། སྤྱིར་བཏང་ཤེས་བྱ་ལ་གནོད་ཀྱི་ཡོད་པ་མ་ཟད། ཉིན་རེའི་སློབ་ཚན་སྦྱོང་བརྡར་ལ་ཡང་གནོད་མི་སྲིད་པ་མིན། དེ་བས་ཕན་ཚུན་གྱི་མཐུན་སྒྲིལ་ལ་ཡང་གནོད་པ་ནི་སྨོས་མེད་རེད། དེང་སྐབས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་མི་དང་མིའི་བར་དུ་སྐད་ཆ་བཤད་རྒྱུའི་གོམས་གཤིས་བརླགས་ཏེ། ཁེར་བཤད་དང། དུད་འགྲོ་དང་མཉམ་དུ་སྐད་ཆ་བཤད་ནས་སྡོད་པ་ལྟ་བུ་དང། གྲོགས་མེད་ཁེར་རྐྱང་གི་ཚོར་སྣང་འོག་སེམས་ཁམས་ལ་བདེ་ཐང་མེད་པར་འགྱུར་མཁན་མང་དུ་འགྲོ་བཞིན་ཡོད། བཙན་བྱོལ་ནང་དུ་འཚར་ལོངས་བྱུང་བའི་གཞོན་སྐྱེས་ཚོ་ཡང་ལམ་ཁ་ལྟ་བུར་ཐུག་སྐབས་བུ་དང་བུ་མོའི་བར་ལ་སྐད་ཆ་བཤད་རྒྱུའི་གོམས་གཤིས་ཉུང་དུ་འགྲོ་བཞིན་འདུག རྒྱུན་དུ་གཤིབས་ནས་སྡོད་མཁན་ཞིག་ཡིན་ན་ཕོ་མོའི་བར་དུ་ཕན་ཚུན་མཛའ་བརྩེ་ཟབ་ལ། བརྩི་བཀུར་ཡོད་པ་འཇིག་རྟེན་ཆོས་ཉིད་ཡིན་པས། གཅིག་ཕན་གཅིག་གྲོགས་ལས་ཚུལ་མིན་གྱི་བྱ་སྤྱོད་ཀྱང་ཉུང་བ་ཡོད་པ་མ་ཟད། རྒྱུས་ཡོད་པར་བརྟེན། གཅིག་གིས་གཅིག་ལ་དོགས་པ་རྣམ་རྟོག་རྐྱང་རྐྱང་དགོས་དོན་མེད། གལ་སྲིད་སྤྱིར་བཏང་ནོར་འཁྲུལ་མ་ཡིན་ཡང། སློབ་མའི་གནས་བབས་དང་མ་འཚམས་པའི་ནོར་འཁྲུལ་ཤོར་ནའང། ཀུན་གྱིས་མིག་ལམ་དུ་མི་མཛེས་པ་དང། མ་འོངས་པའི་མདུན་ལམ་ལ་གནོད་གཞིའི་རིགས་ཉུང་གི་རེད། དམ་དྲག་དེ་ཙམ་མེད་པའི་འོག་གི་སློབ་མ་འཛིན་ཁང་དུ་སླེབས་པ་དང་འཁྲིག་སྤྱོད་ཀྱི་བྱ་སྤྱོད་འགོ་བཙུགས་དགོས་དོན་དེ་བས་མེད། སློབ་གྲྭ་དེ་དག་གི་ནང་གུང་སེང་ལ་སོང་ནས་ཚུར་སླེབས་རྒྱུར་ཉིན་གཉིས་རྗེས་ལུས་ཆགས་ནས་ཕྱིར་ཕུད་བཏང་བ་ཡང་ཡོད། སློབ་མ་སྒྲིག་འགལ་བྱུང་ན། ངལ་རྩོལ་གྱི་ཉེས་ཆད་དང། སློབ་སྦྱོང་གི་ཉེས་ཆད་སོགས་སློབ་མར་ཕན་ཐོགས་ཡོད་པའི་ཉེས་ཆད་གཅོད་རྒྱུ་མང་པོ་ཡོད།
ཕྱོགས་གཞན་ཞིག་ནས་བཤད་ན། ཅོན་ཏཱ་ར་བོད་ཁྱིམ་སློབ་གྲྭའི་སྒོ་རུ་ང་ཐེངས་དང་པོ་སླེབས་སྐབས། ལྕགས་སྒོ་ཆེན་པོ་ཞིག་བརྟན་པོ་བརྒྱབ་འདུག་ལ། དེར་ཟླ་རེའི་ནང་གཟའ་སྤེན་པ་གཉིས་པ་ལས་སློབ་མ་རྒྱལ་སྒོའི་ཕྱི་ལོགས་སུ་འགྲོ་མི་ཆོག་པ་དང། ཕྱི་ལོག་གི་མི་ནང་དུ་ཐུག་འཕྲད་ལ་ཡོང་མི་ཆོག་སྐོར་བྲིས་འདུག ཟླ་བ་གཅིག་རིང་སློབ་མའི་སེམས་ཁམས་སློབ་གྲྭའི་ཁོར་ཡུག་གཅིག་པུའི་ནང་དུ་སྡོད་ཐུབ་བམ། ཅི་ཡང་མཐོང་རྒྱུ་མེད་པའི་ཁོར་ཡུག་དེའི་ནང་སློབ་མ་སུན་སྣང་སྐྱེ་བ་ལས། སློབ་སྦྱོང་ཚད་ལྡན་ཞིག་ཡོང་རྒྱུ་ཧ་ཅང་ཁག་པོ་རེད། དེ་ནི་ཆོས་ཁོ་ན་ཉམས་ལེན་བྱེད་མཁན་གྱི་སྒོམ་ཆེན་ཞིག་ཡིན་ན་མ་གཏོགས་སེམས་རྣལ་དུ་ཕབ་རྒྱུ་ཧ་ཅང་དཀའ། སྒྲིག་གཞི་དགོས་པ་མ་རེད་ཟེར་གྱི་མེད་མོད། སློབ་མ་ཚོ་གཟའ་ཉི་མར་ཕྱི་ལོག་ཏུ་འཆམ་འཆམ་ལྟ་བུར་ཕྱིན་ནས་སློབ་གྲྭ་ལ་ཚུར་ལོག་ཡོང་ན་སེམས་གུ་ཡངས་པ་དང། མཐོང་རྒྱ་ཡང་ནང་ནས་བཀག་པ་ལས་ཡག་ཅིག་ཡོང་ངེས་རེད། གོང་གི་སློབ་གྲྭ་རྣམས་དཔེ་མཚོན་དུ་དྲངས་པ་ལས། བཙན་བྱོལ་ནང་གི་སློབ་གྲྭ་མང་ཆེ་བའི་སྒྲིག་གཞི་དེ་ལྟར་ཡིན་ཚོད་འདུག
སློབ་མ་ཚོ་སློབ་གྲྭའི་ཁོར་ཡུག་ཏུ་སྡོད་འདོད་མེད་པ་དང། གང་བྱུང་སྒྲིག་འགལ་བྱེད་པའི་རིགས་གཅིག་ནི་འཚོ་བའི་མཐུན་རྐྱེན་དང་ཡང་འབྲེལ་བ་ཡོད། བོད་ཁྱིམ་ཁག་ལ་མཚོན་ན་སློབ་མ་མང་ཆེ་བའི་ཕ་མ་རྒྱ་གར་དུ་མེད་པའི་ཕྲུ་གུ་ཡིན་པས། ཕ་མ་དང་དགེ་རྒན། སློབ་གྲྭ་གཞུང་གི་གོ་སྒྲིག་དགོས་པས་སློབ་གྲྭ་གཞན་ལས་དཀའ་ངལ་ཡང་ཆེ་བ་ཡོད། འགྲོ་གྲོན་ཆ་ཚང་གཏོང་གི་ཡོད་མོད། འཚོ་བའི་སྤུས་ཚད་ཞན་པོ་ལས་གཏོང་མ་ཐུབ་ན། འཛིན་གྲྭ་བཅུ་གཉིས་མཐར་མ་ཕྱིན་བར་དུ་སློབ་མ་མང་པོ་ཞིག་ལ་སློབ་གྲྭའི་ཐབ་ཚང་ལས་ཇ་ཚ་པོ་ཞིག་ཀྱང་རག་ས་མེད་ཅེས་བཤད་ཀྱང་མི་ཆོག་པ་མེད། དེར་བརྟེན་སློབ་གྲྭ་གཞན་ལས་ཟས་གོས་ཀྱང་བཟང་དུ་གཏོང་ཐབས་དགོས་པ་ནི་སྨོས་མེད་རེད། མདོར་བསྡུས་ན། འཚོ་བའི་མཐུན་རྐྱེན་གང་འཚམས་འཛོམས་པོ་དང། དགེ་རྒན་དང་ཕ་ཚབ་མ་ཚབ་ཀྱི་བྱམས་སྐྱོང་སོགས་ཀྱིས་སློབ་མ་ཕྱི་ལོགས་སུ་སོང་ན་ཡང། ཕར་སློབ་གྲྭའི་ནང་དུ་ལོག་རྒྱུར་དགའ་སྣང་ཡོད་པའི་ཁོར་ཡུག་ཅིག་བསྐྲུན་ཐུབ་ན། བཙན་བྱོལ་བོད་མིའི་གཞོན་སྐྱེས་ཚོ་བོད་མི་ཚད་ལྡན་ཞིག་ཡོང་ངེས། དེ་མིན་སློབ་གྲྭའི་ནང་དུ་སྡོད་རྒྱུར་སུན་སྣང་སྐྱེ་བ་དང། ཕྱི་ལོགས་སུ་དཀའ་ངལ་འཕྲད་ནས། རྐུ་བྱེད་པ་དང། ཐ་མ་ནག་པོ་འཐེན་མཁན་སོགས་འདྲ་མིན་ཡོང་ངེས་རེད། སྤྱིར་སློབ་གྲྭ་བཀའ་དྲིན་ཆེན་པོ་ཡིན་མོད། ལས་དོན་བྱེད་ཕྱོགས་ལ་རང་གི་བསམ་ཚུལ་ཙམ་བརྒྱུད་ལམ་དུ་ཕུལ་བ་ཡིན་པས། ཐུགས་སྣང་གནང་རིན་ཡོད་མེད་ལས་ཀྱི་སྣེ་མོ་བ་རྣམ་པས་གཟིགས་རོགས་མཁྱེན། ད་ཐེངས་དེ་ཙམ་ཡིན་ལ། མུ་མཐུད་དུ་སློབ་གྲྭའི་གནས་བབས་ཡག་ཉེས་གཉིས་ཀའི་སྐོར་གླེང་རྒྱུ་ཡོད་མོད། ངའི་སྡུག་སྐད་དེ་སུས་གོ་ཡི་ཡོད་དམ།།
{jcomments on}