ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་བཀའ་ཁྲིའི་སྐོར་གྱི་དྲིས་ལན།

dolma2-august4ཟླ་འདིའི་ཚེས་༤ ཉིན་གྱི་སྔ་དྲོ་ཆུ་ཚོད་༡༡ ཐོག་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང། སྐབས་དེར་ཁོང་གིས་སྐབས་གསུམ་པའི་བཀའ་བློན་ཁྲི་པར་བཞེངས་རྒྱུ་ཡིན་པ་ཐག་བཅད་ཟིན་སྐོར་འགྲེལ་བརྗོད་གནང་སོང།

ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་གསུང་དོན། ད་ལྟ་བཙན་བྱོལ་སྤྱི་ཚོགས་ནང་བོད་མི་མང་སྤྱི་འཐུས་དང། བཀའ་བློན་ཁྲི་པ་འོས་འདེབས་སྐོར་ལ་སྔར་ལྷག་དོ་སྣང་བྱེད་ཀྱི་འདུག སྐབས་འདིར་ང་རང་སྒེར་གྱི་ངོས་ནས་མ་འོངས་བྱེད་ཕྱོགས་ལ་འབྲེལ་བ་ཡོད་པའི་གསར་འགོད་གསལ་བསྒྲགས་འདི་སྤེལ་བ་ཡིན། ངས་བོད་མི་མང་སྤྱི་འཐུས་སྐབས་བཅོ་ལྔ་པའི་འོས་མིའི་ནང་མི་ཞུགས་རྒྱུ་ཐག་བཅད་ཚར་བ་ཡིན། ང་སྤྱི་འཐུས་ཡོང་ཁོངས་མདོ་སྟོད་རེད། ལོ་༡༩ ལྷག་ལ་མི་མང་གིས་འཐུས་མི་གནང་རྒྱུའི་གོ་སྐབས་སྤྲད་པར་མདོ་སྟོད་མི་མང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནང་དམ་བཅའ་ཕུལ་བའི་རྗེས་སྤྱི་མི་ཞིག་བྱས་ཏེ་ལས་ཀ་བྱེད་དགོས་པ་རེད། དེ་ནས་སྤྱི་འཐུས་ཚོགས་གཞོན་བྱེད་རྒྱུའི་གོ་སྐབས་ལོ་བརྒྱད་ལྷག་བྱུང་བ་རེད་ལ། དེའི་རིང་རང་ནུས་གང་ཡོད་ཀྱིས་ལས་ཀ་བྱས་པ་ཡིན། ང་རང་མཐོ་རིམ་སློབ་གྲྭར་འགྲོ་སྐབས། སྤྱི་སྒེར་ཚོགས་པ་ཁག་གི་ནང་ལས་ཀ་བྱེད་སྐབས། བུད་མེད་ཀྱི་ཐོབ་ཐང་དགོས་ཀྱི་འདུག་ཅེས་བཤད་མཁན་ཞིག་མིན་ལ། མི་ཚེའི་ནང་བུད་མེད་ཡིན་པར་བརྟེན། ཐུབ་ཚོད་གཏོང་མཁན་ཡང་བྱུང་མྱོང་མེད་མོད། རང་གཞིན་གྱིས་སོ་སོ་བུད་མེད་ཅིག་ཡིན་པས། མདུན་ལ་ཡོང་རྒྱུར་དཀའ་ངལ་ཏོག་ཙམ་ཡོད་པ་རེད། དེ་ལ་བརྟེན་ནས་ད་ལྟར་བར་དུ་མདུན་ལ་ཐོན་ནས་གསལ་བསྒྲགས་བྱེད་མ་ཐུབ་པ་ལྟ་བུ་རེད། ང་ལོ་བཅུ་བཞི་བཅོ་ལྔ་ནས་འཐབ་རྩོད་པ་ཞིག་གི་ངོ་བོའི་ཐོག་ནས་ལས་ཀ་བྱས་པ་ཡིན། བཅའ་ཁྲིམས་རིན་པོ་ཆེ་དང། ༧གོང་ས་མཆོག་གི་ལམ་སྟོན་འོག་ཕོ་མོ་འདྲ་མཉམ་ཡོད་པ་རེད། དེའི་གོ་སྐབས་ལེན་རྒྱུར་བུད་མེད་རང་མདུན་ལ་ཐོན་དགོས་པ་དེ་གལ་ཆེན་པོ་རེད། བོད་ལྷ་ཆོས་སྐྱོང་སྲུང་མ་གཙོས། མི་མང་གིས་གོ་སྐབས་གནང་ན་ང་ལ་འགན་འཁུར་རྒྱུའི་འདོད་པ་དང་ལྷག་བསམ་ཡོད་ཅེས་གསལ་བསྒྲགས་བྱེད་ཀྱི་ཡིན་ཞེས་གསུངས་སོང།

དྲི་བ། སྐུ་ཉིད་བཀའ་ཁྲིར་བཞེངས་རྒྱུ་ཐག་ཆོད་ཟིན་པས། དམིགས་བསལ་གྱི་ལས་འཆར་དེ་འདྲ་ཡོད་དམ།
dolma2-august12ལན། ད་ལྟའི་གཞུང་གི་སྲིད་ཇུས་ལ་བཀའ་བློན་ཁྲི་པ་གསར་པ་སླེབས་ནས་འགྱུར་བ་འགྲོ་ཡི་མེད་པ་དེ་ཚང་མས་མཁྱེན་གསལ་རེད། ཟམ་གདོང་རིན་པོ་ཆེས་བཀའ་ཁྲི་མ་གནང་སྔོན་ནས། དབུ་མའི་ལམ་གྱི་སྲིད་ཇུས་གཏན་ལ་ཕབ་ཡོད་པ་རེད། ཡིན་ནའང་རིན་པོ་ཆེ་༢༠༠༡ ལོར་བཀའ་ཁྲིར་བདམས་པ་དང། ༢༠༠༢ ལོར་རྒྱ་ནག་མཉམ་དུ་འབྲེལ་མཐུད་སླར་གསོ་བྱུང་བ་རེད། སྲིད་ཇུས་དེ་རང་གི་ཐོག་ཏུ་བཙན་བྱོལ་གཞུང་གི་དགོས་འདུན་གང་ཡིན་ཡིག་ཐོག་ནས་སྤྲོད་ཐུབ་པ་མ་ཟད། རྗེས་སུ་འགྲེལ་བཤད་ཀྱང་ཞིབ་ཚགས་པོ་ཡིག་ཐོག་ཏུ་འཁོད་ཐུབ་པ་བྱུང་བ་རེད་མ་གཏོགས་སྲིད་ཇུས་ལ་འགྱུར་བ་ཕྱིན་ཡོད་པ་མ་རེད།
ང་ལ་མཚོན་ན་དབུ་མའི་ལམ་གྱི་སྲིད་ཇུས་སྤྱི་འཐུས་ལྷན་ཚོགས་ནང་གཏན་འབེབས་མ་བྱས་སྔོན་ནས། གྲོས་ཚོགས་ནང་གི་སྤྱི་འཐུས་རེད། གྲོས་ཚོགས་ནང་གཏན་འབེབས་བྱེད་སྐབས་ཡང་སྤྱི་འཐུས་རེད། ༢༠༠༢ ལོ་ནས་རྒྱ་ནག་མཉམ་དུ་འབྲེལ་མཐུད་སླར་གསོ་བྱེད་སྐབས་གྲོས་ཚོགས་ཀྱི་ཚོགས་གཞོན་གྱི་འགན་ཁུར་ཡོད་པ་དང། ཚོགས་གཞོན་བྱས་ནས་ད་ལྟ་བར་ལོ་བརྒྱད་ལྷག་འགྲོ་ཡི་ཡོད་པས། དེའི་རིང་ང་ཚོགས་གཞོན་ཡིན་པས། ད་ལྟ་འབྲེལ་མཐུད་འགྲོ་བཞིན་པ་འདི་དང། དབུ་མའི་ལམ་གྱི་སྲིད་ཇུས་དང་འབྲེལ་བའི་ལས་འཆར་མང་པོར་གོ་རྟོགས་ཡོད་པ་དང། ཤེས་ཐུབ་པ་ཆགས་ཡོད་པ་རེད།
སྲིད་ཇུས་ག་འདྲ་ཞིག་ཡིན་ནའང། སྒོས་སུ་ཆབ་སྲིད་ཀྱི་སྲིད་ཇུས་དུས་དང་དགོས་མཁོ་ལ་བསྟུན་ནས་འགྲོ་དགོས་པ་རེད། དབུ་མའི་ལམ་གྱི་སྲིད་ཇུས་ཡང། ང་ཚོའི་དགོས་འདུན་དེ་རྒྱ་ནག་གཞུང་གིས་མོས་མཐུན་མ་བྱས་བར་དུ་འགྱུར་བ་འགྲོ་མི་སྲིད་པ་མ་རེད། ད་ལྟའི་ཆར་གཞུང་གི་དབུ་མའི་ལམ་གྱི་སྲིད་ཇུས་ལ་འགྱུར་བ་འགྲོ་དགོས་པ་རེད་བསམ་གྱི་མེད། ཡིན་ནའང། བཀའ་བློན་ཁྲི་པའི་འགན་ཁུར་མཁན་ལ་འགྱུར་བ་སོང་ན། སྲིད་ཇུས་ལ་འགྱུར་བ་མ་སོང་ཡང། དཔེར་ན། ཐུག་པ་ཞིག་བསྐོལ་ཡང། བཟོ་མཁན་གྱི་ཆ་ནས་བྲོ་བ་མ་འདྲ་བ་ཡོང་གི་རེད། དེ་བཞིན་སྲིད་ཇུས་ལ་འགྱུར་བ་མ་ཕྱིན་ཡང། ཕྱག་ལས་གནང་སྟངས་དང། འགྲོ་སྟངས་མང་པོར་འགྱུར་བ་འགྲོ་སྲིད་པ་རེད་ལ། འགྱུར་བ་འགྲོ་རྒྱུ་དེ་རང་བཞིན་ལྟ་བུ་རེད། ང་ལ་མཚོན་ན་མི་ཚེ་གཅིག་ལ་འཐབ་རྩོད་པ་ཞིག་གི་ངོ་བོའི་ཐོག་ནས་ལས་ཀ་བྱེད་མཁན་ཞིག་ཡིན་པས། གལ་ཏེ་ང་འོས་འདེམས་བྱུང་ན། འཐབ་རྩོད་པའི་ངོ་བོ་དང་དང། འཐབ་རྩོད་པའི་དྲི་མ་ལྟ་བུ་དེ་ཏན་ཏན་ཡོང་གི་རེད་བསམ་གྱི་འདུག

དྲི་བ། ད་ལྟ་བློ་བཟང་སེང་གེ་ལགས་བཀའ་བློན་ཁྲི་པར་སླེབས་ཆེད་ས་གནས་གང་སར་ཕེབས་ཀྱི་ཡོད་པ་རེད། ཁྱེད་རང་ལ་དེ་ལྟ་བུའི་འཆར་གཞི་ཡོད་དམ།
dolma2-august2ལན། དེ་ལྟར་འགྲོ་འདོད་མེད་པ་མིན་མོད། ལས་འགན་གྱི་ཆ་ནས། འགྲོ་ཐུབ་ཀྱི་མི་འདུག ད་ལྟ་ཚོགས་ཆེན་གྲ་སྒྲིག་བྱེད་ཀྱི་ཡོད་པ་རེད། ཟླ་འདིའི་ཚེས་༡༥ ཙམ་ནས་སྦེལ་ཀོབ་ཏུ་སོང་ནས། བོད་རྒྱལ་ཡོངས་ཚོགས་ཆེན་དང། བརྟན་བཞུགས། ལོ་ལྔ་བཅུ་འཁོར་བའི་མང་གཙོའི་དུས་དྲན་གྲ་སྒྲིག་སོགས་དགོས་པས། ཕྱི་ཟླ་༩ པའི་ཚེས་༤།༥ བར་དུ་དེར་ལྷག་འགྲོ་ཡི་རེད། དེ་རྗེས་གྲོས་ཚོགས་འཚོག་དགོས་པ་རེད། མང་གཙོའི་འགྲོ་སྟངས་ཀྱི་ཆ་ནས་མང་ཚོགས་ནང་སོང་ནས། གོ་སྐབས་གནང་རོགས་ཟེར་དགོས་པ་གལ་ཆེན་པོ་རེད་མོད། ཕྱི་ཟླ་༡༠ པའི་ཚེས་༣ སྔོན་ལ་ས་གནས་སུ་འགྲོ་མི་ཐུབ་པས། མི་མང་གིས་བཀའ་ཁྲིའི་འོས་མིར་སུ་བཞག་ནའང། གྲངས་ཀའི་ནང་དུ་ང་ཡང་འཇོག་རྒྱུའི་རེ་བ་བྱས་ཏེ། གསར་འགོད་ལྷན་ཚོགས་འདི་བསྐོངས་པ་ཡིན།

དྲི་བ། གྲོས་ཚོགས་ནས་དགོངས་པ་ཞུས་ནའང་འགྲིག་པ་རེད། ཡིན་ཡང་སྐུ་ཉིད་ཀྱིས་གྲོས་ཚོགས་ནང་མུ་མཐུད་ཕྱག་ལས་གནང་རྒྱུ་དེ་གལ་ཆེན་པོར་བརྩི་ཡི་ཡོད་དམ། ཡང་ན་བཀའ་ཁྲིའི་འོས་ཐོབ་ཆེད་ས་གནས་མི་མང་ནང་ཕེབས་རྒྱུ་དེ་གལ་ཆེན་པོར་བརྩི་ཡི་ཡོད།
ལན། ངས་གྲོས་ཚོགས་ནང་ལོ་༡༩ ལྷག་ཞབས་ཕྱི་ཞུས་པ་དང། སྤྱི་ཚོགས་ནང་ལོ་༣༠ ལྷག་ལ་ཞབས་ཕྱི་ཞུས་པ་ཡིན། དེའི་ཐོག་ལ་མི་མང་གིས་དགོངས་པ་བཞེས་རྒྱུ་མེད་འགྲོ། དེ་མིན་གནམ་ནས་མར་བབས་པ་དང། ས་ནས་ཡར་ཐོན་པ་ལྟ་བུ། གཞི་ནས་འགྲོ་དགོས་པ་མི་དགོས་པ་དང་གལ་ཆེན་པོ་མ་རེད་ཟེར་གྱི་མེད་མོད། མི་མང་གིས་དེའི་ཐོག་དགོངས་པ་བཞེས་རྒྱུའི་རེ་བ་རྒྱག་གི་ཡོད། ལྷག་པར་དུ་ད་ལྟ་སྤྱི་འཐུས་ནང་ངས་འགན་ཁུར་རྒྱུ་ཡིན་ཞེས་དམ་བཅའ་ཕུལ་ཡོད་པ་རེད། ཚོགས་གཞོན་གྱི་འོས་ཐོབ་པ་དང་༧གོང་ས་མཆོག་གི་མདུན་ནས་དམ་བཅའ་ཕུལ་ཡོད་པ་རེད། ད་ལྟའི་ལས་གནས་དེ་ངས་གལ་ཆེ་བར་བརྩི་ཡི་ཡོད། དེ་ཆ་ཚང་འགྲུབ་པ་དང། ཕྱི་ཟླ་༡༠ པའི་ནང་འོས་འདེམས་རྗེས་གལ་ཏེ་སྔོན་འགྲོའི་ནང་སླེབས་ན། གང་ཐུབ་ས་གནས་སུ་འགྲོ་རྒྱུར་བསམ་བློ་གཏོང་གི་ཡོད།

དྲི་བ། སྐུ་ཉིད་ཀྱིས་བཀའ་ཁྲི་གནང་ན་ནུས་པ་ཆེ་ཤོས་གང་ལ་ཐོན་གྱི་རེད་དགོངས་ཀྱི་ཡོད།
ལན། མང་གཙོའི་སྒྲོམ་གཞིའི་ནང་འཛིན་སྐྱོང་གི་ལས་ཀའི་ངོ་བོ་ལོག་ཀ་རེད། སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཀ་ཁྲིམས་བཟོ་དང། གཞུང་གི་ལས་ཀ་བྱེད་ཕྱོགས་ལ་རྟོགས་ཞིབ་བྱེད་རྒྱུ་དེ་རེད། སྲིད་ཇུས་གཏན་འབེབས་གྲོས་ཚོགས་ནས་བྱེད་ཀྱི་ཡོད་པ་དང། ལག་བསྟར་འཛིན་སྐྱོང་གིས་བྱེད་ཀྱི་ཡོད་པས། ང་ལ་མཚོན་ན་ལོ་བཅུ་དྲུག་ལྷག་ལ་རྟོགས་ཞིབ་བྱེད་མཁན་བྱས་ནས་བསྡད་པར་བརྟེན། རང་བཞིན་གྱིས་དོན་དག་མང་པོའི་ཐོག་རང་ནུས་འདོན་ཐུབ་པ་ཡོང་གི་འདུག བཀའ་ཁྲི་གསར་པ་སླེབས་ནས་སྲིད་ཇུས་འགྱུར་བ་འགྲོ་ཡི་མ་རེད།
འགྱུར་བ་སོང་ནའང་ཏག་ཏག་འདུག་གི་མ་རེད། ཡིན་ནའང་གསར་པ་ཡོང་ཐུབ་ཀྱི་རེད། སྲིད་ཇུས་མང་པོ་ཞིག་དུས་བཀག་dolma2-august5གི་སྲིད་ཇུས་རེད། དཔལ་འབྱོར་སྒེར་བདག་ཅན་དུ་བསྒྱུར་བ་སོགས་ཕྱིར་ལོག་བྱེད་ས་མེད་པ་རེད། ༡༩༥༩ ལོར་བཙན་བྱོལ་དུ་འབྱོར་ནས། ད་ལྟའི་བར་རྒྱལ་ཁབ་མང་པོའི་རོགས་རམ་འོག་གཞིས་ཆགས་བཙུགས་ཐུབ་པ་དང། ཕྱི་རྒྱལ་དུ་གཏོང་ཐུབ་པ་སོགས་བྱས་པ་རེད་མོད། ང་ཚོའི་སྤྱི་ཚོགས་ནང་མི་འབོར་འཕར་གྱི་ཡོད་པ་རེད། བོད་ནང་ནས་སྐྱབས་བཅོལ་དུ་ཡོང་མཁན་མང་པོ་རེད། འབྲུག་ནས་༡༩༧༠ ལོའི་ནང་ཛ་དྲག་ཆགས་ནས་བོད་མི་སྐྱབས་བཅོལ་གཉིས་པར་རྒྱ་གར་དུ་ཡོང་མཁན་ཚོར་རྒྱ་གར་གཞུང་གིས་གཞིས་ཆགས་གནང་བ་རེད། བཀའ་དྲིན་ཆེན་པོ་རེད། དེ་བཞིན་བཙན་བྱོལ་ནང་གསར་དུ་འབྱོར་མཁན་ཚོར་ང་ཚོས་གཟིགས་རྟོགས་གནང་གི་ཡོད་པ་རེད་མོད། གཟིགས་རྟོགས་གནང་སྟངས་ཀྱི་སྲིད་ཇུས་ལ་འགྱུར་བ་ཁ་ཤས་དགོས་ཀྱི་འདུག དེ་བཞིན་སྔོན་མ་ཕྱི་རྒྱལ་ལ་གཞུང་གིས་བོད་མི་མང་པོ་བཏང་བ་རེད། ད་ལྟའང་གནས་སྟངས་འདྲ་མིན་གྱི་ཐོག་ནས་ཕྱི་རྒྱལ་ལ་འགྲོ་མཁན་ཡོད་པ་དང། རྒྱ་བལ་འབྲུག་གསུམ་ཕུད་པའི་ཕྱི་རྒྱལ་ཁག་ཏུ་ཡོད་མཁན་ཚོས་ཀྱང་བོད་བསྟན་སྲིད་ཀྱི་ཆེད་དུ་ནུས་པ་ཆེན་པོ་ཐོན་ཡོད་པ་རེད། ཡིན་ནའང་དཀའ་ངལ་གསར་པ་ཞིག་ཡོད་པ་རེད། དེ་ཚོར་དགོངས་པ་བཞེས་དགོས་ཀྱི་འདུག
དེ་བཞིན་གཞིས་ཆགས་སྲ་བརྟན་དང། སོ་ནམ་ཞིང་ལས་གལ་ཆེན་པོ་རེད། ཡིན་ཡང་ང་ཚོའི་སྤྱི་ཚོགས་ནང་ཡོང་འབབ་ཆེ་ཤོས་དེ་བལ་གོས་ཀྱི་ཚོང་ལས་རེད། ལོ་རེ་བཞིན་ཁོང་ཚོའི་དཀའ་ངལ་ཇེ་ཆེར་འགྲོ་ཡི་ཡོད་པས། དེ་ཚོར་སྲིད་ཇུས་དགོས་ཀྱི་འདུག ཤེས་ཡོན་སྲིད་ཇུས་ཡིན་ནའང། དངོས་གནས་དཀའ་ངལ་ག་རེ་འདུག སློབ་སྦྱོང་ཐོན་ཡོང་དུས་ང་ཚོས་ཚང་མར་ལས་ཀ་སྤྲོད་ཐུབ་ཀྱི་རེད་དམ། སློབ་མའི་ཐོན་ཚད་དང་ལས་གནས་བསྡུར་ན་ཡོང་ཐབས་ཡོད་པ་མ་རེད། བོད་ནས་ཡོང་བའི་སློབ་མ་མང་པོ་རེད། སློབ་སྦྱོང་ཡག་ཤོས་ཡིན་མཁན་ཚོས་ལས་ཀ་ཞིག་རག་གི་རེད་མོད། གཞན་པ་ཚོ་གང་ལ་འགྲོ་དགོས་པ་རེད། དེ་ཚོར་ཞིབ་ཚགས་པོ་བྱས་ནས། བསྒྲུབ་ཐུབ་པའི་ལས་གནས་ལ་གཟིགས་དགོས་ཀྱི་འདུག ཡིན་ནའང་ད་ལྟ་ནས་བཀའ་བློན་ཁྲི་པ་བྱེད་མཁན་ཞིག་གིས་ངས་འདི་བྱེད་ཀྱི་ཡིན་ཞེས་ཐག་གཅོད་བྱས་ན། ཧམ་བཤད་ཆགས་རྒྱུ་མིན་འགྲོ་བསམ་གྱི་འདུག མང་གཙོ་རེད། གྲོས་ཚོགས་ཡོད་པ་རེད། བཀའ་ཤག་དེས་ཡང་འགན་མཉམ་ཁུར་དགོས་པ་རེད། གལ་སྲིད་ང་བཀའ་བློན་ཁྲི་པར་ཐོབ་ན། ལགས་སོ་ཟེར་མཁན་ཙམ་མ་ཡིན་པར། འགན་མཉམ་ཁུར་གྱིས་བགྲོ་གླེང་བྱས་ཏེ། ཐག་གཅོད་བྱེད་ཐུབ་པ་ལ་རེ་བ་རྒྱག་གི་ཡོད།
ང་ཚོར་ས་ཆ་ཡོད་པ་མ་རེད་ལ། དཔལ་འབྱོར་ཡོད་པ་མ་རེད་མོད། མིའི་ནུས་པ་ཡོད་པ་རེད། མིའི་ནུས་པ་མཉམ་རུབ་བྱེད་ཐུབ་དགོས་པ་རེད། བོད་ཀྱི་བདེན་མཐའ་མྱུར་དུ་གསལ་ཆེད་དབུ་མའི་ལམ་གྱི་སྲིད་ཇུས་ཐོག་ནས་ང་ཚོའི་ནུས་པ་ག་རེ་འདོན་དགོས་ཀྱི་རེད། དེ་དབུ་མའི་ལམ་ལ་ཡིད་ཆེས་ཡོང་ཆེད་དུ་མ་རེད། བོད་མི་ས་ཡ་དྲུག་གི་ཆེད་དུ་རེད། རང་བཙན་བཤད་ཀྱི་ཡོད་ནའང་འགྲིག་པ་རེད། དེ་ཡང་ཚོགས་པ་གཅིག་དང་མི་བྱེ་བྲག་པ་ཞིག་གི་དོན་དག་མ་རེད། རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་དོན་དུ་རེད། དེར་བརྟེན། ངས་དེར་ས་མཚམས་དང་དབྱེ་བ་ཆེན་པོ་ཞིག་ཕྱེ་རྒྱུའི་འདོད་པ་མེད། ནུས་པ་གཅིག་ཏུ་བསྒྲིལ་དགོས་པ་རེད། གལ་སྲིད་རྒྱུན་རིང་པོར་བཙན་བྱོལ་ནང་ལྷག་ན། གཞོན་སྐྱེས་ཚོར་མ་རྩ་ཞིག་འཇོག་དགོས་པ་རེད། ལོ་རྒྱུས་ཀྱི་ཐོག་བོད་དང་རྒྱ་ཐ་དད་ཡིན་པ། བཙན་བྱོལ་གཞུང་དེ་བོད་ཀྱི་ཁྲིམས་མཐུན་གྱི་གཞུང་ཡིན་པར་ངོས་འཛིན་བྱེད་རྒྱུའི་ལས་འཆར། མཉམ་འབྲེལ་རྒྱལ་ཚོགས་ནང་སླར་ཡང་ནུས་པ་ཆེན་པོ་ཞིག་འདོན་དགོས་ཀྱི་འདུག་གམ་མི་འདུག་དེ་ཚོར་ཐག་གཅོད་ཆེན་པོ་གནང་དགོས་ཀྱི་རེད་བསམ་གྱི་འདུག ཡིན་ནའང་དེ་ཚོར་དུས་དང་ཆབ་སྲིད་ཀྱི་གནས་བབས་ལ་གཟིགས་དགོས་པ་རེད་བསམ་གྱི་འདུག   རྒྱུན་རིང་པོར་སྐྱབས་བཅོལ་དུ་ལྷག་ན། མི་མང་གི་དཔལ་འབྱོར་གནས་བབས་བརྟན་པོ་དང། བོད་ཀྱི་རིག་གཞུང་གི་ངོ་བོ་སྲ་བརྟན་དགོས་པ་གལ་ཆེན་པོ་རེད། ངས་གནད་འགག་ཆེན་པོར་བརྩི་རྒྱུའི་རིགས་དེ་ཚོ་ཡིན།

དྲི་བ། བཙན་བྱོལ་བོད་མི་རྣམས་རྒྱ་གར་ནང་དུ་རྒྱུན་རིང་བསྡད་ནའང། མི་མང་ཁྲོད་རྒྱ་གར་གྱི་མི་སེར་ལག་ཁྱེར་མ་བཟོས་ན་ལེགས་པར་བརྩི་ཡི་ཡོད་པ་རེད། མང་ཚོགས་ཁྲོད་བཀའ་བློན་ཁྲི་པ་ཡང་རྒྱལ་ཁབ་གཞན་གྱི་མི་སེར་ལག་ཁྱེར་མེད་པར། སྐྱབས་བཅོལ་ལག་ཁྱེར་དང། དཔྱ་ཁྲལ་ལག་དེབ་ཡོད་མཁན་ཞིག་དགོས་ཀྱི་འདུག་ཅེས་གླེང་མཁན་འདུག དེའི་ཐོག་དགོངས་ཚུལ་གང་ཡོད།
ལན། དེའི་ཐོག་བརྒྱ་ཆ་དྲུག་ཅུ་ངའི་བསམ་ཚུལ་ཡང་དེ་ཡིན། དཔེར་ན་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ཚབ་བྱས་ཏེ་ཐུགས་རྗེ་ཆེ་ཟེར་གྱི་ཡོད་པ་དང། བོད་མི་མང་གི་སྐུ་ཚབ་ཡིན་ཞེས་ཟེར་གྱི་ཡོད་པས། སྐྱབས་བཅོལ་བའི་གནས་བབས་ཡོད་ན་བཟང་སྤྱོད་རེད་བསམ་གྱི་འདུག ཡིན་ནའང། ད་ལྟའི་བཙན་བྱོལ་གྱི་གནས་བབས་ལ་བསམ་བློ་བཏང་ན། དེའི་རིགས་དབྱེ་བ་མང་པོ་ཕྱེས་ན་ཁག་པོ་འདུག ད་ལྟའི་དུས་ཚོད་ལ་བོད་མིའི་སྐྱབས་བཅོལ་ནང་ཆབ་སྲིད་ཀྱི་གནས་བབས་དེ་ཁྲིམས་མཐུན་གྱི་སྐྱབས་བཅོལ་ཡིན་མིན་དེ་གཅིག་རེད་ལ། རྒྱལ་ཁབ་གཞན་གྱི་ཡུལ་མི་བྱས་ཚར་བ་གང་ཞིག་ལ། དེའི་བཟའ་ཟླར་ཡང་བོད་ཀྱི་ཡུལ་མིའི་ཐོབ་ཐང་དགོས་ཀྱི་འདུག་ཅེས་སྐད་ཆ་ཞིག་ཀྱང་ཡོད་པ་རེད། དེ་གཉིས་བར་ནས། ད་ལྟའི་སྒྲིག་གཞི་ཡོད་བཞིན་པའི་བོད་མི་ཡིན་པ། བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་བརྒྱད་པའི་ནང་གསལ་བོད་ཀྱི་ཡུལ་མི་ཡིན་པ་དེའི་ཐོག་བཞག་ན་ཡག་པོ་ཡོད་པ་རེད་མ་གཏོགས། ང་རང་སྒེར་ལ་དེའི་ཐོག་བསམ་ཚུལ་ཡོད།
ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་བཀའ་བློན་ཁྲི་པར་བཞེངས་རྒྱུ་ཡིན་པའི་གསལ་བསྒྲགས་གནང་བ་དེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བཀའ་ཁྲིར་བཞེངས་རྒྱུའི་ཡོངས་གྲགས་སུ་གསར་འགོད་གསལ་བསྒྲགས་གནང་བ་ཐོག་མ་དེ་ཆགས་ཡོད་པ་རེད།།

{jcomments on}

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།