ལས་དབང་ཆ་མཐུན།
ཁྱོད་རང་སྲོག་གཏོང་ཞིང་དཔའ་ངར་ངོམས། །
ང་སྐད་འབོད་རྒྱབ་བཞིན་རྒྱལ་ཁམས་འགྲིམས། །
གྲོགས་འུ་གཉིས་ལས་དབང་ཆ་མཐུན་རེད། །
བོད་རང་བཙན་རག་ན་ཡང་མཐུན་རེད། །
ཁྱོད་རྟ་ཕོ་བཞོན་ཞིང་རླུང་དར་གཏོར། །
ངས་རླང་འཁོར་བཞོན་ཞིང་ཁྱབ་སྒྲག་བྱེད། །
གྲོགས་འུ་གཉིས་མི་རབས་གསར་པ་རེད། །
དུས་ལྷན་འཛོམས་བྱུང་ན་ཡང་གསར་རེད། །
ཁྱོད་བོད་ཡིག་སྦྱོང་ནས་ཁྱིམ་བདག་བྱེད། །
ངས་དབྱིན་ཡིག་སྦྱོང་ནས་ཕྱི་འབྲེལ་བྱེད། །
གྲོགས་འུ་གཉིས་ཁྱིམ་ཚང་གཅིག་གི་བུ། །
ལས་ལམ་འགྲོ་རྒྱུག་ན་སྤུན་རེ་དགའ། །
ཁྱོད་ལྕགས་སྒྲོག་མནར་ནས་ཁྲག་ཐིག་ཟག །
ངའི་སེམས་པ་ན་ནས་མིག་ཆུ་འཐོར། །
གྲོགས་འུ་གཉིས་ན་ཟུག་གཅིག་པ་རེད། །
སེམས་བརྟེན་ས་གངས་རི་མགོན་པོ་རེད། །
ཁྱོད་ལྷ་ཕྱག་རིང་མོ་རྒྱང་ནས་འཚལ། །
ངས་ལྷ་ཆོས་ཟབ་མོ་དྲུང་ནས་ཞུ། །
གྲོགས་འུ་གཉིས་གྲུབ་མཐའ་གཅིག་པ་རེད། །
ཚེ་སྔ་ཕྱི་ཡོད་ན་ཡང་ཐུག་རེད། །