རྣམ་གྲོལ་གླིང་གི་གསལ་བསྒྲགས།
༄༅། །ཐེག་མཆོག་རྣམ་གྲོལ་གླིང་དགོན་གྱི་ཁྱབ་ཁོངས་༸སྐྱབས་རྗེ་དམ་པ་གྲུབ་དབང་རིན་པོ་ཆེའི་ཞལ་སློབ་ཕྱོགས་བཞུགས་དགེ་འདུན་བཙུན་མ་ཡོངས་ཀྱི་གསེར་སྙན་དུ།
ད་ལན་༸སྤྱི་ནོར་གོང་ས་ཡིད་བཞིན་ནོར་བུ་མཆོག་དབུ་བཞུགས་ཐོག་སྔར་སྲོལ་བཟང་པོ་མི་ཉམས་རྒྱུན་སྐྱོང་སླད་བསླབ་པ་མཐར་སོན་གྱི་མཛད་སྒོ་ཐེངས་དྲུག་པ་དེ་སྤྱི་ལོ་ ༢༠༡༠ ཟླ་ ༩ ཚེས་༣ ཉིན་འཛུགས་གཏན་ཁེལ་བས། ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་ཁྱབ་ཁོངས་སུ་གཏོགས་པའི་མཁན་པོ་དང་། སྤྲུལ་སྐུ། བླ་མ། སློབ་དཔོན། དེ་བཞིན་དགེ་འདུན་པ་དང་བཙུན་མ་ཡོངས་ལ་འདི་ག་བཤད་གྲྭའི་ཡིག་ཚང་ནས་དུས་ཚོད་མ་འདེངས་པའི་རྐྱེན་གྱིས་དོ་བདག་སོ་སོར་མགྲོན་བརྡ་སྙན་སེང་འབུལ་ཐབས་བྲལ་བས། བདག་ཅག་གི་སྤྱི་མཐུན་བསོད་ནམས་ཀྱིས་མ་ཆུན་པར་༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་མཆོག་ཞལ་མ་བཞུགས་ནའང། དམ་པ་གང་གི་ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས་སླད་རང་རེ་ཤུལ་ལུས་སློབ་འབངས་ཡོངས་སུ་རྫོགས་པ་ཚང་འཛོམས་ཀྱིས་བསླབ་པ་མཐར་སོན་གྱི་མཛད་སྒོ་དེ་ཉིད་སྒོ་གང་ས་ནས་ཚགས་ཚུད་ལམ་ལྷོང་ཡོང་སླད་གོང་གསལ་དུས་ཚེས་ཐོག་ངེས་པར་དུ་ཕེབས་རྒྱུར་བཀའ་དྲིན་མ་ཆུང་བ་ཞུ་ཞུ།
སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་རྒྱུན་ལས་ཡིག་ཚང་ནས། སྤྱི་ཟླ་ ༨ ཚེས་ ༡༠ ཉིན།