སྤྱི་འཐུས་འོས་མི་སྐྱུ་ར་དཔལ་རྡོ།

ལོ་རྒྱུས་ངོ་སྤྲོད་མདོར་བསྡུས།

chura padol treasurere 1ཆབ་སྲིད་བཙོན་ཟུར་སྐྱུ་ར་དཔལ་རྡོ་ནི། ཕྱི་ལོ་༡༩༥༧ ལོར་མདོ་ཁམས་རྫ་ཆུ་ཁའི་མཁར་ནང་སྡེ་པའི་ནང་ཕ་དཔལ་རབ་དང་མ་ཞི་ལྷ་གཉིས་ཀྱི་བུ་རུ་སྐྱེས། ༡༩༧༨ ལོར་ཕྱུགས་ཟོག་སྨན་པའི་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་ཐོབ་པ་ལྟར་སློབ་སྦྱོང་བྱས། ཕྱུགས་ཟོག་སྨན་པའི་ལས་ཀའི་ཞོར་དུ་མཁར་ནང་གྲོང་སྡེ་ལྔ་པའི་སྡེ་དཔོན་དང་། དམར་ཤོག་ཚོགས་པའི་འཐུས་མི། སྤྱི་ཚོགས་བདེ་འཇགས་སྲུང་སྐྱོབ་བཅས་ཀྱི་ལས་འགན་འཁུར།

ཕྱི་ལོ་ ༡༩༩༠ ལོར་རྒྱ་གཞུང་གི་ལས་གནས་མཐའ་དག་ནས་དགོངས་པ་ཞུས། ཕྱི་ལོ་ ༡༩༩༢ ནས་ཕྱི་ལོ་ ༡༩༩༦ བར་མཁར་ནང་དགོན་པའི་གཉེར་པའི་འགན་ཁུར་བྱས། དེའི་རིང་མཁར་ནང་སོ་དགོན་པའི་གཙུག་ལག་ཁང་བཞེངས་རྒྱུ་དང། རྟེན་གཙོ་རྒྱལ་བ་བྱམས་པའི་སྐུ་ཕི་ཁྲི་ ༧༥ ཡོད་པ་བཞུགས་ཡུལ་ལྷ་ཁང་བཅས་ལེགས་གྲུབ་བྱུང་། ཕྱུགས་ཟོག་སྨན་པ་དང་། མཁར་ནང་གྲོང་སྡེ་ལྔ་པའི་སྡེ་དཔོན། དགོན་པའི་གཉེར་པ་བཅས་ཀྱི་འགན་ཁུར་བྱས་པའི་རིང་།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་དང། བོད་ཀྱི་རྒྱལ་དར། བོད་ཀྱི་རྒྱལ་དར་བྲིས་པའི་སྟོད་ཐུང་། གཞན་ཡང་ཡིག་ཆ་མང་པོ་འགྲེམས་སྤེལ་བྱས་པས། རྒྱ་གཞུང་གི་ཉེན་རྟོག་ལས་ཁུངས་སུ་ཐེངས་མང་འགྲོ་དགོས་བྱུང། ཕྱི་ལོ་ ༢༠༠༡ ལོར་རྒྱ་གཞུང་གི་གནོན་ཤུགས་འོག་ཏུ་སྡོད་མ་ཐུབ་པར་རྒྱ་གར་དུ་མ་ཡོང་ཐབས་མེད་བྱུང།
ཕྱི་ལོ་ ༢༠༠༢ ལོར་རྒྱ་གར་དུ་འབྱོར་ཏེ་གོང་ས་སྐྱབས་མགོན་ཆེན་པོའི་ཞལ་མཇལ་ཐོབ་པ་དང་། རང་གཞུང་བདེ་སྲུང་ལས་ཁུངས་ཀྱིས་ངོས་བཞེས་རོགས་རམ་བླ་མེད་གནང། ཕྱི་ལོ་༢༠༠༤ལོར་མདོ་ཁམས་རྫ་ཆུ་ཁའི་སྤྱི་མཐུན་ཚོགས་པ་གསར་འཛུགས་བྱས་ནས་ད་བར་དུ་ཚོགས་གཙོ་ཐེངས་གཉིས་འོས་ཐོབ་བྱུང་བ་ལྟར་འགན་ཁུར་བྱེད་མུས་ཡིན། ཕྱི་ལོ་ ༢༠༠༥ ལོར་དྷ་ས་ས་གནས་ཆུ་སྒང་རྒྱུན་ལས་འོས་ཐོབ་བྱུང་བ་ལྟར་འགན་འཁུར་བླངས་པ་དང། ཕྱི་ལོ་ ༢༠༠༧ ལོར་དྷ་ས་ས་གནས་ཆུ་སྒང་ཚོགས་གཞོན་དུ་འོས་ཐོབ་བྱུང་བ་ལྟར་འགན་འཁུར་བླངས།

ལོ་དེར་མདོ་ཁམས་གཞིས་བྱེས་གཉིས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་ལ་བརྟན་བཞུགས་བསྟར་འབུལ་ཞུས་སྐབས། ཐོག་མཐའ་བར་གསུམ་ཟླ་བ་ལྔའི་རིང་། བརྟན་བཞུགས་གྲ་སྒྲིག་ཚོགས་ཆུང་གི་མིང་ཐོག་ནས་ཞབས་ཕྱི་ཞུ་རྒྱུའི་གོ་སྐབས་བཟང་པོ་ཐོབ་པ་ལྟར་ལྷག་བསམ་ལྷད་མེད་ཀྱིས་ཞབས་ཕྱི་ཞུས། ཕྱི་ལོ་ ༢༠༠༨ ལོར་ཆུ་སྒང་དབུས་རྒྱུན་དང་། དྷ་ས་ས་གནས་འཐུས་ཚོགས་ཀྱི་འཐུས་མིར་འོས་ཐོབ་བྱུང་བ་ལྟར། ད་ལྟའི་ཆར་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་རྒྱུན་ལས་དངུལ་གཉེར་དང། དྷ་ས་ས་གནས་འཐུས་ཚོགས་ཀྱི་འཐུས་མི། མདོ་ཁམས་རྫ་ཆུ་ཁ་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བཅས་ཀྱི་འགན་ཁུར་ལེན་མུས་སུ་ཡོད་པ་རེད།

ཁོང་ནི་རྒྱ་ནག་གཞུང་གི་སྲིད་བྱུས་ཀྱི་འོག་ནས་འཚར་ལོང་བྱུང་ཞིང་ས་གནས་རིམ་པའི་ལས་ཀ་ཡུན་རིང་བྱས་པའི་ཉམས་མྱོང་ཧ་ཅང་ཆེ་བ་དང། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་རྒྱུས་མངའ་ཆེ་ཞིང་རྒྱ་གཞུང་གི་ས་གནས་རིམ་པའི་དཔོན་པོ་དང་ལས་བྱེད་རྣམས་ཀྱིས་ཚུལ་མིན་ཁྲིམས་འགལ་གྱི་ལས་དོན་བྱེད་ཕྱོགས་བཅས་ལ་ཤེས་རྟོགས་ཆེ། བོད་ནང་བསྡད་དུས་བོད་དོན་ཆབ་སྲིད་ཀྱི་ལས་ཀ་ཡུན་རིང་བྱས་རིང་རྒྱ་གཞུང་གི་ས་གནས་དཔོན་རིགས་དང་ལས་བྱེད་བཅས་ཀྱི་བྱེད་སྟངས་ལ་ངོ་རྒོལ་དང་འཐབ་རྩོད་ཡུན་རིང་བྱས་པའི་བྱས་རྗེས་ཀྱང་ཆེ། གཞིས་ལུས་བོད་མི་མང་གི་བདེ་སྡུག་དང་བསམ་བློ་གཏོང་སྟངས་ལས་དོན་བྱེད་ཕྱོགས་བཅས་ལ་ཉམས་མྱོང་དང་ཤེས་རྟོགས་གཏིང་ཟབ་ལྡན་ཡོད། བཙན་བྱོལ་ནང་སྐྱིད་སྡུག་ཚོགས་པའི་འགོ་ཁྲིད་དང་། ཆུ་སྒང་ས་གནས་རྒྱུན་ལས། ས་གནས་འོས་བསྡུས་ཚོགས་མི། ས་གནས་གྲོས་ཚོགས་ཀྱི་འཐུས་མི། ཆུ་སྒང་དབུས་རྒྱུན་ལས་ཀྱི་དངུལ་གཉེར་གྱིས་མཚོན་སྤྱི་ཚོགས་ཀྱི་ལས་དོན་མང་པོར་འགན་ཁུར་བླངས་པའི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པ་རེད།

ཁྱད་པར་༧གོང་ས་སྐྱབས་མགོན་ཆེན་པོ་ལ་དད་འདུན་གཡོ་བ་མེད་པའི་ཐོག་ཁོང་གིས་གསུངས་པའི་ཆོས་ལུགས་ཀྱི་བསླབ་བྱ་དང་། ཆབ་སྲིད་ཀྱི་ལམ་སྟོན་ཁག་ལ་ཡིད་ཆེས་དང་རྒྱུན་དུ་ཆོད་སེམས་བརྟན་པོས་ལག་བསྟར་བྱེད་མཁན་ཞིག་ཡིན་པར་ཡིད་ཆེས་བརྟན་པོ་ཡོད། ལྷག་པར་དུ་གཞན་ཟེར་གཡམ་རྒྱུག་མི་བྱེད་མཁན་ཞིག་དང་། གཞན་གྱིས་བསླུ་བྲིད་བྱེད་མི་ཐུབ་པའི་ལྟ་བ་དང་ལངས་ཕྱོགས་བརྟན་པོ་ཡོད་མཁན་ཞིག་དང་དྲང་ཚུགས་ལྡན་པ་ཞིག་ཡིན་པས། མདོ་སྟོད་རྒྱ་ཆེའི་སེར་སྐྱ་མི་མང་གིས་ཁོང་ལ་སྐབས་བཅོ་ལྔ་པའི་སྤྱི་འཐུས་འོས་འཕེན་ལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་དུ།

སུད་སི་གླིང་བཞུགས་པའི་སྐྱབས་རྗེ་ནམ་མཁའ་རིན་པོ་ཆེ། མཚོ་པདྨ་བཞུགས་པའི་དབོན་སྤྲུལ་ཆོས་དབྱིངས་རང་གྲོལ་རིན་པོ་ཆེ། རྫོང་སར་བཤད་གྲྭའི་ནང་བཞུགས་པའི་རྩོམ་པ་པོ་དང་ཆབ་སྲིད་བཙོན་ཟུར་མཁན་པོ་ཚེ་རིང་བཀྲ་ཤིས། ཨོ་སི་ཀྲུ་ལི་ཡར་བཞུགས་པའི་མདོ་སྟོད་སྤྱི་འཐུས་སྨར་ཁམས་བསོད་ནམས་སྟོབས་རྒྱལ། མོན་གྷོར་བཞུགས་པའི་མདོ་སྟོད་སྤྱི་ཟུར་སྡེ་དགེ་འཆི་མེད་རྡོ་རྗེ། རྣམ་གྲྭ་རྒྱལ་སྟོན་དགེ་བཤེས་བསྟན་འཛིན་དབྱངས་གསལ། སྐུ་སྲུང་ཟུར་པ་དང་དྷ་ས་ས་གནས་ཆུ་སྒང་གི་སློབ་སྟོན་པ་ཏྲེ་ཧོར་དགེ་བསོད་ནམས་རྡོ་རྗེ། རྡ་ས་ཆུ་སྒང་ས་རྒྱུན་སྡེ་དགེ་དབང་གྲགས་རྡོ་རྗེ། རྡ་ས་ཆུ་སྒང་ས་རྒྱུན་སྡེ་དགེ་འཇམ་དགའ། རྫ་ཆུ་ཁ་སྤྱི་མཐུན་ཚོགས་པའི་རྒྱུན་ལས་དོན་གྲུབ་ཚེ་རིང་བཅས་ནས།

ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༨ ལ།   འབྲེལ་གཏུགས་ཁ་པར་ཨང་གྲངས། ༠༠༦༡༤༠༢༥༢༠༡༥༢ ། ༠༩༥༦༠༡༥༩༥༣༧

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།