བཀའ་ཁྲི་སྤུས་དག་ཡོང་ཐབས་འདི་འདྲ་རེད།

བཀའ་ཁྲིའི་དབང་ཚད།

དེའང་བཀའ་བློན་ཁྲི་པ་ཟེར་བའི་མིང་འདི་རྒྱལ་ཁབ་གཞན་དག་ལ་མཚོན་ན་སྲིད་བློན་གྱི་གོ་མིང་ཡིན་ལ།

རྒྱལ་ཁབ་ཅིག་ལ་མཚོན་ན་དེ་ནི་ཆེས་གལ་གནད་ཅན་གྱི་མི་སྣ་ཞིག་ལོས་ཡིན། དེ་ལས་ཀྱང་བོད་པར་མཚོན་ན། དབང་ཚད་དང་། དུས་སྐབས་གང་ཐད་ནས་བསམས་ནའང་དེ་ལས་ཀྱང་ཆེས་འགན་འཁྲི་དང་། གནད་ཡོད་ཅན་ཀྱི་མི་སྣ་ཞིག་ཆགས་ཀྱིན་ཡོད།

ཁོང་གི་དབང་ཚད་ཀྱི་ཆ་ནས་བསམས་ན། ༧གོང་ས་མཆོག་ཕྱེད་བགྲེས་ཡོལ་དུ་ཕེབས་ཤུལ་ནས་སྒྲ་ཡང་པའི་དབང་དུ་བཏང་ན། བོད་གཞིས་བྱེས་གཉིས་ཀྱི་དབང་ཚད་མཐོ་ཤོས་ཀྱི་མི་སྣ་དེ་ཆགས་ཀྱིན་ཡོད་ལ། དེའི་འོག་ཏུ་བཀའ་ཤག་དང་། བཀའ་བློན་ལས་ཁུངས་བདུན་གྱི་སྟངས་འཛིན་འོག་ཆོས་ལྡན་བོད་ཀྱི་ཉིན་རེའི་འཚོ་བའི་ཐད་ནས་བཟུང་འགན་ཁུར་དང་། གྲོས་ཚོགས་ནས་གཏན་ལ་ཕབ་པའི་ལས་འཆར་ཁག་ཡོངས་ཁྱབ་ཏུ་ལག་བསྟར་གནང་མཁན་ཞིག་རེད།

བཀའ་ཁྲིའི་འགན་འཁྲི།

དེ་བཞིན་ཁ་འཐོར་བའི་བོད་གཞིས་བྱེས་གཉིས་ཀྱི་ཁྱིམ་ཚང་འདིའི་མ་འོངས་ཕུགས་འདུན་བསྒྲུབ་པའི་གཟའ་དཔོན་དེ་ཡིན་ལ། བཙན་འོག་དང་བཙན་བྱོལ་ཏེ། ཉིན་མ་རེ་རེའི་མི་ཚེ་ལའང་རང་དབང་དང་། དོན་གྱི་ཐོབ་ཐང་མེད་པའི་ས་ཡ་དྲུག་གི་མི་རིགས་འདིའི་སྣེ་ཁྲིད་པ་ཞིག་དང་། ངེས་སྟོན་པ་ཆེན་པོ་ཞིག་ཀྱང་རེད། དེ་འདྲའི་གང་ཟག་ཅིག་གིས་བྱུས་ཉེས་ཤོར་བ་དང་། ཁ་ཆག་སྣ་རལ་གྱི་ལས་ཀ་ཞིག་བྱུང་ན། མི་རིགས་ཤིག་དང་། རྒྱལ་ཁབ་ཅིག་གི་ངོ་གདོང་བརླག་གིན་ཡོད་ལ། ད་དུང་ལོ་རྒྱུས་གསོན་པོའི་བླ་སྲོག་གཏོང་བ་དང་། བདེན་པ་ཚུགས་ཐུབ་ཀྱི་དར་ལྕོག་བཅག་པ་སོགས་ཀྱི་ལག་རྗེས་ལྷག་ཚེ། སྐབས་མཚམས་དེར། ཅི་ཞིག་གི་སྟོབས་ཤུགས་འཕྱར་བ་དང་། གང་ཞིག་གིས་སྨྲ་ལྕེ་སྡོམ་པ་སོགས་བྱས་ཀྱང་། ནམ་ཞིག་ན་གསུབ་ཐབས་མེད་པའི་ལོ་རྒྱུས་ཀྱིས་གནས་ལུགས་བགྲང་ཡོང་བར་བརྟེན། སྤོབས་པ་རི་འདྲ་བ་དང་། གདེང་ཚོད་གྲི་སོ་འདྲ་བ་ཞིག་མེད་ན། རང་དབང་དང་ཐོབ་ཐང་རེད་ཟེར་ནས་འཚང་ཁ་རྒྱག་ཆོག་ཆོག་དང་།  ནང་ཁུལ་གྱི་ཆབ་སྲིད་ཀྱི་ཁ་གཏད་དམིགས་པ་ཙམ། དེ་བཞིན་རི་བོང་ཅལ་འདྲོགས་ལྟ་བུའི་ཚུགས་ཀ་མེད་པའི་འཚུབ་སྤྱོད་སོགས་ཀྱིས་ཁུངས་ཆོད་ས་མེད་པའི་གོ་ས་ཞིག་ཡིན། ད་དུང་བོད་བཙན་བྱོལ་དུ་གྱར་ནས་མི་ལོ་ལྔ་བཅུའི་རྗེས་ཀྱི་ཆབ་སྲིད་ཀྱི་མི་སྣ་མཐོ་ཤོས་ཤིག་སྟེ། བོད་ཀྱི་མི་རབས་གསུམ་པའི་སྐད་ཡིག་འགྱུར་ཀྱིན་པ་དང་། རིགས་རུས་ལ་སླད་ཞུགས་བཞིན་པ། ཁ་གཏད་ཀྱི་རླུང་རྟ་དར་ཞིང་། གཞིས་བྱེས་ཀྱི་གནས་སྟངས་ཛ་ཆེ་དྲག་ཏུ་འགྲོ་བཞིན་པ་སོགས་ཀྱི་དུས་སྐབས་ཁེལ་ཡོད། དེ་ལས་ཀྱང་རྒྱ་གཞུང་གིས་ཤུགས་འདེད་བྱས་ནས་བགྲང་ཀྱིན་པའི་༧གོང་ས་མཆོག་གི་དགུང་གྲངས་བརྒྱད་ཅུར་ཕེབས་པའི་དུས་ཚོད་ནང་རེད། ལོ་ཟླ་འདི་ཚོའི་ནང་འབར་རྫས་དང་། ཆུ་ལོག་ལྟ་བུའི་ཤུགས་དྲག་གི་དཀའ་ངལ་མང་པོ་ཞིག་ཡིབས་ཡོད།

འོས་མིའི་ཆ་རྐྱེན་དང་ཉེས་དམིགས།

རྒྱུ་མཚན་འདི་དག་ལ་བསམས་ཤིང་། མི་རིགས་ཀྱི་གོད་ཆག་འདི་དྲན་ནས། སྣང་བ་མཐོ་བའི་ང་རྒྱལ་དང་། གྲོགས་པོ་འགའི་འུར་སྒྲོག་ཙམ་སྤོབས་པ་དང་གདེང་ཚོད་སྐྱེ་བའི་གཞི་རྩ་མི་བཟུང་བ། རང་རྒྱུད་ཀྱི་ཤེས་ཡོན་དང་། རང་དབང་གི་སྤོབས་པ། དེ་ལས་ཀྱང་རང་རྐང་ཚུགས་པའི་གདེང་ཚོད་བཅས་ལ་དཔྱད་ནས་ད་ལྟའི་བོད་ཀྱི་དཀའ་ངལ་འདི་བསལ་རྒྱུའི་ཐད་ལ། རང་ལ་ནུས་པ་ཞིག་ངེས་བརྟན་འདུག་ན། ད་བཟོད་བཀའ་ཁྲིའི་བཙོས་པའི་འོས་གཞིར་བཞེངས་ན་ཧ་ཅང་མཚམས་པ་ལས། ཐོབ་ཐང་དང་། ལྟ་བ་མཐུན་མིན་གྱི་ཁ་གཏད་ཙམ། དེ་ལས་ཀྱང་ལུང་ཚན་དང་། མི་ཚང་གི་ཁ་ཕོ་ཙམ་ལ་བལྟས་ནས་ལང་ན་ནི། དེ་ནི་རྒྱ་ཆེའི་མང་ཚོགས་ལ་ཐུབ་ཚོད་དང་རྡོག་རོལ། ༧གོང་ས་མཆོག་ལ་དྲིན་ལན་ལོག་འཇལ་བྱས་པ་ཞིག་ཡིན་ལ། དེ་འདྲའི་སྐབས་འཚོལ་བ་ལངས་ཤུལ་ནས། འོས་བླུག་མཁན་རྒྱ་ཆེའི་མང་ཚོགས་མགོ་འཁོར་བ་དང་། འོས་གཞི་ཁ་འཐོར་བ། དོན་འབྲས་ཀྱི་སྙིང་པོ་འབུར་དུ་ཐོན་པའི་བཀའ་ཁྲི་ཁྱད་པར་བ་ཞིག་སླེབས་མི་ཐུབ་པ་ཆགས་ངེས་ཡིན། དེའི་གྱོང་གུད་ངོ་མ་དེ། ཞག་མལ་ཙམ་ལའང་དཀའ་ངལ་ཡོད་པའི་བཙན་བྱོལ་བ་དང་། འགྲོ་འདུག་དང་སྨྲ་བརྗོད་ཙམ་ལའང་རང་དབང་མེད་པའི་གཞིས་ལུས་པ་སྤྱིའི་གཙོས་མ་འོངས་པའི་བོད། ཁྱད་པར་དུ་དཀའ་སྡུག་དང་། མནར་གཅོད། དེ་ལས་ཀྱང་སྲོག་ཁྲིམས་ཁེལ་བ་དང་། ཚེ་བཙོན་འོག་མྱོང་བཞིན་པའི་བོད་པ་ཚོར་རག་གིན་ཡོད་པ་ནི་སྔོན་ཚུད་ནས་མཁྱེན་དགོས།

མང་ཚོགས་རང་གི་འགན་འཁྲི།

དེང་སང་ཁ་ཅིག་གིས་བཀའ་བློན་ཁྲི་བ་མི་རག་པའི་སེམས་འཁྲལ་མི་འདུག ཟེར་ནས་དགའ་འཆོང་འདྲ་ཞིག་བྱེད་ཀྱིན་འདུག་མོད། ངས་བསམས་ན། མི་ཞིག་གིས་ང་བཀའ་བློན་ཁྲི་བའི་འོས་ལང་གི་ཡིན་ཟེར་བ་ཙམ་གྱིས་མི་འགྲིག་པ། དེའི་འདས་པའི་ལོ་རྒྱུས་ལ་དཔག་ནས་ཡོང་འགྱུར་གྱི་ལོ་ཟླའི་ནང་འཇོན་ཐང་གང་འདྲ་ངོམ་ཐུབ་མིན་ཚོད་འགམ་དང་། ལས་འཆར་གྱི་སྔོན་རྩིས་ལ་བཞིགས་ནས་གདོང་ལེན་དང་གསར་གཏོད། འཐབ་རྩོད་དང་ཆིག་སྒྲིལ་གྱི་ནུས་ཤུགས་ཅི་འདྲ་ཡོད་མེད། དེ་བཞིན་དེང་རབས་ཀྱི་སྡིངས་ཆ་ནས་ཆབ་སྲིད་ཀྱི་རིགས་ལམ་གང་འདྲ་གཏོང་ཐུབ་མིན་སོགས་ལ་བརྟག་དགོས་པ་ལས། ང་ཚོའི་བཀའ་བློན་དེ་གང་ཟག་གང་ཞིག་བྱུང་བ་ཙམ་གྱིས་འགྲིག་འགྲོ་བ་ཞིག་གང་ནས་ཡིན། གལ་སྲིད་ཡིད་རྟོན་མེད་པའི་འོས་མི་འདམས་པ་དང་། མགོ་རྣ་ཙམ་གྱིས་ཧོར་རྒྱུག་བྱས་ན་རང་ཉིད་ཀྱི་ཉིན་རེའི་འཚོ་བའི་ཐད་ནས་བཟུང་། མི་རིགས་ཤིག་དང་། རྒྱལ་ཁབ་ཅིག་ལ་སྡུག་གྱོང་སྤྲད་བཞིན་ཡོད་པ་རྣམས་ངེས་པར་མཁྱེན་དགོས།

གསར་ཁང་དང་སྨྱུག་ཐོགས་པའི་འགན་འཁྲི།

རྒྱུ་མཚན་དེ་དག་ལ་ཞིབ་དཔྱད་ཀྱིས་སྤྱི་ཚོགས་སྟེང་སྤུས་དག་པའི་སྐད་ཆ་བཀྲམ་དགོས་པ་ལས། གསར་འགོད་པ་དང་། སྨྱུག་ཐོགས་པ་ཚོའང་ཆབ་སྲིད་ཀྱི་རྗེས་སུ་བསྙེགས་ཏེ། གཡོན་འཐེན་དང་། འུར་སྒྲོག་ལ་ཞུགས་ན་དེས་ཀྱང་མ་འོངས་ལོ་རྒྱུས་ནང་། བོད་ཀྱི་སྨྱུ་གུ་ཕྲ་མོ་འདི་གདོན་འདྲེའི་ཁར་འདེད་བཞིན་པ་ཞིག་དང་། གསར་འགྱུར་དང་། སྨྱུ་གུའི་རིན་ཐང་གི་སྲོག་བཅད་པ། ཀློག་འདོན་པ་ཚོར་སུན་སྣང་དང་ཞེན་ཁ་སློང་བ། གསར་འགོད་པ་དང་སྨྱུག་ཐོགས་པ་ཡོངས་ལ་ཚོན་རྩི་ནག་པོ་བགོ་འགྲོ་བ་སོགས་ལ་བརྟེན། ནམ་ཡང་མི་རིགས་ཤིག་དང་། ལོ་རྒྱུས་ཞིག་གི་འགན་ཁྱེར་བ་དང་། རྒྱ་ཆེའི་མང་ཚོགས་ལ་ཡང་དག་པའི་ཕྱོགས་སྟོན་གནང་བ། ཁ་ཁུག་གི་སྤྱི་ཚོགས་ནས་བཟུང་ཁྱོན་ཡོངས་ལ་གནས་ལུགས་ལྡན་པའི་གོ་རྟོགས་བསྐྲུན་རྒྱུ་སོགས་ཀྱི་དམིགས་ཡུལ་བཅངས་ཏེ། གསར་འགྱུར་སྤེལ་བ་དང་། རྩོམ་ཡིག་འབྲི་བ། དེ་ལས་ཀྱང་རྩོམ་སྒྲིག་པ་བྱ་རྒྱུ་སོགས་གལ་གནད་ཆེན་པོ་རེད་སྙམ།

གསར་འགྱུར་དང་རྩོམ་ཡིག་གི་ནུས་ཤུགས།

ནམ་རྒྱུན་ནས་སྤྱི་ཚོགས་ཀྱི་མིག་དང་རྣ་བ་གསར་ལམ་ཁག་ལ་གཏད་ཡོད་ལ། གསར་ལམ་ཁག་གི་གཞི་རྩ་སྨྱུག་ཐོགས་པ་ཚོར་བརྟེན་ཡོད་ཟེར་ནའང་ཐལ་ཆ་མེད་པ་ཞིག་ཡིན། དེས་ན་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་གོ་རྟོགས་དང་། དེ་ལས་ཀྱང་བཀའ་ཁྲིའི་འོས་མིའི་ལོ་རྒྱུས་དག་ལ་མཚོན་ན་གསར་ལམ་ཁག་ནས་རག་ཀྱིན་ཡོད་པས། གནད་འགག་ལ་ཐུག་དུས། མ་འགྲིག་པ་དང་། སྐྱོན་ཉེས་ཤིག་བྱུང་ན། མང་ཚོགས་ལ་ཁག་དཀྲི་རྐྱང་བ་མི་བྱེད་པ། གསར་ཁང་ཁག་དང་། སྨྱུག་ཐོགས་པ་ཚོས་ཀྱང་དུས་རབས་དང་འབྱུང་འགྱུར་གྱི་ལོ་རྒྱུས་ལ་འགན་ངེས་ཅན་ཁྱེར་དགོས་པ་ནི། མེད་ཐབས་མེད་པའི་དྲང་ཚུགས་ཤིག་དང་། དོར་ཐབས་མེད་པའི་དམིགས་ཡུལ་ཞིག་ཡིན་དགོས།

ཕྱི་ལོ་༢༠༡༠་༨་༡༣ ཉིན་བཙན་བྱོལ་བོད་ཀྱི་རྒྱལ་ས་ནས་འཆམ་ར་དྲི་མེད་རྒྱལ་མཚན་གྱིས།

{jcomments on}

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།