སྐབས་བཅོ་ལྔ་པའི་མདོ་སྟོད་སྤྱི་འཐུས་འོས་གཞི་ཤེས་འཇོན་གཉིས་ལྡན་གྱི་མི་རབས་གསར་པའི་མི་སྣ་དྲག་འདེམས།
1 (བསྟན་འཛིན་ནོར་བུ། ད་ལྟའི་སྡོད་གནས། དྷ་ས། ལུང་ཚན། ཏྲེ་ཧོར།) ཤེས་ཚད་དང༌། ཉམས་མྱོང༌། ད་ལྟའི་ལས་འགན། པན་ཇབ་གཙུག་ལག་སློབ་གྲྭ་ནས་སྲིད་དོན་ཚན་རིག་སྐོར་སློབ་མཐར་ཕྱིན་རྗེས། མ་ན་ལེ་ཤེས་རིག་སློབ་གྲྭར་ལོ་ཤས་རིང་དགེ་རྒན་དང། ས་གནས་གཞོན་ནུའི་དྲུང་ཆེ་ལོ་གསུམ་ཙམ་བྱས།
དེ་རྗེས་བྷ་ན་ར་སི་ཧིན་དྷུའི་མཐོ་སློབ་ལ་དམིགས་བསལ་གྲོས་ཚོགས་ཀྱི་ཁྲིམས་ལུགས་ཟིན་བྲིས་བཟོ་སྟངས་སྐོར་ལ་སློབ་ཐོན་དང༌། ཨ་རི་ཊུ་ལེན་གཙུག་ལག་སློབ་གྲྭ་ནས་རྒྱལ་སྤྱིའི་གྲོས་ཚོགས་ལམ་ལུགས་ཐོག་ཆེད་ལས་སློབ་མཐར་ཕྱིན། དེ་རྗེས་ཨ་རི་དབུས་དང་མངའ་སྡེའི་གྲོས་ཚོགས་ཁག་གི་ཁྲིམས་འབྲེལ་སྡེ་ཚན་ནང་ཉམས་མྱོང་བསགས་རྗེས། ཨ་རི་ནས་ཕྱིར་ལོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་ལས་ཁུངས་ནང་མགྲིན་ཚབ་པ་དང་ཁྲིམས་དོན་སློབ་སྟོན་པའི་ལས་འགན་ཞུ་མུས་ཡིན་ཞིང༌། སྔ་ཕྱིར་འཛམ་གླིང་ནང་གཙུག་ལག་སློབ་གྲྭ་དང་ཚོགས་འདུ་སོགས་ལ་བཙན་བྱོལ་བོད་མིའི་མང་གཙོ་དང་གྲོས་ཚོགས་སྐོར་ལ་གཏམ་བཤད་ཐེངས་མང་བྱས་ཡོད་པའི་ཉམས་མྱོང་དང་ཤེས་འཇོན་གསུམ་ལྡན་གྱི་གཞོན་སྐྱེས་མི་སྣ་ཞིག་ཡིན།
2 (བློ་བཟང་ཡེ་ཤེས། ད་ལྟའི་སྡོད་གནས། སྦེལ་ཀོབ། ལུང་ཚན། ཚ་བ་རོང) ཤེས་ཚད་དང༌། ཉམས་མྱོང༌། ད་ལྟའི་ལས་འགན། པན་ཇབ་གཙུག་ལག་སློབ་གྲྭ་ནས་B.A ཐོག་ཉེ་བའི་གཙུག་ལག་རབ་འབྱམས་དང་ཤེས་ཡོན་སྐོར་སློབ་སྦྱོང་བྱས། མཐོ་སློབ་ནས་ས་གནས་གཞོན་ནུའི་ཚོགས་གཙོ་དང། དེ་རྗེས་སྤོན་ཌར་དགེ་རྒན་གྱི་ལས་ཀ་ལོ་མང་བྱས། དྷི་ལིར་ཡོད་པའི་བོད་ཀྱི་རྩ་དོན་དང་འབྲེལ་བའི་ཞིབ་འཇུག་ཁང་ཞིག་གི་ཡིག་སྒྱུར་གྱི་ལས་ཀ་བྱས། དེ་ནས་སེར་བྱེས་གཞི་རིམ་སློབ་གྲྭར་དགེ་རྒན་ལོ་མང་བྱས་རྗེས། དབུས་གཞོན་ནུའི་སྤྱི་ཁྱབ་རྒྱུན་ལས་སྐབས་11 པ་དང༌། སྐབས་12 པའི་ཚོགས་གཞོན་ལ་བདམས་ནས་ལས་འགན་ཁུར། དེའི་རིང༌ཆབ་སྲིད་ཀྱི་ལས་འགུལ་ཐེངས་མང་སྣེ་ཁྲིད་དང་བོད་རྒྱའི་ཆབ་སྲིད་གནས་བབ་སོགས་ཀྱི་སྐོར་ཉམས་ཞིབ་བྱས། ད་ལྟའི་ཆར་ཉམས་ཞིབ་ཀྱི་ལས་ཀ་བྱེད་བཞིན་ཡོད་པའི་གཞོན་སྐྱེས་ཉམས་མྱོང་དང་ཤེས་འཇོན་གསུམ་ལྡན་ཞིག་ཡིན།
3 (སྐལ་བཟང་རྒྱལ་མཚན། ད་ལྟའི་སྡོད་གནས། དྷ་ས། ལུང་ཚན། འབའ་བ།) ཤེས་ཚད་དང༌། ཉམས་མྱོང༌། ད་ལྟའི་ལས་འགན། བོད་ནང་ནས་མཐོ་སློབ་ཐོན་རྗེས། རྒྱ་གཞུང་གི་ལས་ཁུངས་ནང་ལོ་མང་རིང་ཆབ་སྲིད་དང་འབྲེལ་བའི་ལས་ཀ་བྱས། བཙན་བྱོལ་དུ་སླེབས་རྗེས། བདེ་སྲུང་བོད་གནས་ཉམས་ཞིབ་ཁང་དུ་བོད་རྒྱའི་ཆབ་སྲིད་ཉམས་ཞིབ་པ། མདོ་སྟོད་ཉམས་ཞིབ་པ། ལོ་ཙཱ་བ་རྒན་པ་བཅས་ཀྱི་ལས་ཁུར་ཞུས། སྔ་རྗེས་སུ་རྒྱ་ནག་གི་གནས་སྟངས་དང༌། རྒྱ་དམར་གྱི་བོད་ཐོག་འཛིན་པའི་སྲིད་བྱུས། རྒྱལ་རབས་ལོ་རྒྱུས་སོགས་ཀྱི་གལ་ཆེའི་འབྲེལ་ཡོད་དེབ་བཞི་ཙམ་རྒྱ་ཡིག་ཏུ་ཕབ་བསྒྱུར་དང༌། རྒྱ་ཡིག་ནས་བོད་ཡིག་ཐོག་དེབ་གསུམ་ཙམ་ཕབ་བསྒྱུར་བྱས། ལས་ཞོར་དུ་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་དང༌། བོད་ཀྱི་བང་ཆེན་གསར་འཛུགས་བྱེད་མཁན་གྲས་དང༌། ལྷག་པར་རྒྱ་ནག་གི་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་ཡིག་སྐོར་ལ་ཉམས་ཞིབ་བྱས་ཏེ་ཉམས་ཞིབ་ཀྱི་སྙན་ཐོ་ལ་བཀའ་ཁྲི་མཆོག་གིས་བསྔགས་བརྗོད་ཐོབ་པ་མ་ཟད། རྒྱ་ནག་གིས་རྒྱབ་ཤ་དཀར་པོའི་དེབ་སོགས་ལ་རང་གཞུང་གི་ལན་འདེབས་ཚོགས་ཆུང་གི་ཚོགས་མི་དང༌། ཤར་ནུབ་རྒྱལ་ཁབ་བཅས་སུ་ཆེད་བསྐྱོད་ཀྱིས་འབྲེལ་ཡོད་རྒྱ་རིགས་བརྒྱ་ཕྲག་མང་པོ་མཉམ་བོད་དོན་སྐོར་བགྲོ་གླེང་ཚོགས་འདུར་གཏམ་བཤད་ཐེངས་མང་བྱས་པ་དང༌། བཙན་བྱོལ་སྤྱི་ཚོགས་ནང་གཞུང་ཞབས་དང༌། མང་ཚོགས། སློབ་ཕྲུག་སོགས་ལ་བོད་རྒྱའི་ཆབ་སྲིད་ཀྱི་འབྲེལ་ལམ། ལྷག་པར་རྒྱ་ནག་གི་ཆབ་སྲིད་སྐོར་ལ་གཏམ་བཤད་ཐེངས་མང་བྱས། ད་ལྟ་སྤྱི་འཐུས་བྱེད་བཞིན་པ་མ་ཟད། ལས་ཞོར་ལ་བོད་རྒྱའི་ཆབ་སྲིད་ཉམས་ཞིབ་དང༌། འབྲེལ་ཡོད་རྒྱ་བོད་ཀྱི་རླུང་འཕྲིན་དང་བརྙན་འཕྲིན་བཅས་སུ་བོད་ཀྱི་གནད་དོན་སྐོར་བགྲོ་གླེང་ལན་འདེབས་སོགས་བྱེད་ཀྱི་ཡོད། ཁོང་ནི་རྒྱ་ནག་གི་ཆབ་སྲིད་ཐོག་ཆེད་ལས་ཉམས་ཞིབ་པ་དང་མཉམ་མྱོང་དང་ཤེས་འཇོན་གསུམ་ལྡན་གྱི་མི་རབས་གསར་པ་ཞིག་ཡིན།
4 (གསེར་རྟ་ཚུལ་ཁྲིམས། ད་ལྟའི་སྡོད་གནས། དྷ་ས། ལུང་ཚན། གསེར་རྟ།) ཤེས་ཚད་དང༌། ཉམས་མྱོང༌། ད་ལྟའི་ལས་འགན། གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ནང་སློབ་སྦྱོང་བྱས། བཙན་བྱོལ་དུ་འབྱོར་རྗེས། ཆོས་དོན་ལས་ཁུངས་དང༌། དེ་རྗེས་ནོར་གླིང་བོད་ཀྱི་རིག་གཞུང་ཞིབ་འཇུག་ལྟེ་གནས་ཁང་གི་ཞིབ་འཇུག་པ་དང༌། མཛད་རྣམ་གསེར་གྱི་ཡང་སྙིང་གི་རྩོམ་བྲིས་ཁོངས་མི་དང། ནོར་འོད་དུས་དེབ་ཀྱི་རྩོམ་སྒྲིག་པའི་ལས་ཀ་བྱས། དེ་བཞིན་ས་གནས་འཐུས་མི་དང་གསར་འགོད་མཐུན་ཚོགས་ཀྱི་རྒྱུན་ལས་བྱས། ད་ལྟ་སྐབས་བཅུ་གསུམ་པའི་མདོ་སྟོད་སྤྱི་འཐུས་བྱེད་བཞིན་པ་དང༌། 2003 ལོར་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་དང་བོད་ཀྱི་བང་ཆེན་གསར་ཤོག་གསར་འཛུགས་ཀྱིས་ད་བར་ཚོགས་པ་དེའི་འགན་འཛིན་དང་བོད་ཀྱི་བང་ཆེན་རྩོམ་སྒྲིག་པ། ལས་ཞོར་ལ་ཞིབ་འཇུག་གི་ལས་ཀ་སྣེ་མང་བྱེད་བཞིན་ཡོད། དེ་དང་འབྲེལ་ཡོད་ཀྱི་དཔེ་དེབ་འགའ་ཤས་གསར་རྩོམ་གྱིས་དཔར་སྐྲུན་བྱས་པ་དང། དེ་བཞིན་བཙན་བྱོལ་ནང་བགྲོ་གླེང་དང༌། ཚོགས་འདུ། ཟབ་སྦྱོང་སོགས་ལ་གཏམ་བཤད་ཐེངས་མང་བྱས་ཡོད་པའི་གཞོན་སྐྱེས་ཉམས་མྱོང་དང་ཤེས་འཇོན་གསུམ་ལྡན་ཞིག་ཡིན།
5 (དབུ་དཀར་ཚང་གཡུ་སྒྲོན། ད་ལྟའི་སྡོད་གནས། ལྡི་ལི། ལུང་ཚན། ཆབ་མདོ།) ཤེས་ཚད་དང༌། ཉམས་མྱོང། ད་ལྟའི་ལས་འགན། དྷི་ལི་ལེ་ཌི་ཤྭི་རམ་གཙུག་ལག་སློབ་གྲྭ་B.A ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་ལྗ་ཧ་ལར་ནེ་རུ་གཙུག་ལག་སློབ་གྲྭ་ནས་རྒྱལ་སྤྱིའི་ཆབ་སྲིད་སྐོར་ལ་གཙུག་ལག་རབ་འབྱམས་པའི་སློབ་མཐར་ཕྱིན། དེ་བཞིན་ཨ་རི་ནས་དམིགས་བསལ་རྒྱལ་སྤྱིའི་ཁྲིམས་ལུགས་དང་འབྲེལ་ལམ་སྐོར་ལ་ཆེད་ལས་སློབ་སྦྱོང་དང༌དམིགས་བསལ་སྦྱོང་བརྡར་བྱས། སྔ་རྗེས་སུ་དབུས་བུད་མེད་ལྷན་ཚོགས་ཀྱི་ཞིབ་འཇུག་གི་ལས་ཀ་དང། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ལས་འཆར་འགན་ཁུར་བ་ཡང་བྱས། དེའི་རིང་རྒྱལ་སྤྱིའི་ནང་ཚོགས་འདུ་དང་ཟབ་སྦྱོང་སོགས་ལ་གཏམ་བཤད་ཐེངས་མང་བྱས་ཤིང༌། དེ་བཞིན་ནེ་དྷར་ལན་ཌིའི་རྒྱལ་སྤྱིའི་ཚོགས་པ་ཞིག་གི་སློབ་སྟོན་པ་དང། ད་ལྟ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི། མདོ་སྟོད་སྤྱི་འཐུས་ལས་ཐོག ན་གཞོན་མདུན་བཟང་ལམ་སྟོན་ཚོགས་པའི་འགན་འཛིན་བྱེད་བཞིན་ཡོད། ད་བར་བོད་པའིི་མཐོ་སློབ་གཞོན་སྐྱེས་ཚོར་ཟབ་སྦྱོང་གོ་སྒྲིག་དང༌། མདུན་ལམ་ལམ་སྟོན། ཆེད་ལས་སྦྱོང་བརྡར་ཐོབ་ཐབས། རྒྱལ་སྤྱིའི་བོད་རིགས་ཆེས་ལས་འབྲེལ་འཐུད་སོགས་ཀྱི་སྐོར་ལ་ལས་དོན་སྣེ་མང་བྱེད་བཞིན་པའི་མཉམ་མྱོང་དང་ཤེས་འཇོན་གསུམ་ལྡན་གྱི་གཞོན་སྐྱེས་ཤིག་ཡིན།
6 (བསོད་ནམས་དབང་འདུས། ད་ལྟའི་སྡོད་གནས། ཧ་སྤ་པུར། ལུང་ཚན། ཚ་བ་དཔའ་ཤོད།) ཤེས་ཚད་དང༌། ཉམས་མྱོང༌། ད་ལྟའི་ལས་འགན། གཞི་རིམ་སློབ་གྲྭ་ཐོན་རྗེས། དམིགས་བསལ་འཛིན་སྐྱོང་དང༌། དྲུང་ཡིག དགེ་རྒན་འོས་སྦྱོང་བཅས་སྦྱོང་བརྡར་ཐོན། སློབ་སྦྱོང་བྱེད་རིང་ས་གནས་གཞོན་ནུའི་རྒྱུན་ལས་དང་ཚོགས་གཞོན་གྱི་ལས་ཀ་བྱས། སློབ་སྦྱོང་ཐོན་རྗེས་དམག་སྒར་སློབ་གྲྭར་དགེ་རྒན་ལོ་མང་བྱས་ཤིང༌། སྔ་ཕྱིར་གཞུང་ཞབས་ཁུངས་སུ་འཛུལ་ཞུགས་ཀྱིས་གཞིས་ཆགས་ཁག་དང་འཆར་འགོད་ལས་ཁུངས་སོགས་སུ་ལོ་མང་རིང་ཞབས་ཕྱི་ཞུས། སྤྱི་ཚོགས་ནང་ཤེས་ཡོན་ཡར་རྒྱས་གཏོང་ཆེད་1991 ལོར་སྒེར་ངོས་ནས་སློབ་གྲྭ་ཞིག་གསར་འཛུགས་དང་འབྲེལ། ད་ལྟ་སློབ་གྲྭ་དེར་འཛིན་གྲྭ་10 བར་སློབ་སྦྱོང་བྱེད་ས་ཡོད། ད་ལྟའི་སློབ་གྲྭའི་སྦྱིན་བདག་དང་འགན་འཛིན་གྱི་ལས་ཀ་བྱེད་བཞིན་ཡོད་ཅིང། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་ཁག་ནང་ལོ་མང་རིང་ལས་ཀ་བྱས་ཡོད་པའི་མཉམ་མྱོང་དང་ཤེས་འཇོན་གསུམ་ལྡན་གྱི་མི་རབས་གསར་པ་ཞིག་ཡིན།
7 (ཚེ་དབང་བསྟན་འཛིན། ད་ལྟའི་སྡོད་གནས། ཧུན་སུར། ལུང་ཚན། སྡེ་དགེ།) ཤེས་ཚད་དང༌། ཉམས་མྱོང༌། ད་ལྟའི་ལས་འགན། གཞི་རིམ་སློབ་གྲྭ་ཐོན་རྗེས། རྒྱུད་སྨད་གྲྭ་ཚང་དུ་ཆོས་ཕྱོགས་ཀྱི་སློབ་གཉེར་བྱས། དེ་རྗེས་ཝ་ཎར་གཙུག་ལག་སློབ་གཉེར་ཁང་དུ་སློབ་སྦྱོང་རྗེས། རྒྱུད་སྨད་གྲྭ་ཚང་གི་དྲུང་ཡིག་བྱས་ཤིང། ཧོན་སུར་ས་གནས་གཞོན་ནུའི་དྲུང་ཆེ་དང་ཚོགས་གཙོ། ཕྱི་ལོ་1992 ནས་1995 བར་དབུས་གཞོན་ནུའི་སྤྱི་ཁྱབ་རྒྱུན་ལས་ཁང་དུ་དཔལ་འབྱོར་འགན་འཛིན་བྱས། ད་ལྟའི་ཆར་རྒྱ་གར་Alice སློབ་གྲྭའི་སྤྱི་ཁྱབ་གཙོ་འཛིན་དང༌། ད་བར་བཙན་བྱོལ་ནང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་སྤྱི་ཚོགས་ནང་ལས་ཀ་ལོ་མང་བྱས་མྱོང་ཡོད་པའི་ཉམས་མྱོང་དང་ཤེས་འཇོན་གསུམ་ལྡན་གྱི་མི་རབས་གསར་པ་ཞིག་ཡིན།
8 (བཀྲིས་དབང་འདུས། ད་ལྟའི་སྡོད་གནས། སྦེལ་ཀོབ། ལུང་ཚན། སྦྲ་ཆེན།) ཤེས་ཚད་དང༌། ཉམས་མྱོང༌། ད་ལྟའི་ལས་འགན། མ་སུ་རི་སློབ་གྲྭ་ནས་གཞི་རིམ་སློབ་གྲྭ་ཐོན་རྗེས། མེ་སོར་གཙུག་ལག་སློབ་གྲྭ་ནས་ཚོང་དོན་སྐོར་གྱི་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་དང༌། དེ་ནས་ཚོང་དོན་སྐོར་ལ་ཆེས་མཐོའི་སློབ་མཐར་ཕྱིན། དེའི་རིང་བོད་རིགས་སློབ་ཕྲུག་ཚོགས་པ་གསར་འཛུགས་དང་འབྲེལ་ལས་འགན་འདྲ་མིན་ཁུར། 1995 ལོར་གཞུང་ཞབས་སུ་འཛུལ་ཞུགས་ཀྱིས་ཐོག་མར་ཚོགས་དྲུང་ལས་ཁུངས་དང༌། དེ་རྗེས་གཞུང་ཞབས་འདེམས་ལྷན་གྱི་དྲུང་གཞོན། ལྡི་ལི་དོན་ཁང་གི་རྩིས་པ། 2001 ལོ་ནས་2006 ལོའི་བར་ལྷོ་ཨ་ཧྥ་རི་ཁིའི་དོན་ཁང་གི་དྲུང་ཆེའི་འགན་ཁུར་བྱས། 2006 ལོ་ནས་སྦེལ་ཀོབ་བདེ་སླར་ས་གནས་འགོ་འཛིན་དང༌། ལྷོ་སྤྱི། དེ་ནས་ཡང་བསྐྱར་སྦེལ་ཀོབ་ལུགས་བདེ་གཉིས་ཀའི་ས་གནས་འགོ་འཛིན་གྱི་འགན་ཁུར་ཞུས། 2009 ནས་ལྡི་ལི་སྐུ་ཚབ་དོན་ཁང་གི་དྲུང་ཆེར་བསྐོ་བཞག་བྱས། དེ་བཞིན་སྔ་ཕྱི་རྒྱལ་ཁབ་འདྲ་མིན་ནང་རྒྱལ་སྤྱིའི་ཚོགས་འདུ་འདྲ་མིན་ལ་མཉམ་ཞུགས་ཀྱིས་བོད་དོན་སྐོར་གཏམ་བཤད་ཐེངས་མང་བྱས་ཡོད་ལ། ད་ཆ་བོད་གཞུང་ཆེས་མཐོའི་སློབ་ཡོན་ཚོགས་ཆུང་གི་འདེམས་ཐོན་བྱུང་བ་ལྟར་ནེའུ་ཡོཀ་གཙུག་ལག་སློབ་གྲྭ་ཆེན་མོར་རྒྱལ་སྤྱིའི་རིག་པའི་ཐོག་སློབ་སྦྱོོང་བྱེད་མུས་ཡིན་པའི་གཞོན་སྐྱེས་ཉམས་མྱོང་དང་ཤེས་འཇོན་གསུམ་ལྡན་གྱི་མི་སྣ་ཞིག་ཡིན།
9 (ཆོས་སྐྱོང་དབང་ཕྱུག ད་ལྟའི་སྡོད་གནས། ལྡི་ལི། ལུང་ཚན། སྒ་བ།) ཤེས་ཚད་དང༌། ཉམས་མྱོང༌། ད་ལྟའི་ལས་འགན། གཞི་རིམ་དང་པན་ཇབ་གཙུག་སློབ་གྲྭ་ནས་B.A ཉེ་བའི་གཙུག་ལག་རབ་འབྱམས་པ་སློབ་ཐོན་དང༌། དེ་ནས་ཁྲོམ་རྭ་དང་ཉོ་ཚོང་དོ་དམ་སྐོར་ཆེད་ལས་སྦྱོང་བརྡར་སློབ་མཐར་ཕྱིན། མཐོ་སློབ་ལ་སློབ་སྦྱོང་བྱས་རིང་སློབ་ཕྲུག་མཐུན་ཚོགས་ཀྱི་ཚོགས་གཙོ་དང༌། ས་གནས་གཞོན་ནུའི་ཚོགས་གཙོ་སོགས་བྱས། ཕྱི་ལོ་1995 ནས་1998 བར་དབུས་གཞོན་ནུའི་རྒྱལ་སྤྱིའི་འབྲེལ་མཐུད་དྲུང་ཆེ་དང༌། 1998 ནས་2000 བར་ཟུང་འབྲེལ་དྲུང་ཆེ། 2000 ནས་2001 བར་སྤྱི་ཁྱབ་དྲུང་ཆེ་དང་དབྱིན་ཡིག་རང་བཙན་དུས་དེབ་ཀྱི་རྩོམ་སྒྲིག་པ་སོགས་བྱས་ཤིང༌། གཞོན་ནུའི་དབུས་རྒྱུན་བྱས་རིང་རྒྱལ་སྤྱིའི་ཚོགས་འདུ་དང༌། ཟབ་སྦྱོང་སོགས་ལ་མཉམ་ཞུགས་ཀྱིས་གཏམ་བཤད་བྱས་པ་མ་ཟད། རྩ་དོན་དང་འབྲེལ་བའི་ལས་འགུལ་སྣེ་མང་གོ་སྒྲིག་གིས་སྣེ་ཁྲིད་བྱས། 2002 ནས་ལྡི་ལིར་བོད་གཞུང་གི་འཕགས་བོད་འབྲེལ་འཐུད་ལས་ཁུངས་ནང་འབྲེལ་འཐུད་པ་གཞོན་པ་དང༌། 2003 ནས་འབྲེལ་འཐུད་པ་བསྐོ་གཞག་བྱས། འཕགས་བོད་འབྲེལ་འཐུད་ལས་ཁུངས་ནང་ལས་ཀ་བྱས་རིང་འཕགས་བོད་ཀྱི་ཚོགས་འདུ་གོ་སྒྲིག་དང༌། གནད་ཡོད་མི་སྣར་ཐུག་འཕྲད་སོགས་བྱས་ཏེ་རྩ་དོན་དང་འབྲེལ་བའི་ལས་འགུལ་མང་དག་བརྩམས། 2006 ནས་བོད་མི་མང་མདོ་སྟོད་སྤྱི་འཐུས་བྱེད་མུས་དང་དེ་བཞིན་ལྡི་ལིར་ཡོད་པའི་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཀྱི་ལས་འགན་ཁུར་བཞིན་ཡོད་པའི་གཞོན་སྐྱེས་ཉམས་མྱོང་དང་ཤེས་འཇོན་གསུམ་ལྡན་ཞིག་ཡིན།
10 (དབྱངས་འཛོམས་སྒྲོན་དཀར། ད་ལྟའི་སྡོད་གནས། དྷ་ས། ལུང་ཚན། ཏྲེ་ཧོར་དཀར་འཛེས།)
ཤེས་ཚད་དང༌། ཉམས་མྱོང༌། ད་ལྟའི་ལས་འགན། གཞི་རིམ་སློབ་གྲྭ་ཐོན་རྗེས། ཕྱི་ལོ་1997 ནས་2003 བར་ལྡི་ལིར་ཡོད་པའི་སྨན་གྱི་མཐོ་སློབ་ནས་(Lady Hardinge Medicale College)སྨན་སྐོར་སློབ་སྦྱོང་བྱས་ཏེ་སློབ་མཐར་ཕྱིན་རྗེས། མཐོ་སློབ་དེའི་ཁྱབ་ཁོངས་སྨན་ཁང་ནང་ལོ་གཉིས་རིང་དམིགས་བསལ་བུད་མེད་དང་ཕྲུ་གུ་སྐོར་ལ་ཆེད་ལས་ཀྱི་སྨན་པའི་ལས་ཁུར་ཞུས། ཕྱི་ལོ་2006 ནས་བཟུང་དྷ་སར་བོད་གཞུང་བདེ་ལེགས་སྨན་ཁང་ནང་སྨན་པའི་ལས་ཁུར་ཞུ་མུས་དང༌། དེ་བཞིན་ཨེ་ཊ་ལི་ནས་གློ་ནད་དང་མོ་ནད་སོགས་ལ་དམིགས་བསལ་སྦྱོང་བརྡར་བྱས་ཡོད། རྒྱུན་དུ་ཚོགས་འདུ་དང༌། ཟབ་སྦྱོང༌། མང་ཚོགས་བཅས་ལ་འཕྲོད་བསྟེན་སྐོར་གཏམ་བཤད་ཐེངས་མང་བྱས་མྱོང་ཡོད་པ་མ་ཟད། དེ་བཞིན་ཐུགས་དམ་ཉམས་ཞིབ་ཚོགས་ཆུང་ནང་ལས་ཁུར་བཞིན་པ་དང༌། འདམ་ག་རེག་དུག་ནད་གཞི་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཡང་ཡིན་པའི་ཤེས་མྱོང་ལྡན་པའི་གཞོན་སྐྱེས་ཤིག་ཡིན།
11 (པདྨ་བདེ་ལེགས། ད་ལྟའི་སྡོད་གནས། སྦེལ་ཀོབ། ལུང་ཚན། གླིང་ཚང༌།) ཤེས་ཚད་དང༌། ཉམས་མྱོང༌། ད་ལྟའི་ལས་འགན། གཞི་རིམ་སློབ་གྲྭ་དང་ཝ་ཎར་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གྲྭ་ནས་སློབ་ཐོན་རྗེས། མཉམ་དྲུང་དང༌། མདོ་སྟོད་དབུས་རྒྱུན། མདོ་སྟོད་སྤྱི་འཐུས། བོད་རིགས་སྤྱི་མཐུན་མཉམ་སྦྲེལ་གྱི་ཚོགས་གཞོན་བྱས། ད་ལྟའི་ཆར་བོད་རིགས་སྤྱི་མཐུན་མཉམ་སྦྲེལ་གྱི་ཚོགས་གཙོ་ལས་འགན་ཁུར་ཞུ་བཞིན་ཡོད་པའི་ཉམས་མྱོང་དང་ཤེས་འཇོན་གསུམ་ལྡན་གྱི་མི་སྣ་ཞིག་ཡིན།
12 (ཆོས་འཕེལ་ཐུབ་བསྟན། ད་ལྟའི་སྡོད་གནས། སྦེལ་ཀོབ། ལུང་ཚན། སྨར་ཁམས།) ཤེས་ཚད་དང༌། ཉམས་མྱོང༌། ད་ལྟའི་ལས་འགན། གཏན་སློབ་ནས་ཐོན་རྗེས། བྷེང་ལོར་གཙུག་ལག་སློབ་གྲྭ་ནས་B.A ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་ཐོན་དང༌། དེ་རྗེས་གསར་འགོད་རིག་པའི་ཐོག་དམིགས་གསལ་སློབ་སྦྱོང་བྱས། མཐོ་སློབ་ཏུ་སློབ་སྦྱོང་བྱེད་རིང་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་ལོ་གཉིས་དང༌། ས་གནས་གཞོན་ནུའི་ཚོགས་གཙོ་ལོ་གཉིས་བྱས། ལྷོ་གཞིས་ཁག་ལྔའི་མཐུན་མོང་ནས་འགུལ་ཚོགས་ཆུང་གི་ཚོགས་གཞོན་ལོ་གཅིག་དང༌། བོད་ཀྱི་དབུས་གཞོན་ནུའི་སྤྱི་ཁྱབ་རྒྱུན་ལས་ཁང་གི་རིག་གཞུང་འགན་འཛིན་སོགས་བྱས། དེ་ནས་1992 བོད་གཞུང་གི་གཞུང་ཞབས་ཁུངས་སུ་འཛུལ་ཞུགས་ཀྱིས་སྐུ་སྒེར་ཡིག་ཚང་ཏུ་ལོ་བཞི་དང༌། དེ་རྗེས་ལྷོ་སྤྱིའི་ལས་ཁུངས་ནང་ལོ་12 རིང་ལྷོ་སྤྱི་འབྲེལ་འཐུད་པ་སོགས་ཀྱི་ལས་འགན་ཁུར། དེ་ནས་བོད་གཞུང་འཆར་འགོད་ནང་ལས་ཀ་བྱས་ཤིང༌། ད་ཆར་བོད་མིའི་སྤྱི་མཐུན་མཉམ་སྦྲེལ་ལས་ཁུངས་ནང་དམིགས་བསལ་ལས་བྱེད་ཀྱི་ལས་ཀ་བྱེད་བཞིན་ཡོད། ལྷོ་སྤྱིའི་ལས་ཁུངས་ནང་ལས་ཀ་བྱེད་རིང་ལྷོ་གཞིས་ཁག་ལྔ་དགོན་སྡེ་གྲྭ་ཚང་སོགས་ཀྱི་རྒྱ་གར་མངའ་སྡེའི་གཞུང་ནང་ལས་དོན་བྱེད་དགོས་རིགས་ལ་རང་ནུས་ཡོད་ཚད་ཀྱི་རོགས་རམ་བྱེད་བཞིན་ཡོད་པའི་གཞོན་སྐྱེས་ཤེས་འཇོན་གཉིས་ལྡན་མི་སྣ་ཞིག་ཡིན།
གོང་གསལ་འོས་མི་འདི་དག་ཤེས་འཇོན་གཉིས་ལྡན་དང་ཉམས་མྱོང་ཅན་གྱི་མི་རབས་གསར་པ་དང་གཞོན་སྐྱེས་ཁག་ཡིན་པ་མ་ཟད། རྒྱུན་དུ་བཙན་བྱོལ་ནང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་དང་སྤྱི་ཚོགས་ནང་ལས་འགན་གལ་ཆེ་ཁུར་བཞིན་པ་ཤ་སྟག་ཡིན་པས། རྒྱ་ཆེའི་མདོ་སྟོད་མི་མང་ནས་དེ་ལུགས་གོང་གསལ་མི་སྣ་འདི་དག་ལ་འོས་འཕེན་གྱིས་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཤུགས་དྲག་ཞུ་བཞིན་ཡོད་པ་བཅས། ངག་དབང་རབ་རྒྱས་སོགས་མདོ་སྟོད་གཞོན་སྐྱེས་ཁག་ཅིག་ནས་མ་བསྐུལ་དང་བླངས་ཀྱིས་ཕྱི་ལོ་2010 ཟླ་8 ཚེས་8 ཉིན།
འབྲེལ་བ་གནང་ཡུལ། ngawang.raj@gmail.com