ལོ་ལྔའི་རིང་གི་ལས་འཆར་འདི་ཡིན་ཞེས་བཤད་མཁན་མི་འདུག

ཨ་རིག་འགྱུར་མེད་ལགས་སུ་བོད་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་སྐོར་ལ་བཅར་འདྲི་བྱེད་སྐབས་ཁོང་གིས་བཀའ་ཁྲིར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལ་རེ་བ་རྒྱག་གི་ཡོད་ཅེས་བརྗོད་སོང།
ariggermeདྲི་བ། བོད་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་སྐབས་འདིར་ཕྱོགས་མང་པོ་ཞིག་ནས་བཀའ་སྤྱི་གཉིས་ཀྱི་འོས་མི་འདོན་བཞིན་ཡོད་པ་དང། མང་ཚོགས་ནང་དོ་སྣང་བྱེད་ཕྱོགས་སོགས་ལ་མཐོང་སྣང་ག་འདྲ་བྱུང།

ལན། ཁྱེད་ཀྱིས་དྲིས་པ་ལྟར། འོས་བསྡུ་ཆེན་མོར་སླེབས་ལ་ཉེ་སྐབས་འདིར་ཕྱོགས་མང་པོ་ཞིག་གིས་བཀའ་སྤྱི་གཉིས་ཀྱི་འོས་མི་འདོན་བཞིན་པར། ངས་ཧ་ཅང་གི་ལེགས་པོར་མཐོང་གི་འདུག་ལ། བཀའ་སྤྱི་གཉིས་ཀྱི་གང་ཡིན་རུང་དེ་ལ་འོས་མིའི་ས་བོན་ཅི་ཙམ་མང་པོ་སླེབས་ན། མང་ཚོགས་ལ་དེ་ཙམ་གྱིས་མི་སྤུས་ལེགས་འདེམས་པ་དང་ཤེས་འཇོན་ཅན་ཚད་ལྡན་རྙེད་པའི་ལམ་ཁ་ཕྱེས་ཡོད། དཔེར་ན། སྐབས་སྔོན་མའི་བཀའ་བློན་ཁྲི་པའི་འོས་མིར་མི་གཉིས་ལས་བྱུང་མེད་ལ།
སྐབས་དེར་ཡག་ནའང་དེ་གཉིས་ལས་གཅིག་གདམ་དགོས་ལ། མི་ཡག་ནའང་དེ་གཉིས་ལས་གཅིག་གདམ་རྒྱུ་མ་གཏོགས་གདམ་ག་མང་པོ་མེད། ཡིན་ནའང་། སྐབས་དེའི་འོས་མི་གཉིས་ཀྱི་གང་ཡིན་རུང་དངོས་གནས་མང་ཚོགས་ཀྱིས་བློ་སེམས་བདེ་ལ་བབས་ན་ཆོག་པ་དེ་འདྲ་གཉིས་རེད།
དེ་བཞིན་མང་ཚོགས་ཀྱིས་དོ་སྣང་བྱེད་ཕྱོགས་རེད། སྐབས་སྔོན་མ་དང་བསྡུར་ན་གོ་རྟོགས་ཇེ་མཐོར་སོང་བ་དང་མང་ཚོགས་ཁྲོད་ཚ་ཚ་འུར་འུར་གྱིས་དོ་སྣང་བྱེད་ཤུགས་ཆེ་རུ་ཕྱིན་འདུག ངས་འདི་ཧ་ཅང་ལེགས་པོར་མཐོང་གི་འདུག་ལ། མང་ཚོགས་ཀྱིས་ཕར་དཀའ་ལས་མ་བརྒྱབ་པར་༸གོང་ས་མཆོག་གིས་ཚུར་གསོལ་རས་སུ་གནང་བའི་མང་གཙོའི་ཁེ་དབང་ངོ་མ་ལོངས་སུ་སྤྱོད་ཐུབ་ཀྱི་ཡོད་པའི་རྟགས་དང་། མང་ཚོགས་རང་གིས་རང་གི་ཁེ་དབང་དང་མང་གཙོ་ལ་བཟུང་བའི་ལྟ་བ་ཚད་ངེས་ཅན་ཞིག་ཏུ་སླེབས་ཟིན་པའི་རྟགས་རེད། བལྟས་ཚོད་ལ་ཐེངས་འདིར་བཙན་བྱོལ་བོད་མི་བརྒྱ་ཆ་ལྔ་བཅུ་ཡན་གྱིས་འོས་བསྡུའི་ཆ་ཤས་ལེན་ཐུབ་ཀྱི་རེད་སྙམ། དེ་ལྟར་བྱུང་ན་དངོས་གནས་སྐབས་སྔོན་མ་དང་བསྡུར་ན་ཚད་ངེས་ཅན་ཞིག་ཏུ་འཕར་ཡོད།

དྲི་བ། བཀའ་བློན་ཁྲི་པར་འོས་ལངས་རྒྱུ་གྲ་སྒྲིག་བྱེད་མཁན་ཚོའི་ནང་དམིགས་བསལ་གྱི་རེ་བ་བྱེད་ས་དང། ཡང་ན་དོགས་པ་བྱེད་སའི་རིགས་ཡོད་དམ།
ལན། བཀའ་བློན་ཁྲི་པར་ལངས་བཞིན་པའི་འོས་མི་ཚོའི་ཁྲོད་ན་དམིགས་བསལ་གྱི་རེ་བ་བྱེད་ས་ཟེར་ན་བཤད་ཁག་པོ་འདུག གང་ཡིན་ཟེར་ན་ད་ལྟ་བཀའ་ཁྲིར་ལངས་མཁན་ནང་ཆ་རྐྱེན་གཅིག་ཚང་ན་གཞན་གཅིག་མི་ཚང་བའི་བཟོ་ལྟ་བུ་རེ་ཟུང་འདུག་ལ། ད་ལྟའི་ཆར་བཀའ་ཁྲིའི་འོས་མིར་ལངས་མཁན་གྱི་མི་གང་འཚམ་ཡོད་པ་ལས། ཕལ་ཆེར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་དང། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། ཁྲིམས་རྩོད་པ་བློ་བཟང་སེང་གེ་གསུམ་ནི་མང་ཚོགས་ཀྱིས་རེ་བ་ཆེ་ཤོས་ལྟ་བུ་རེད། གལ་སྲིད་ཁོང་ཚོ་ལས་ལྷག་པའི་འོས་མི་དམིགས་བསལ་བ་རེ་མ་སླེབས་ན་ཁོང་ཚོའི་གཅིག་ལ་འོས་ཐོབ་རྒྱུ་རེད། དེ་ཚོད་དཔག་ཐུབ་པ་ཞིག་རེད། ཡིན་ནའང། ཁོང་ཚོ་གསུམ་ལས་ཚོགས་གཞོན་རྒྱ་རི་སྒྲོལ་མ་གཅིག་པུ་མ་གཏོགས་ད་ལྟའི་ཆར་དངོས་སུ་སྤྱི་ཚོགས་ནང་ཡོང་ནས། ང་བཀའ་ཁྲིར་ལངས་རྒྱུ་ཡིན། ངས་འདི་དང་གན་བྱེད་ཀྱི་ཡིན། ང་ལ་ལངས་ཕྱོགས་འདི་ལྟ་བུ་ཞིག་ཡོད། ཤེས་ཡོན་དང་འཕྲོད་བསྟེན། སློབ་གསོ། དཔལ་འབྱོར། ཆབ་སྲིད་བཅས་རེ་རེ་བཞིན་ངས་ལོ་ལྔའི་རིང་གི་ལས་འཆར་འདི་ཡིན་ཞེས་མང་ཚོགས་ལ་རང་གི་ཆབ་སྲིད་སྲིད་ཇུས་ཀྱི་ལངས་ཕྱོགས་སྒྲོག་གི་མི་འདུག གལ་སྲིད་དེ་ལྟར་དང་པོ་རང་གི་ལངས་ཕྱོགས་མང་ཚོགས་ལ་བསྒྲགས་ན། མང་ཚོགས་ལའང་ཕར་བསམ་བློ་གཏོང་ས་ཞིག་ཆགས་ཀྱི་ཡོད་ལ། མི་དེའི་ཤེས་འཇོན་ཙམ་མ་ཟད་ལོ་ལྔའི་ནང་གི་ལས་འཆར་ལ་སྔོན་དཔག་རོབ་ཙམ་བྱེད་ཐུབ། ཡིན་ནའང་། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང་བློ་བཟང་སེང་གེ་གཉིས་ཀ་ད་དུང་དངོས་སུ་བཀའ་ཁྲིའི་འོས་མིར་ལངས་མེད་པར། མང་ཚོགས་ལ་རེ་བ་ཡོད་ན་ངེད་གཉིས་ཀྱང་མི་འདུག་མི་ཟེར་ཞེས་བརྗོད་པ་ཙམ་རེད་མོད། ང་རང་གིས་དེའི་ནང་ནས་ད་ལྟ་བཀའ་ཁྲི་ཡག་ཤོས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལ་རེ་བ་རྒྱག་གི་ཡོད།

དྲི་བ། བཀའ་བློན་ཁྲི་པ་འོས་འདེམས་བྱུང་བ་དང། དང་ཐོག་ལས་དོན་གཙོ་བོ་ག་རེ་བྱེད་དགོས་པ་རེད་བསམ་གྱི་ཡོད།
ལན། ང་ལའང་འདིའི་ཐད་སེམས་ཁྲལ་འདུག གང་ཡིན་ཟེར་ན། ད་ལྟ་བཀའ་ཁྲིར་བཞེངས་མཁན་སུ་གཅིག་གིས་ཀྱང་བོད་རྒྱའི་དཀའ་རྙོག་ཇི་ལྟར་སེལ་ཐབས་བྱ་མིན་ཐད་གང་ཡང་གསུང་གི་མི་འདུག མུ་མཐུད་དེ་བོད་རྒྱ་འབྲེལ་མོལ་བྱ་རྒྱུ་ཡིན་ནམ། ཡང་ན་བྱེད་ཐབས་གཞན་ཞིག་ནས་བོད་རྒྱའི་དཀའ་རྙོག་སེལ་ལམ། འདིའི་ཐད་གསུང་ཞེ་དྲག་བསྐྱོན་ཐུབ་ཀྱི་མེད་པ་འདྲ། ངས་བསམ་ན་མི་སུ་བཀའ་ཁྲིར་སླེབས་རུང་ཐོག་མའི་ལས་དོན་གཙོ་བོ་དེ་རེད། གལ་སྲིད་དེའི་སྟེང་དུ་ཞེ་དྲག་བསྐྱོད་མ་ཐུབ་ན། བཙན་བྱོལ་སྤྱི་ཚོགས་ཀྱི་ཤེས་ཡོན་སྲིད་བྱུས་ཚད་ངེས་ཅན་ཞིག་ལ་གོང་མཐོར་གཏོང་དགོས་ཀྱི་འདུག ང་ཚོས་མི་ལོ་ལྔ་བཅུའི་རིང་སྐྱེད་བསྲིང་བྱས་པའི་མིའི་གྲངས་འབོར་ཚད་ངེས་ཅན་དུ་སླེབས་ཡོད་ནའང་། དེ་ལ་དཔག་པའི་མི་ནུས་པ་ཅན་གྱི་ཚད་ནི་བརྒྱ་ཆའི་ཉུང་ཤས་ཤིག་རེད། གསར་དུ་འཚར་ལོངས་འབྱུང་བཞིན་པའི་གཞི་རིམ་སློབ་གྲྭ་ཁག་གི་སློབ་ཕྲུག་རེ་རེ་བཞིན། རང་སྐྱ་འཕེར་བའི་ལྟ་གྲུབ་རེ་མེད་རུང་རང་སྐྱ་འཕེར་བའི་ཤེས་ཡོན་གྱི་གནས་ཚད་ཡག་པོ་ཞིག་ཡོད་ན། མི་རིགས་ཀྱི་འཐབ་རྩོད་ཀྱང་རང་བཞིན་གྱིས་ནུས་ཅན་དུ་འགྱུར་འགྲོ། བཙན་བྱོལ་གྱི་ལོ་ལྔ་བཅུའི་རིང་གི་འཐུས་ཤོར་ཆེ་ཤོས་ཀྱང་འདི་ན་འདུག་སྙམ། ༸གོང་ས་མཆོག་གིས་གཙོས་བཙན་བྱོལ་བོད་གཞུང་གིས་ལོ་ལྔ་བཅུ་འདིའི་རིང་སྐུ་ངལ་མང་པོ་བསྐྱོན་ཡོད་ནའང། དེ་ལ་དཔག་པའི་གྲུབ་འབྲས་ཐོན་མི་འདུག དེ་ལ་གྲུབ་འབྲས་མ་ཐོན་དུས་རྩ་བའི་བོད་ཀྱི་རྩ་དོན་བསྒྲུབ་ཕྱོགས་ཀྱི་གལ་ཆེའི་ལས་དོན་ཆེ་ཤོས་དེར་ནུས་པ་མ་ཐོན་པ་རེད་བསམ་ཡོད།།

{jcomments on}

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།