མི་མང་གི་མིང་ཁུར་དེ་འོས་མི་བཏོན་ན་ག་ཚོད་ཚད་ལྡན་ཡིན།
ཤར་གླིང་ཟླ་སྒྲོན་ལགས་སུ་བོད་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་སྐོར་ལ་བཅར་འདྲི་བྱེད་སྐབས་ཁོང་གིས་བཀའ་ཁྲི་འོས་ཤོས་རྒྱ་རི་སྒྲོལ་མ་རེད་ཅེས་བརྗོད་སོང།
དྲི་བ། བོད་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་སྐབས་འདིར་ཕྱོགས་མང་པོ་ཞིག་ནས་བཀའ་སྤྱི་གཉིས་ཀྱི་འོས་མི་འདོན་བཞིན་ཡོད་པ་དང། མང་ཚོགས་ནང་དོ་སྣང་བྱེད་ཕྱོགས་སོགས་ལ་མཐོང་སྣང་ག་འདྲ་བྱུང།
ལན། ཚོགས་པ་ཁག་གིས་སྤྱི་འཐུས་དང་བཀའ་བློན་ཁྲི་པའི་འོས་མི་འདོན་གྱི་ཡོད་པ་དེར་དགེ་སྐྱོན་གཉིས་ཀ་ཡོད་པ་ལས་ཕན་ཐོགས་ཆེ་བ་ཡོད་པ་རེད། སྤྱིར་བཏང་ཚང་མས་འགན་ཁུར་ནས་མིང་ཐོ་འདོན་གྱི་ཡོད་པ་རེད་མོད། དབུས་གཙང་དང་མདོ་སྟོད། མདོ་སྨད་ཚང་མས་མི་མང་གི་མིང་ཐོག་ནས་འོས་མི་འདོན་གྱི་འདུག དབུས་གཙང་མི་མང་གི་འདོད་པ་ཡོད་པ་དང། མདོ་སྟོད་མི་མང་གི་འདོད་པ་ཡོད་པའི་བཀའ་བློན་ཁྲི་པ་ཞེས་བཏོན་ཡོང་དུས། མི་མང་གི་བསམ་ཚུལ་དང་མཚུངས་པའི་འོས་མི་འདོན་གྱི་ཡོད་པའི་སྐད་ཆ་རེད་མོད། དེ་ཚོར་ཐལ་ཆ་མང་པོ་འདུག རིགས་ཁ་ཤས་ཀྱིས་དངོས་གནས་ཁོང་ལ་འཇོན་ཐང་འདུག་དང་མི་འདུག བོད་ཆོལ་ཁ་གསུམ་གྱི་སྐུ་ཚབ་བྱེད་ཐུབ་ཀྱི་ཡོད་མེད་མ་བལྟས་པར། སོ་སོ་འཆམ་དང་མ་འཆམ་ལ་ལྟ་བ་དང། ཡང་ན་ཁོང་རྐུབ་བཀྱག་ཐོག་ཏུ་སླེབས་ན་ང་གང་དུ་སླེབས་ས་རེད་ལྟ་ཡི་འདུག དེར་གནོན་སྐྱེན་ཆེན་པོ་འདུག དེ་ལས་སོ་སོ་སྒེར་གྱི་འོས་མི་ཡིན་ཞེས་བརྗོད་ན་འགྲིག་པ་རེད། ཆོལ་ཁའི་རྒྱུན་ལས་ཀྱིས་མི་མང་གི་མིང་ཁུར་དེ་འོས་མི་བཏོན་ན་ག་ཚོད་ཚད་ལྡན་ཡིན་ནམ། བོད་སྤྱི་ལ་ཕན་པའི་མི་ཞིག་འོས་མིར་འདོན་གྱི་ཡོད་ན་ཆོལ་ཁའི་མིང་ཁུར་ན་འགྲིག་གི་རེད་ལ། མང་ཚོགས་ཀྱི་མིང་ཁུར་ན་འགྲིག་པ་རེད་མོད། སྒེར་སོ་སོ་གནས་ས་བརྟན་པོ་ག་འདྲ་འདུག་ལ་བལྟས་ན། སྤྱི་པའི་མིང་ཞིག་ཁུར་ནས་སྒེར་དོན་སྒྲུབ་ཀྱི་ཡོད་པ་རེད།
མི་མང་ཁྲོད་གོ་རྟོགས་སྐྱོ་པོ་འདུག མང་གཙོ་ཚོགས་པའི་བཀའ་བློན་ཁྲི་པའི་འོས་མི་གཉིས་དེ་མི་མང་ཁྲོད་གཞུང་འབྲེལ་གྱི་འོས་མི་རེད་བསམ་མཁན་ཧ་ཅང་མང་པོ་འདུག དེ་ཉེན་ཁ་ཆེན་པོ་རེད། དེ་ཚོ་གསལ་པོ་བཟོ་དགོས་ཀྱི་འདུག སྤྱིར་བཏང་ལམ་ཁ་སྟོན་གྱི་ཡོད་ཁུལ་རེད་མོད། གསལ་པོ་མ་བཟོས་ན་ལམ་ཁ་འགོག་གི་ཡོད་པ་ཆགས་ཀྱི་འདུག དེའི་རིགས་ལ་དོ་སྣང་དགོས་ཀྱི་འདུག
དྲི་བ། འོས་གཞིའི་ནང་དུ་ལངས་མཁན་ཚོའི་ཐོག་མཐོང་སྣང་དང་དགོངས་ཚུལ་གང་ཡོད།
ལན། ད་ལྟའི་ཆར་སྤྱི་ཚོགས་ནང་བཀའ་ཁྲི་གནང་གི་ཡིན་ཞེས་ཤོད་མཁན་འདུག་པས། དེ་མང་གཙོའི་སྤྱི་ཚོགས་ནང་འདེམས་ཀ་ཡག་པོ་ཞིག་རེད། ད་ལྟ་བཀའ་ཁྲི་གནང་འདོད་ཡོད་པ་གསལ་ལ་མ་གསལ་པ་ཡང་མང་པོ་ཡོད་པ་རེད་མོད། གསལ་པོ་ཆགས་ཚར་བ་བཞི་འདུག བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང། བློ་བཟང་སེང་གེ། བློ་བཟང་སྦྱིན་པ། རྒྱ་རི་སྒྲོལ་མ་བཅས་རེད། ཁོང་ཚོ་ཚང་མར་ཁྱད་ཆོས་རེ་རེ་ཡོད་པ་རེད། ང་ལ་མཚོན་ན་༢༠༠༧ ལོ་ཙམ་ནས་བཀའ་ཁྲིའི་འོས་མི་ལ་དོ་སྣང་བྱས་པ་ཡིན་པས། འགྱུར་བ་མང་པོ་ཐེབས་སོང། ད་ལྟའི་ཆར་ངས་བཀའ་ཁྲི་འཚམས་ཤོས་རྒྱ་རི་སྒྲོལ་མ་མཐོང་གི་འདུག བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱིས་ལས་ཀ་བྱས་ནས་འགན་ཁུར་བའི་སྐབས་ང་ཆུང་ཆུང་རེད། མི་རྒན་པ་ཚོས་ཡག་པོ་རེད་ཅེས་བཤད་ཀྱི་འདུག་མོད། ང་རང་གིས་མིག་མཐོང་ལག་ཟིན་བྱུང་མེད་པས། ང་ལ་ཡིད་ཆེས་དེ་སླེབས་ཀྱི་མི་འདུག བློ་བཟང་སེང་གེ་མཁས་དབང་རེད། བོད་དོན་དྲིལ་བསྒྲགས་དང་སྐུ་ཚབ་བྱེད་རྒྱུར་རྩེ་ཕུད་ཅིག་རེད་མོད། བཀའ་བློན་ཁྲི་པ་དེར་འགན་ཆེན་པོ་ཡོད་པ་རེད། གནས་སྟངས་ཀྱི་དབང་གིས་ན་ཚ་བཟོ་མཁན་མང་པོ་ཡོད་པ་རེད། མི་ཐང་ཐང་ཡོད་པ་ཞིག་ནད་པ་ཆགས་ནས་སྨན་ཁང་དུ་སྐྱེལ་གྱི་ཡོད་པ་ལྟ་བུ་རེད། ན་ཚ་དེ་ཚོ་ག་ཚོད་ཁྱོག་གི་རེད། དེ་ལ་དོགས་པ་ཡོད། བློ་བཟང་སྦྱིན་པ་ཡིན་ན། ཁོང་གིས་ཕྱག་ལས་གནང་བ་དེ་ཚོ་གསལ་པོ་མཐོང་སོང་ལ། ཡག་པོ་ཞེ་དྲག་ཡོད་པ་རེད་མོད། བྱང་ཆུབ་སེམས་པ་བྱེད་རྒྱུ་མང་དྲགས་པ་རེད། བཀའ་བློན་ཁྲི་པ་ཟེར་དུས་བཤད་ས་ལ་བཤད་ཐུབ་མཁན། ཐུག་ས་ལ་ཐུག་ཐུབ་མཁན་ཞིག་དགོས་པ་རེད། རྒྱ་རི་སྒྲོལ་མ་ལ་སྐྱོན་ཡོད་པ་རེད་མོད། ཁོང་ཚོའི་ནང་ནས་ཆ་རྐྱེན་ཚང་ཤོས་མོ་རེད་འདུག སྒྲིག་འཛུགས་འདིའི་ནང་རྒྱུན་རིང་པོ་བསྡད་པ་དང། ཡང་རྒྱུན་རིང་པོ་བསྡད་ནས་དེར་འཐོམ་འགྲོ་མཁན་དེ་མ་རེད། སྒྲིག་འཛུགས་འདི་སྒྲོམ་གཞིར་བཞག་ནས། ཕྱི་ལོག་ཏུ་གཟིགས་ཕྱོགས་ཡག་པོ་རེད། རྒྱལ་སྤྱིའི་ནང་དང། དམིགས་བསལ་གྱིས་རྒྱ་གར་ནང་ཁོང་ལ་གུས་ཞབས་ཆེན་པོ་ཡོད་པ་རེད། ཁོང་བློ་ཕམ་ཆོག་ཆོག་ལྟ་བུ་ཡོད་པ་རེད་མོད་དེ་ཚོ་རིམ་པས་འགྲིག་འགྲོ་ཡི་རེད། ཁོང་ཆབ་སྲིད་པ་ཞིག་རེད་འདུག ཤེས་ཡོན་གྱི་སྐོར་ལ་ཡག་པོ་ཡོད་པ་དང། རྒྱལ་སྤྱིའི་ནང་དུ་ཡང་རྔ་ལ་དཔག་ནས་འཆམ་འཁྲབ་ཐུབ་མཁན་དེ་རེད། ང་རང་སྒེར་ངོས་ནས་རྒྱ་རི་སྒྲོལ་མ་ཡག་ཤོས་རེད་བསམས་སོང།
དྲི་བ། བཀའ་བློན་ཁྲི་པ་འོས་འདེམས་བྱུང་བ་དང། དང་ཐོག་ལས་དོན་གཙོ་བོ་ག་རེ་བྱེད་དགོས་པ་རེད་དགོངས་ཀྱི་ཡོད།
ལན། བཀའ་བློན་ཁྲི་པས་བཙན་བྱོལ་སྤྱི་ཚོགས་ཀྱི་ཕྱི་ལོག་ལ་ལྟ་དགོས་ཀྱི་འདུག བོད་ནང་དུ་མི་འཇུ་བཟུང་བྱེད་པ་ཉིན་རེ་ལས་མང་དུ་འགྲོ་ཡི་འདུག རིག་གནས་པ། གཞས་པ། རྩོམ་པ་པོ་མང་པོ་འཇུ་འགྲོ་ཡི་འདུག ཧ་ཅང་ཕངས་པོ་རེད། བོད་ཀྱི་གྲུ་གཟེངས་ལྟ་བུ་དེ་ཆུ་ནང་དུ་རྡིབ་འགྲོ་ཡི་ཡོད་པ་རེད། བཀའ་བློན་ཁྲི་པས་དེ་ལས་སྐྱོབ་ཐབས་དང། བོད་ནང་གི་མི་མང་གི་མངོན་འདོད་ལ་ཐད་ཀར་གསན་ཐུབ་པ་ཞིག་དགོས་ཀྱི་འདུག བཙན་བྱོལ་ནང་ལས་དོན་ཚང་མ་གཙོ་བོ་བཀའ་བློན་གཞན་པ་ཚོས་བྱས་ན་འགྲིག་པ་ཞིག་རེད།།
{jcomments on}