ཁྱིམ་རྒྱུད་འདི་ཚོས་ནང་ཁུལ་གྱི་ཆབ་སྲིད་འཁྲབ་ཤེས་ཀྱི་རེད།
ལན། ང་ཚོའི་འོས་གཞི་འདོན་སྟངས་ལ་གསར་བཏོད་གང་ཡང་ཡོད་པ་མ་རེད། ཆབ་སྲིད་ཚོགས་པས་འོས་འདོན་པ་དེ་འདྲའི་ལམ་ལུགས་གསར་པ་མེད་པ་རེད། དེ་མེད་པ་ཚོགས་པ་སྐྱིད་སྡུག་ཁག་ལ་ཅི་ཡང་བཤད་རྒྱུ་ཡོད་པ་མ་རེད། གྲོས་ཚོགས་ནང་བཅའ་ཁྲིམས་དང། འོས་བསྡུའི་སྒྲིག་གཞི་ལ་འགྱུར་བ་མ་བཏང་ན། ལམ་ཁ་དེར་མ་སོང་རང་སོང་རེད། ད་ལྟའི་ལམ་ལུགས་འདིའི་འོག་མང་གཙོ་ཡར་རྒྱས་འགྲོ་བ་དང། མང་གཙོ་རྒྱབ་བཤིག་རྒྱག་གི་ཡོད་པ། ཡང་ན་ལམ་ཁ་འགོག་གི་ཡོད་པའི་རྣམ་པ་ཤུགས་ཆེན་པོ་འདུག དཔེར་ན། རང་ཉིད་ཀྱི་ཚོགས་པའི་ལྟ་བ་ལངས་ཕྱོགས་དང་རང་ཉིད་ཀྱི་ཚོགས་མི་མ་ཡིན་པ་འོས་གཞིར་འདོན་གྱི་ཡོད་པ་དེ་གཅིག་རེད། གཉིས་པ་དེ་དབུས་གཙང་ཚོགས་པ་དང་མདོ་སྨད་ཚོགས་པ་ལྟ་བུ་དེ་ཚོས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིའི་ཆ་རྐྱེན་དང་མི་མཐུན་པའི་ཆ་རྐྱེན་བཞག་པ་དེ་ཚོར་མང་གཙོ་ཡར་རྒྱས་འགྲོ་བ་ལས། རྒྱབ་བཤིག་རྒྱག་གི་ཡོད་པ་གསལ་པོ་འདུག འདིས་མང་ཚོགས་ལ་ཤུགས་རྐྱེན་ག་རེ་ཡོད་པ་རེད་ཟེར་ན། ཤེས་མཁན་ཚོས་གསལ་པོ་ཤེས་ཀྱི་རེད་མོད། དོ་སྣང་མེད་མཁན་ཡང་ཡོད་པ་རེད་ལ། དེ་ཚོ་ཛ་དྲག་རེད། དཔེར་ན་མདོ་སྨད་ལྟ་བུར་མཚོན་ན། མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ལ་དངུལ་ཅུང་ཙམ་ཡོད་པ་དེ་འོས་བསྡུའི་སྐབས་མི་རེ་གཉིས་ཁྱབ་བསྒྲགས་ཆེད་བེད་སྤྱོད་བྱས་ན་འགྲིག་གི་མི་འདུག མདོ་སྨད་ཀྱི་ཤི་བོ་གསོན་པོ་གཉིས་ཀའི་མིང་བཙོང་ནས་བསགས་པ་རེད། མང་ཚོགས་ལ་འོས་བསྡུའི་ཆ་ཤས་ལེན་དགོས་པ་དང། འོས་བསྡུ་གལ་ཆེན་པོ་ཡིན་པ་ཁྱབ་བསྒྲགས་ཆེད་དུ་གཏོང་དགོས་པ་ལས། མི་རེ་གཉིས་འབུར་དུ་བཏོན་ནས། དེ་ཚོར་འོས་བླུགས་དགོས་པ་དང། གཞན་ཚོར་འོས་མི་བླུགས་ཆེད་བེད་སྤྱོད་བྱས་ན་འགྲིག་གི་མི་འདུག དེ་ལ་མི་མང་གིས་དོ་སྣང་བྱས་ནས་ཤེས་དགོས་པ་དེ་གལ་ཆེན་པོ་རེད།
དྲི་བ། འོས་གཞིའི་ནང་དུ་ལངས་མཁན་ཚོའི་ཐོག་མཐོང་སྣང་དང་དགོངས་ཚུལ་གང་ཡོད།
ལན། འོས་གཞིའི་ནང་རང་ཉིད་མངོན་གསལ་དོད་པོ་བྱས་ཏེ་ལངས་མཁན་དང། མངོན་གསལ་དོད་པོ་མ་ཡིན་པར་ལངས་མཁན་ཁག་ཅིག་འདུག དེ་གཉིས་ནང་ནས་བཀའ་ཁྲི་ཐོབ་རྒྱུར་རེ་བ་བྱས་ནས་ལངས་མཁན་དང། བཀའ་ཁྲི་ཐོབ་མི་དགོས་པར་གླེང་ཕྱོགས་ཤིག་བཟོས་ན་ཁེ་ཕན་གཞན་པ་རག་མཁན་སྐོར་ཞིག་ཡོད་པ་རེད། བཙན་བྱོལ་སྤྱི་ཚོགས་འདི་ཆབ་སྲིད་ལྟ་གྲུབ་ཡོད་པའི་ཚོགས་པའི་ལམ་ལུགས་ཅན་གྱི་གཞུང་ཞིག་མ་རེད། དེ་མེད་པས། ལྟ་བ་ཞིག་གི་ཐོག་ནས་མི་མང་ཕྱོགས་གཅིག་ཏུ་ཡོང་སའི་ལམ་ཁ་མི་འདུག ང་ཚོར་སྔོན་མ་ནས་ཡོད་པའི་ཁྱིམ་རྒྱུད་ཆེན་མོ་ཚོ་རེད། དེ་ཚོའི་རྣམ་འགྱུར་འབུར་དུ་ཐོན་པ་དང་ཤུགས་རྐྱེན་མངོན་གསལ་དོད་པོ་རེད། སྤྱིར་བཏང་ཁྱིམ་རྒྱུད་ཀྱི་ཤུགས་རྐྱེན་མེད་པའི་མང་གཙོ་ཞིག་ཡོད་པ་རེད་དམ་ཟེར་ན། དེ་ཡང་ཁག་པོ་རེད། མང་གཙོའི་ནང་དུ་ཁྱིམ་རྒྱུད་ཀྱི་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་དཔེར་ན། ཨ་རིའི་བྷུ་ཤི་ཡི་ཕ་བུ་གཉིས་ཀ་སྲིད་འཛིན་བྱས་པ་རེད། ཁི་ལེན་ཊོན་སྲིད་འཛིན་བྱས་པ་དང། རྗེས་སུ་ཁོའི་སྐྱེ་དམན་རྒྱལ་ཁབ་ཀྱི་ཕྱི་སྲིད་དྲུང་ཆེ་ཆགས་པ་རེད། དེ་ལ་ཁྱིམ་རྒྱུད་ཀྱི་རྣམ་པ་ཡོད་ནའང། ལམ་ལུགས་འཐུས་ཚང་འོག་གི་ཁྱིམ་རྒྱུད་ཀྱི་རྣམ་པ་ཡིན་པ་ལས། ང་ཚོ་ལྟ་བུའི་ནག་ཁུང་ནང་ནས་གསལ་ཁ་མེད་པ་དེ་འདྲ་མ་རེད། ང་ཚོའི་ཁྱིམ་རྒྱུད་ཀྱི་ཆབ་སྲིད་འདིར་ཕྱོགས་གཞན་ནས་བོད་དོན་འཐབ་རྩོད་ལས་ཁྱིམ་རྒྱུད་བར་གྱི་ཞེ་འཁོན་ཤུགས་ཆེ་བ་གསལ་པོ་རེད། དེ་ཚོ་ཁྱེར་ཡོང་ནས་འོས་བསྡུའི་ནང་སླེབས་ན་ང་ཚོའི་མང་གཙོ་མདུན་བསྐྱོད་བྱེད་པ་ལས། རྒྱབ་བཤིག་རྒྱག་རྒྱུར་ཉེན་ཁ་ཆེན་པོ་རེད། འོས་བསྡུའི་ནང་ལངས་མཁན་ཡིན་ནའང་རེད། མིན་ནའང་རེད། མི་མང་གིས་གསལ་པོ་ཤེས་དགོས་པ་ཞིག་ལ་ཁྱིམ་རྒྱུད་ཆེན་མོའི་རིགས་ལངས་ཀྱི་ཡོད་པ་དང། དེ་ཚོའི་རྩ་བའི་དམིགས་ཡུལ་གང་ཡིན། དེ་ཚོ་ལངས་ན་མང་གཙོའི་ཕྱོགས་ལ་སྐུལ་འདེད་བྱེད་རྒྱུ་དང་ཉེན་ཁ་གཉིས་ནས་གང་ཡོང་ཤེས་པའི་ཐོག་ནས་འོས་བླུགས་ཏེ། སྤྱི་ཚོགས་ཀྱི་འགལ་བ་རྙིང་པ་དང་ལྟ་བ་རྙིང་པའི་རྩོད་གཞི་མེད་པའི་མི་རབས་གསར་པ་ཞིག་ཐོབ་ཐབས་བྱེད་རྒྱུ་གལ་ཆེན་རེད།
དྲི་བ། བཀའ་བློན་ཁྲི་པར་འོས་ལངས་རྒྱུ་གྲ་སྒྲིག་བྱེད་མཁན་ཚོའི་ནང་དམིགས་བསལ་གྱི་རེ་བ་བྱེད་ས་དང། ཡང་ན་དོགས་པ་བྱེད་སའི་རིགས་ཡོད་དམ།
ལན། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལངས་ཀྱི་ཡོད་པ་རེད། བཀྲས་མཐོང་ཚང་གི་ཁྱིམ་རྒྱུད་དེར་བོད་ཀྱི་ལོ་རྒྱུས་ནང་རྒྱལ་ཚོང་པ་དང། རྒྱལ་གཅེས་པ། ཤེས་ཡོན་པ་ཚང་མ་བྱུང་འདུག ཡིན་ནའང། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལངས་ཀྱི་ཡོད་པ་དེ་གནའ་སྔ་མོའི་ནང་ཁུལ་གྱི་ཞེ་འཁོན་རྩོད་དུ་ཡོང་བ་ལས་བོད་དོན་བྱེད་རྒྱུ་མ་རེད་ཅེས་ངས་བཤད་མི་ཐུབ་མོད། འདི་ཚོ་སླེབས་པ་དང་མཉམ་དུ་སྤྱི་ཚོགས་འདིའི་ནང་གི་སྔོན་མའི་གཏིང་ནད་རིགས་སླར་ཡང་སླེབས་རྒྱུ་ཡིན་པ་གསལ་པོ་རེད། བློ་བཟང་སྦྱིན་པ་ལངས་ཀྱི་ཡོད་པ་རེད། རྒྱབ་སྐྱོར་བྱེད་མཁན་ཡོད་པ་རེད། ད་ལོ་ཆུ་བཞི་སྒང་དྲུག་རྙིང་པས་བློ་བཟང་སྦྱིན་པར་མངོན་གསལ་གྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། བློ་བཟང་སྦྱིན་པ་སྐུ་སྒེར་ཡིག་ཚང་ནང་ཡོད་སྐབས། གཙོ་བོ་བཀྲས་མཐོང་བསྟན་འཛིན་དགེ་བྱེད་དང་མ་འཆམ་པ་རེད། ཁོང་གིས་དངུལ་ཟོས་སོང་ཟེར་གྱི་ཡོད་པ་དེ་གང་ཡང་མ་རེད། དངོས་གནས་ཁྱིམ་རྒྱུད་ཀྱི་འཐབ་རྩོད་ཅིག་རེད། བློ་བཟང་སྦྱིན་པ་ལངས་དགོས་པའི་རྒྱུ་མཚན་དེ་རེད། ཆུ་བཞི་སྒང་དྲུག་གིས་བློ་བཟང་སྦྱིན་པ་བཀའ་ཁྲིའི་འོས་གཞིའི་དང་པོར་འཇོག་གི་ཡོད་པ་དང། བཀྲས་མཐོང་ཚང་གི་ཁ་གཏད་ཡིན་པ་གསལ་པོ་རེད།
གཉིས་པ་དེར་ཁྱིམ་རྒྱུད་ཆེན་མོ་གཅིག་རྒྱ་རི་རིན་པོ་ཆེ་ཚང་རེད། རྒྱ་རི་སྒྲོལ་མ་འོས་མིའི་ནང་ལངས་ཀྱི་ཡོད་ནའང། མི་མང་པོ་ཞིག་གིས་རྒྱ་རི་སྒྲོལ་མ་ཐོབ་སྲིད་ཀྱི་མ་རེད་ཟེར་གྱི་འདུག དེ་ན་རྒྱ་རི་སྒྲོལ་མས་ཐོབ་ཀྱི་ཡོད་མེད་ཧ་མ་གོ་བར་ལངས་ཀྱི་ཡོད་པ་རེད་དམ་ཟེར་ན། དེ་ཡང་མ་རེད། སྤྱི་འཐུས་ཀྱང་བྱེད་ཀྱི་མིན་ཟེར་གྱི་ཡོད་པ་རེད། རྒྱ་རི་ཚང་གིས་སྐད་ཆ་གཉིས་བཤད་ནས་དང་པོ་དེ་བཀྲས་མཐོང་ཚང་ལ་བཤད་འདུག་ཟེར་གྱི་ཡོད་པ་རེད། བཀྲས་མཐོང་གི་ཁ་གཏད་གཅིག་བློ་བཟང་སེང་གེ་ཆགས་ཀྱི་ཡོད་པས། རྒྱ་རི་སྒྲོལ་མས་མོ་ན་གཞོན་ཡིན་པ་དང། བུད་མེད་ཡིན་པའི་ངོས་ནས་བློ་བཟང་སེང་གེའི་འོས་མར་འཐེན་ཐུབ་ན། མ་འོངས་པར་མོ་བཀའ་བློན་ཞིག་ལ་བསྐོ་ཐུབ་པའི་སྐད་ཆ་འདུག་ཟེར་གྱི་ཡོད་པ་རེད། ང་ཚོའི་ཆབ་སྲིད་ལ་འདི་ལྟར་ལྟ་བ་ལས། མང་གཙོའི་བསྒྲགས་གཏམ་དང་ཡིག་ཆ་ཡོད་པའི་ཐོག་ལྟ་རྒྱུ་ཡོད་པ་མ་རེད། ང་ཚོའི་འདི་ལྐོག་གྲོས་རྐྱང་རྐྱང་རེད། རྒྱུས་ཡོད་ཚོས་ལག་རྩ་ལྟ་བུར་བལྟས་ཏེ་སྙིང་རྩ་ག་འདྲ་འཕར་གྱི་འདུག་ལྟ་བ་ལས། གློག་གི་ངོས་སུ་བཞག་ནས་འདི་ཚོར་ལས་འཆར་འདི་འདུག་ཅེས་བཤད་ཐུབ་ཀྱི་ཡོད་པ་མ་རེད། སྐད་ཆ་གཅིག་དེ་རྒྱ་རི་སྒྲོལ་མ་དང་སྤེན་པ་ཚེ་རིང་འདི་ཚོས་ཟམ་གདོང་རིན་པོ་ཆེ་ཡང་བསྐྱར་སླེབས་ཐབས་སུ་བཅའ་ཁྲིམས་བསྒྱུར་བཅོས་ཀྱི་ལས་ཀ་ཞིག་ཀྱང་བྱེད་ཀྱི་ཡོད་པ་རེད། རྒྱ་རི་རིན་པོ་ཆེས་ཉེ་སྔོན་ཁོང་བཀའ་ཁྲིར་ལངས་རྒྱུ་མིན། ཡག་ཤོས་བྱུང་ན་ཟམ་གདོང་རིན་པོ་ཆེ་ཡག་གི་རེད་ཅེས་བཤད་པ་དེ་རྒྱ་རི་ཚང་གིས་བརྡ་ལན་ཞིག་སྤྲོད་ཀྱི་ཡོད་པ་རེད། བྱེད་སྟངས་འདི་དག་གིས་ཀྱང་མང་གཙོ་ཡར་རྒྱས་ལ་ཉེན་ཁ་ཆེན་པོ་ཞིག་སྤྲོད་ཀྱི་ཡོད་པ་རེད་འདོད།
གསུམ་པ་དེ་ཁྱིམ་རྒྱུད་ཆེན་མོ་ཡབ་གཞིས་ཚང་རེད། ཡབ་གཞིས་ཚང་ད་ལྟ་བཀའ་ཁྲིའི་འོས་མིའི་ནང་ལངས་ཀྱི་མེད་མོད། ཁོང་ཚོར་སྔོན་མ་ནས་གོ་སྐབས་མ་རག་པ་མ་རེད། ཡིན་ནའང་འདི་ཚང་ནུབ་ཕྱོགས་པར་དགའ་དྲགས་པ་དང། རྒྱ་ཟས་ལ་རྔམ་དྲགས་པས་ཚང་མ་རྒྱ་མ་བོད་དུ་གྱུར་ནས། ད་ཆ་མི་རྒན་རྙིང་པ་ཚོ་མ་གཏོགས་བཀའ་བློན་ནང་དུ་ལངས་མཁན་ཞིག་མེད་པ་རེད། དཔེར་ན་མདོ་སྨད་དབུས་རྒྱུན་ནས་བསྐྱར་དུ་རྒྱལ་ལོ་དོན་འགྲུབ་ཀྱི་མིང་བཀའ་ཁྲིའི་ནང་བཏོན་འདུག་པ་ལྟ་བུ་རེད།
གཞན་ཡང་སྐབས་འདིར་མི་དཀྱུས་མ་བཀའ་ཁྲིར་ལངས་མཁན་མང་པོ་རེད་མོད། ཡར་སླེབས་ཐུབ་ས་རེད་བསམ་པ་བློ་བཟང་སེང་གེ་རེད། བློ་བཟང་སེང་གེར་རྙོག་གྲ་གཅིག་ཀྱང་ཡོད་པ་མ་རེད་ཟེར་ན། ལོ་ཆུང་ཆུང་ཡིན་དུས་ཤེས་ལ་མ་ཤེས་ངང་ཆུང་ཙག་རེ་བྱས་ཡོད་སྲིད་པ་རེད་མོད། དེ་ཙམ་གྱིས་ཁྱིམ་རྒྱུད་རྙིང་པ་དང། འཐབ་རྩོད་རྙིང་པའི་ནང་དུ་ཚུད་མེད་པ་དེས་ང་ཚོ་ལ་མཚོན་ན་ནང་ཁུལ་འཆམ་མཐུན་ལ་ཆ་རྐྱེན་གཅིག་རེད། དེ་ངས་བློ་བཟང་སེང་གེ་ཁོང་དྲིལ་བསྒྲགས་བྱས་པ་ཙམ་མ་ཡིན་པར་དངོས་ཡོད་གནས་ཚུལ་རེད་ལ། མ་གཞི་བློ་བཟང་སེང་གེ་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་འཛོམས་ཤིག་རེད་ཅེས་བཤད་ཐུབ་ཀྱི་མེད་མོད། ད་ཡོད་ཀྱི་བཀའ་ཁྲིར་ལངས་མཁན་ཚོའི་ནང་གི་མི་གཙང་མ་ཞིག་ལ་ང་ཚོས་ངོས་འཛིན་བྱེད་ཆོག་གི་རེད། འོན་ཀྱང་ཁོང་ཐོབ་ཀྱི་རེད་དམ་མ་རེད་ཟེར་ན། གངས་སྐྱིད་ཀྱི་གཡས་གཡོན་དུ་བཀྲས་མཐོང་ཡག་གི་ཟེར་གྱི་ཡོད་པ་རེད། ཅི་ཞིག་ལ་ཡག་པོ་འདུག ག་རེ་བྱེད་ཀྱི་རེད། བོད་དོན་ཆེད་མ་འོངས་པར་ཕུགས་བསམ་དང་འཆར་སྣང་ག་རེ་འདུག ད་ལྟ་ཁ་ཚ་དགོས་གཏུག་གིས་ག་རེ་བྱེད་ཀྱི་རེད། དེ་ཚོར་བཀྲས་མཐོང་གིས་ཁ་གྲགས་ཀྱི་མི་འདུག ཡིན་ནའང་བཀྲས་མཐོང་ཡག་པོ་འདུག་ཟེར་གྱི་ཡོད་པ་དེ་ང་ཚོར་མཚོན་ན། ཁྱིམ་རྒྱུད་འདི་ཚོས་ནང་ཁུལ་གྱི་ཆབ་སྲིད་འཁྲབ་ཤེས་ཀྱི་རེད། ང་ཡར་སླེབས་སོང་ན་ཁྱོད་ལ་རྐུབ་བཀྱག་ཅིག་ཡོད། ཁྱོད་ཀྱི་རྐུབ་བཀྱག་ལ་འགྱུར་བ་མི་གཏོང་ཟེར་གྱི་ཡོད་པ་ལྟ་བུའི་རྣམ་པ་ཤུགས་ཆེན་པོ་ཡོད་པ་རེད། དེ་བས་གངས་སྐྱིད་དུ་བཀྲས་མཐོང་སླེབས་ན་ཡག་པོ་འདུག་ཟེར་བ་དེ་བཀྲས་མཐོང་ཡག་པོ་འདུག་ཟེར་གྱི་ཡོད་པ་མ་རེད། བཀྲས་མཐོང་ཐོབ་སོང་ན་ངའི་རྐུབ་བཀྱག་ལ་འགྱུར་བ་གཏོང་གི་མ་རེད་ཟེར་གྱི་ཡོད་པ་དེ་རེད། འདིའི་རིགས་ཕྱོགས་མཐའ་ཁག་གིས་ཤེས་རྒྱུའི་གོ་སྐབས་མི་འདུག ང་ཚོའི་ཆབ་སྲིད་དབྱེ་ཞིབ་པ་ཟེར་ནའང་རེད། དོ་སྣང་ཡོད་མཁན་ཚོས་འདིའི་རིགས་གསལ་པོ་བཟོས་ན། དངོས་གནས་སྤྱི་ཚོགས་ནང་ནས་མི་ཡང་དག་པ་ཞིག་སླེབས་ཐུབ་རྒྱུར་ཕན་ཐོགས་ཀྱི་རེད། སྤྱིར་མང་གཙོའི་གོ་རིམ་ཁྲོད་ལྟ་གྲུབ་ཀྱི་ཆ་ནས་མི་རྣམ་དཔྱོད་ཅན་མང་པོ་ཞིག་གིས་ལྟ་བའི་ལམ་ཁ་བཟོ་དགོས་པ་རེད་ལ། གདོང་ལེན་མང་པོ་དགོས་པ་དང། བློ་ཁོག་ཅན་མང་པོས་ལས་ཀ་བྱེད་དགོས་པ་རེད། མང་གཙོའི་འཕེལ་རིམ་ཁྲོད་འགྲོ་སོང་གཏོང་མི་དགོས་པ་དང། ཉལ་བསྡད་ནས་ཡོང་བ་ཞིག་མ་རེད། བློས་གཏོང་ཞིག་དགོས་པ་རེད། བླ་མ་ལ་ངོ་ལོག་དགོས་བྱུང་ནའང་རེད། ཁྱིམ་ཚང་ལ་ངོ་ལོག་དགོས་བྱུང་ནའང་རེད། དངོས་གནས་མི་རབས་རྗེས་མའི་མདུན་ལམ་བརླག་གི་འདུག་བསམ་ན་སྤོབས་པ་ཅན་ཚོའི་དྲང་ཚུགས་ཐུབ་རྒྱུ་གལ་ཆེན་པོ་རེད། དེ་བྱེད་ཐུབ་ན་ལམ་ཁ་ཞིག་ཡོད་པ་རེད་བསམ་གྱི་འདུག །
{jcomments on}