སྨོན་ལམ་དང་ཁོང་གི་ལག་རྗེས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༩༥
སེར་སྨད་གྲྭ་བློ་བཟང་སྨོན་ལམ་ནི་ད་ལྟའི་ཆར་བོད་གཞིས་བྱེས་གཉིས་ཀྱི་ནང་བོད་ཡིག་ལ་དོ་སྣང་དང་། དང་འདོད་ཡོད་མཁན་གྱི་བོད་པ་ཚོའི་ཁྲོད་དུ་གོ་མ་མྱོང་མཁན་ཞིག་ཕལ་ཆེར་མེད་ཚོད་དུ་སྣང་ལ། ཆ་འཕྲིན་གྱི་དུས་རབས་འདིར་གློག་འཕྲུལ་གྱི་ལག་རྩལ་ཁྱབ་ཁོངས་ནང་བོད་ཡིག་གི་ཐད་ལ་གྲུབ་འབྲས་འབུར་དུ་ཐོན་པ་ཁོང་ལྟ་བུ་ཁྱབ་བསྒྲགས་འགྲོ་སླ་བ་ནི་རང་བཞིན་དུ་གྱུར་ཡོད།
གྲྭ་རྐྱང་སྨོན་ལམ་ལགས་ཀྱིས་འབད་བརྩོན་ལྷོད་མེད་ཀྱི་ཐོག་ནས་སྨོན་ལམ་བོད་ཡིག་དང་པོ་གསར་བཟོ་བྱས་པ་དང། དེའི་རྗེས་སུ་སྨོན་ལམ་བོད་ཡིག་གཉིས་པ་དང། ལོ་གཅིག་མ་ཟིན་ཙམ་གྱི་སྔོན་ལ་རྒྱལ་སྤྱིའི་གཅིག་གྱུར་ཨང་སྒྲིག་ཅན་གྱི་སྨོན་ལམ་བོད་ཡིག་གསུམ་པ་གསར་བཟོ་དང་འགྲེམས་སྤེལ་གནང།  ད་དུང་སྨོན་ལམ་བོད་ཀྱི་སྐད་གདངས་ཞེས་ཡིག་གཟུགས་ཀྱི་མཉམ་དུ་སྐད་གདངས་ཡོང་ཐུབ་པ་ཞིག་ཀྱང་གསར་བཟོ་གནང་ཡོད། ཉེ་བའི་ཆར་ཁོང་གིས་གློག་འཕྲུལ་ཚིག་མཛོད་ཅིག་གསར་སྒྲིག་གནང་ཡོད་པ་དང་། དེ་ཡང་གཙོ་བོ་བོད་ཡིག་གཞིར་བཞག་དང། དེའི་སྟེང་ཕན་ཚུན་སྟབས་བདེ་པོའི་ཐོག་ནས་བོད་དབྱིན་གྱི་ཚིག་དོན་འགྲེལ་བཤད་འཚོལ་ཐུབ་པ་སོགས་ཀྱི་ཁྱད་ཆོས་ཡོད་པ་ཞིག་གསར་བཟོ་གནང་ཡོད་པ་རེད། ཚིག་མཛོད་དེ་ཟླ་ཤས་རྗེས་སྤྱི་ཚོགས་ནང་དངོས་སུ་འགྲེམས་སྤེལ་གནང་རྒྱུ་ཡིན་འདུག དེའི་རྗེས་སུ་ད་དུང་ཚིག་མཛོད་ཆེན་མོ་ཞིག་གསར་སྒྲིག་གི་ལས་འཆར་ཞིག་ཀྱང་ཡོད་འདུག་ལ། ལས་གཞི་དེ་ཧ་ཅང་གཞི་རྒྱ་ཆེ་ནའང་ཁོང་གི་ནུས་པ་དང་ལས་ཆོད་ཀྱི་ཐོག་ནས་བལྟས་ན་གྲུབ་འབྲས་ཐོན་ངེས་པ་ཞིག་ཏུ་གྱུར་འདུག ཁོང་གིས་རྣམ་དཔྱོད་དང་ལག་རྩལ་ལས་བྱུང་བའི་ཡིག་གཟུགས་དང་། སྐད་གདངས། གློག་འཕྲུལ་ཚིག་མཛོད་སོགས་ཚང་མ་སྤྱི་ཚོགས་ནང་རིན་མེད་ཁོ་ནའི་ཐོག་ནས་འགྲེམས་སྤེལ་གནང་གི་ཡོད་པས། བོད་ཀྱི་སྐད་ཡིག་རིག་གནས་ཡར་རྒྱས་ཁོ་ནའི་ཆེད་དུ་དམིགས་པ་ལས་ཚོང་ཁེའི་ཆེད་དུ་གཏན་ནས་དམིགས་མེད་པའང་ཧ་ཅང་གསལ་པོ་རེད།
སྐུ་ཞབས་བློ་བཟང་སྨོན་ལམ་ལ་མཚོན་ན་གློག་ཀླད་སྐོར་ལ་ཆེད་སྦྱོང་བྱས་པ་ཞིག་མིན་ལ། དེང་དུས་ཀྱི་སློབ་གྲྭ་འགྲིམས་ནས་དབྱིན་ཡིག་དང་ཚན་རིག་སྐོར་ལ་ཆེད་སྦྱོང་བྱས་པ་ཞིག་ཀྱང་མ་རེད། ཁོང་གི་དམིགས་བསལ་སྐྱེས་སྟོབས་ཀྱི་ཡོན་ཏན་ཁོ་ན་ལ་བརྟེན་ནས་བྱུང་བའི་གྲུབ་འབྲས་ཤིག་ཏུ་གྱུར་ཡོད། ཁག་ཅིག་ཆུང་བྱིས་པའི་དུས་ནས་དཔེ་ཁུག་རྒྱབ་ཏུ་ཁུར་ཏེ་སློབ་གྲྭར་སོང་བ་དང་། གློག་ཀླད་ཀྱི་སྐོར་ལ་ཆེད་སྦྱོང་རྒྱུན་རིང་བྱས་ཀྱང་དམིགས་བསལ་གྱི་ནུས་པ་དང་གྲུབ་འབྲས་གང་ཡང་སྟོན་རྒྱུ་མེད་མཁན་མང་པོ་མཐོང་རྒྱུ་ཡོད་པས། ལ་ལས་ཚེགས་ཀྱིས་བསྒྲུབས་པ་ཡང། ལ་ལས་བདེ་བླགས་ཉིད་དུ་འགྲུབ་ཅེས་པའི་སྡོམ་ཚིག་དེ་ལ་བདེན་ཁ་མི་སྟེར་ཀ་མེད་དུ་གྱུར་འདུག  ལོ་ལྔ་དྲུག་ཅིག་གི་རིང་ཁོང་ལ་ཐོབ་པའི་གྲུབ་འབྲས་དེ་ལྟ་བུ་ཚོགས་སྡེ་དང་སྒྲིག་འཛུགས་གང་ལའང་བྱུང་མེད་ལ། རྒྱ་ནག་གཞུང་གིས་རྒྱ་སྒོར་ཁྲི་སྟོང་ཕྲག་མང་པོའི་འགྲོ་སོང་བཏང་ནས་བཟོས་པ་ཡིན་ཞེས་བརྗོད་བཞིན་པ་དག་དང་། སྐུ་ཞབས་སྨོན་ལམ་གཅིག་པུའི་དུས་ཐུང་ནང་གི་གྲུབ་འབྲས་གཉིས་ཡང་ལྕི་བཀྱག་ཀྱང་ངོ་གནོངས་གཏན་ནས་མི་དགོས་པ་ནི། ཁོང་གི་རྣམ་དཔྱོད་ཁོ་ན་ལས་བྱུང་བ་ཞིག་ཡིན། བོད་རིགས་གང་མང་ཞིག་གི་དམིགས་འདུན་བཞིན་གློག་འཕྲུལ་ལས་རིགས་ཁྲོད་བོད་ཡིག་གི་ཁྱབ་ཁོངས་རྒྱ་ཇེ་ཆེར་གྱུར་ཡོད་པ་དང། དེ་ནི་སྐུ་ཞབས་བློ་བཟང་སྨོན་ལམ་ལགས་དང། བོད་ནང་དུ་བཞུགས་པའི་གློག་ཀླད་རིག་པའི་སྐོར་ལ་ཆེད་ལས་མཁས་པ་བཀྲ་ཤིས་ཚེ་རིང་ལགས་གཉིས་ཀྱི་ལག་རྗེས་གཙོ་བོ་ཡིན་པའང་སྨོས་མི་དགོས་པ་རེད། ཁོང་དང་ཁོང་ལྟ་བུའི་མི་རབས་གསར་པ་གང་མང་ཞིག་འཚར་ལོངས་ཡོང་དགོས་པ་དང། གཞུང་སྒེར་གང་ཐད་ནས་དེ་ལྟ་བུའི་མི་སྣ་སྐྱེད་སྲིང་ཡོང་ཐབས་ལ་ཧུར་བརྩོན་བྱེད་དགོས་པའང་ཧ་ཅང་གལ་ཆེར་མཐོང།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།