མང་གཙོའི་སྤྱི་ཚོགས་ནང་མི་མང་གི་འོས་འགན།

ཐུབ་བསྟན་རབ་བརྟན།  སེར་བྱེས་བྱ་བྲལ།
གུས་པས་བསམ་ཞིབ་ཀྱིས་དྲན་སྐུལ་ཞིག་ཞུ་འདོད་བྱུང་། ང་ཚོའི་འདས་པའི་ལོ་རྒྱུས་ལས་མཐོང་ཐུབ་པ་ཞིག་ནི། དུས་རབས་ཀྱི་འགྱུར་འགྲོས་མ་རྟོགས་པའམ། རྟོགས་ཀྱང་གཡོལ་ཐབས་བྱས་པའི་འབྲས་བུ་སྟེ།

ད་ལྟ་འཚོ་བཞིན་པའི་རྒན་དར་གཞོན་གསུམ་གྱིས་མ་བརྗེད་པར་བྱེད་དགོས་པ་ཞིག་སྟེ། སྐུ་དྲག་དཔོན་དྲག་ཚོས་མི་མང་གི་རེ་འདོད་སྒྲུབ་ཐུབ་མིན་ལ་མ་ལྟོས་པར་བུ་རབས་ཚ་རྒྱུད་ཀྱིས་དབང་ཆ་འཛིན་ཆེད་དུ་བོད་མི་རིགས་ལ་ཆེས་གནོད་ཚབས་ཆེ་བའི་ནང་ཁུལ་དུ་དབང་ཆ་འཕྲོག་རེས་ཀྱི་འཁྲུག་རྩོད་བྱས་པའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ། ཆོས་བརྒྱུད་སོ་སོའི་བླ་ཆེན་དག་གིས་ལྟ་བ་ཕྲ་རེག་ལ་དྲི་མ་མེད་པའི་རིག་ལམ་གྱི་རྩོད་པ་མི་རྩོད་པར་བསྟན་པ་ལ་ཤ་ཚ་ཁུལ་གྱིས་དོན་དུ་བསྟན་པ་ལ་རྨ་འབྱིན་པའམ། བསྟན་པའི་སྙིང་པོ་དང་འགལ་བའི་ཕན་ཚུན་དམག་འཁྲུག་དང་སྐུ་གསུང་ཐུགས་རྟེན་གཏོར་བཅོམ་བྱས་པ་སོགས་དང་། ས་གནས་འགའ་ཞིག་ཏུ་དཔོན་དྲག་དག་གི་མཁར་གྱི་ཏོག་མཐོང་ས་ནས་རྟ་བཞོན་མི་ཆོག་པ་དང། དགོན་པ་སོགས་ཀྱི་ལས་སྣེ་བའི་ངོར་ལྟ་མི་ཆོག་པ་སོགས་ཆེས་རྙིང་རུལ་གྱི་སྤྱོད་ཚུལ་ཁྲོན་པའི་ནང་གི་སྦལ་བའི་ལྟ་ཚུལ་ལས་བརྒལ་མ་ཐུབ་པའི་བྱ་སྤྱོད་འདི་དག་གིས་བོད་མི་རིགས་ཀྱི་ལང་ཚོ་དང་དཔལ་ཡོན་མདུན་སྐྱོད། གསར་སྐྲུན། མི་རིགས་ཀྱི་སྙིང་སྟོབས་བཅས་ལ་འགོག་རྒོལ་ཚབས་ཆེན་བཟོས་ཡོད། ང་ཚོའི་སྤྱི་ཚོགས་ཀྱི་ནད་ཡམས་དེས་རྒྱུན་རིང་མནར་བ་དང། དུས་རབས་དང་མཐུན་པའི་སྨན་བཅོས་མ་བྱས་པར་བརྟེན་མཐར་བོད་མི་རིགས་འདི་ཉིད་འཆི་ལ་ཉེ་བའི་ནད་པ་ལྟར་གྱུར།

དེར་བརྟེན་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་སྤྱི་ཚོགས་བསྒྱུར་བཅོས་དང་བོད་ཀྱི་ཆབ་སྲིད་སྲ་བརྟན། ཤེས་ཡོན་ཡར་རྒྱས་སོགས་ཡོང་ཐབས་སུ་ཕྱག་ལས་དབུ་འཛུགས་གནང་ཡོད་ཀྱང། སྐབས་བབ་སྤྱི་ཚོགས་སྣེ་ཁྲིད་པ་དག་གིས་ལག་ལེན་བྱས་མེད། གནས་སྟངས་དེར་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་ཐུགས་ཕམ་ཆེན་པོ་གནང་ཡོད། ༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས། བོད་ཀྱི་མ་འོངས་པར་ཕུགས་རྒྱང་རིང་པོའི་ཁེ་ཕན་མངོན་གཟིགས་ཀྱིས་ཡང་དག་པའི་མང་གཙོ་མཚན་ཉིད་ཡོངས་སུ་ཚང་བའི་ཀ་བ་གསུམ་ལྡན་གྱི་གཞུང་གསར་འཛུགས་གནང་ཡོད། ད་ནི་ང་ཚོས་རྙིང་ཞེན་དང། བག་འཁུམ། ལྷོད་གཡེང་། སྤྱི་དོན་མི་སེམས་པའི་དོན་རྙིང་རུལ་བའི་བསམ་བློ་དག་དོར་ཏེ། གསར་སྐྲུན་གྱི་སྙིང་སྟོབས། རྣམ་དཔྱོད་ཀྱིས་བྱ་བ་རྒྱ་ཆེར་འཇུག་པ། དུས་ཀུན་དུ་གཟབ་ནན་བྱེད་ཐུབ་པ། ལྷག་བསམ་གྱིས་བསྐུལ་བའི་སེམས་ཤུགས་ཡོད་པ་བཅས་ཀྱི་སྒོ་ནས་ང་ཚོ་མདུན་དུ་སྐྱོད་དགོས།

ང་ཚོས་ངེས་པར་དུ་ལྷོད་གཡེང་མ་སོང་བར་ཡང་དག་པའི་མང་གཙོའི་ལམ་ལུགས་རྒྱུན་སྐྱོང་དང། འཕེལ་རྒྱས་ཀྱི་གོམས་གཤིས་འཇག་ཐབས་བྱེད་དགོས་ལ། ལམ་ལུགས་འདིའི་ཁེ་ཕན་དང་དགེ་མཚན་རྟོགས་པར་བྱེད་དགོས། མང་གཙོ་ཞེས་པ་ནི་མི་མང་གི་མངོན་འདོད་ལྟར་མི་མང་གི་ཁེ་ཕན་སྒྲུབ་པའི་ལམ་ལུགས་ཤིག་ལ་གོ་དགོས། མང་གཙོ་ཡོད་པའི་སྤྱི་ཚོགས་གང་ཡིན་ཡང། མང་གཙོ་ནི་རྒན་གཞོན་ཕོ་མོ་ཡོངས་ཀྱིས་ཤེས་ཡོན་དང་རྒྱུ་འབྱོར་ཡོད་མིན་གང་ལ་ཡང་མ་ལྟོས་པར་གཅིག་མཚུངས་ངང་ལོངས་སྤྱོད་ཐུབ་པ་དང་ཆོག་པ་དགོས། ང་ཚོའི་མང་གཙོ་ནི་མང་གཙོའི་ཁེ་ཕན་དང། མང་གཙོའི་རང་དབང་ཁོར་ཡུག་གིས་མི་མང་ཡིད་དབང་ཕྲོགས་ནས་མང་གཙོའི་སྒྲིག་ཁྲིམས་འོག་རང་དབང་གི་བདེ་སྐྱིད་ལོངས་སྤྱོད་ཆེད་དུ་རང་ཉིད་ཀྱི་དཀའ་སྡུག་བརྒྱ་ཕྲག་གིས་བསྒྲུབ་པའི་འབྲས་བུ་ཞིག་མིན་པར་བརྟེན་ང་ཚོའི་མང་གཙོ་ལ་ཆེ་མཐོང་ཐོབ་མེད། དེ་ནི་སྐབས་བཅུ་གཅིག་པ་དང་། བཅུ་གཉིས་པ། བཅུ་གསུམ་པ། བཅུ་བཞི་པ་བཅས་ཀྱི་སྤྱི་འཐུས་འོས་འདེམས་དང་སྐབས་བཅུ་གཉིས་པ། བཅུ་གསུམ་པ་བཅས་ཀྱི་བཀའ་བློན་ཁྲི་པའི་འོས་འདེམས་སྐབས་ཀྱི་འོས་བསྡུ་ལ་ཞུགས་མཁན་གྱི་གྲངས་འབོར་ལས་ར་སྤྲོད་གསལ་པོ་བྱུང་ཡོད། གལ་སྲིད་མང་གཙོའི་ལམ་ལུགས་འདི་གཞུང་མང་ཡོངས་ནས་གལ་གནད་ཆེ་བར་གཟིགས་ཏེ་བདག་སྐྱོང་མ་བྱས་ཚེ་མ་འོངས་བོད་ཀྱི་ཆབ་སྲིད་ལམ་ལུགས་དང་། མི་རིགས་མདུན་སྐྱོད་ཀྱི་ནུས་པ་སྐྱ་ཐལ་ཐལ་དུ་འགྱུར་ངེས་རེད། དེར་བརྟེན་ཤེས་ཡོན་ཅན་དང་གཞོན་སྐྱེས་ཚོས་ལབ་གླེང་བྱས་པ་ཙམ་མིན་པར་དོན་དངོས་སུ་ལག་པ་འཆང་སྟེ་མང་གཙོའི་སྒྲིག་འཛུགས་མ་ལག་དང་བཅས་པ་ཚགས་ཚུད་ཡར་རྒྱས་ཡོང་བར་འབད་དགོས། མང་གཙོའི་ལམ་ལུགས་ནང་ངེས་པར་དུ་བསྒྲུབ་དགོས་པའི་མི་མང་གི་འོས་འགན་ནི། ༡ ང་ཚོ་བོད་པ་ཚོས་ཆོལ་ཁ་ཆོས་ལུགས་དང་ལུང་ཚན་སོགས་ཀྱི་འཐེན་འཁྱེར་དོར་ཏེ་བོད་མི་རིགས་ཀྱི་ནུས་པ་ཆིག་སྒྲིལ་ཡོང་ཐབས་ལ་ལྷག་བསམ་དགོས། ༢ འོས་འཕེན་གྱི་སྐབས་སུ་འོས་མི་དེ་ལ་ཤེས་ཡོན་དང་ལྷག་བསམ། བོད་སྤྱི་ལ་ཕན་པའི་མི་ཞིག་ཡིན་མིན་ལ་བརྟག་དཔྱད་དྲང་མོ་བྱེད་པ། ༣ རང་ཉིད་ཀྱིས་འདེམས་བསྐོ་བྱས་པ་དེས་ལྷག་བསམ་རྣམ་དག་གིས་བོད་སྤྱི་དོན་ལ་ཕྱག་ལས་ག་འདྲ་གནང་གི་ཡོད་མེད་ལ་རང་ཉིད་ཀྱིས་དོ་ནན་པོས་བལྟ་རྟོགས་དགོས་པ། ༤ གཞུང་དང་སྲི་ཞུ་ལས་བྱེད་པས་བོད་མི་རིགས་ཀྱི་འཕྲལ་ཕུགས་ཁེ་ཕན་ལ་གནོད་པའི་བྱ་བ་གང་བྱས་ལ་དངོས་དང་བརྒྱུད་པའི་ལེགས་སྤེལ་ཉེས་འགོག་གི་ལས་འགུལ་རྩོམ་དགོས། ༥ བོད་མི་རིགས་ལ་ཕན་པའི་རང་ཉིད་ཀྱི་བསམ་འདུན་གང་ཡིན་གཞུང་ལ་ཞུ་སྐུལ་འཕྲལ་དང་དུས་སུ་འབུལ་དགོས། ༦ རང་ཉིད་ཀྱིས་བོད་སྤྱི་པའི་ལས་དོན་བསྒྲུབ་ཕྱིར་འདེམས་བསྐོ་བྱས་པའི་མི་སྣ་དེར་སྲི་ཞུ་བའི་སྡིངས་ཆ་འབུལ་མཁན་ཡང་རང་ཉིད་རེད་ལ་བོད་སྤྱི་པའི་ལས་དོན་ལ་གཏོར་བཤིག་བྱས་ན་སྡིངས་ཆ་དེ་ལས་མཐར་སྤྲོད་བྱེད་རྒྱུའི་དབང་ཆ་དེ་ཡང་རང་ཉིད་ལ་ཡོད། གནད་དོན་འདི་དག་ལ་འགན་འཁུར་ཏེ་རང་ཉིད་ནི་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་སྣོད་བཅུད་སོགས་ཡོད་ཚད་ནས་ཡོད་ཚད་འཇིག་ལ་ཉེ་བའི་དུས་སྐབས་སུ་སྐྱེས་པའི་བོད་པ་ཞིག་ཡིན་པས་དྲན་གསོ་དང་འགན་ཁུར་དུས་རྟག་ཏུ་ལེན་དགོས། ཞེས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོ་གསོལ་རས་གནང་ནས་ལོ་འཁོར་ཧྲིལ་པོ་ལྔ་བཅུ་འཁོར་བའི་དུས་དྲན་དང་སྟབས་བསྟུན་ཏེ་ཕུལ།།

Leave a Reply

Your email address will not be published. Required fields are marked *