ལྡི་ལི་ཆུ་སྒང་ས་གནས་ནས་བཀྲམ་པའི་མདོ་སྟོད་སྤྱི་འཐུས་ཀྱི་འོས་གཞི།

རྒྱལ་གཅེས་ལྷག་བསམ་དང་རྣམ་དཔྱོད་ཀྱིས་རབ་ཏུ་ཕྱུག་པའི་མདོ་སྟོད་བླ་སྤྲུལ་འགོ་མང་སེར་སྐྱ་ཡོངས་ཀྱི་སྙན་ལམ་དུ་ཞུ་དོན་གྱི་སྙིང་པོ་ནི། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༧གོང་ས་ཡིད་བཞིན་ནོར་བུ་མཆོག་གིས་གཞུང་མང་བར་ཡང་དག་མང་གཙོའི་ལམ་བཟང་གསོལ་བསྩལ་གནང་ནས།

སྤྱི་འཐུས་གཙོས་རིམ་པས་བཀའ་བློན་ཁྲི་པའང་འོས་འདེམས་ཀྱི་ལམ་ནས་སྐབས་གསུམ་པར་ཕེབས་ཀྱི་ཡོད་པ་འདི་ནི། ༧གོང་ས་མཆོག་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཞིག་རེད་ལ། མང་གཙོའི་ལྟ་གྲུབ་ངོ་མའང་དེ་ཡིན། འོན་ཀྱང་མདོ་སྟོད་ཀྱི་སྤྱི་འཐུས་དང། ཆུ་སྒང་དབུས་རྒྱུན་གྱི་འོས་གཞི་འདྲ་མིན་བྱུང་ཚེ་ངོས་ལེན་མེད་ལུགས་སོགས་ཀྱི་གླེང་སློང་ཞིག་ཡོད་པ་དེ་ནི། ང་ཚོའི་བཙན་བྱོལ་བོད་ཀྱི་ཡང་དག་མང་གཙོ་དང་འགལ་བ་མ་ཟད། རྒྱལ་སྤྱིའི་མང་གཙོའི་ཁེ་དབང་དང་ཡང་འགལ་བ་ཞིག་རེད། རྒྱུ་མཚན་འདི་འདྲའི་དབང་གིས་ད་རེས་འདིར་སྐབས་སུ་བབ་པའི་སྐབས་བཅོ་ལྔ་པའི་མདོ་སྟོད་ཀྱི་སྤྱི་འཐུས་ཀྱི་མི་འགྲོ་འོས་གཞི་འདི་རྒྱལ་སྤྱིའི་མང་གཙོའི་ལུགས་དང་མཐུན་པའི་ཐོག་ནས་འདོན་སྤེལ་ཞུ་རྒྱུ་གཤམ་གསལ།
ཨང་།    མཚན།                    ལུང་ཚན།    སྡོད་གནས།    ལས་གནས།
༡    ཟམ་གདོང་རིན་པོ་ཆེ།          ལུང་ཚན། འཇོལ་པ།      སྡོད་གནས།  དྷ་ས།   ལས་གནས། བཀའ་ཁྲི།
༢    པདྨ་བདེ་ལེགས།             ལུང་ཚན།  གླིང་ཚང།      སྡོད་གནས།  སྦེལ་ཀོབ།  ལས་གནས།  མཉམ་འབྲེལ་ཚོགས་གཙོ།
༣    རྡོ་རྗེ་དབང་འདུས།           ལུང་ཚན།  ལི་ཐང།       སྡོད་གནས།  ལྡི་ལི།  ལས་གནས།  སྤྱི་འཐུས།
༤    བསྟན་འཛིན་བདེ་མཆོག      ལུང་ཚན།  སྨར་ཁམས།    སྡོད་གནས། མོན་གྷོ་དང་ལྡི་ལི།  ལས་གནས།  བྱམས་བརྩེ་ཚོགས་པའི་ཚོགས་གཙོ།
༥    གསེར་རྟ་ཚུལ་ཁྲིམས།         ལུང་ཚན།  གསེར་རྟ།     སྡོད་གནས། དྷ་ས།  ལས་གནས།  སྤྱི་འཐུས།
༦    སྐལ་བཟང་རྒྱལ་མཚན།      ལུང་ཚན།   འབའ་པ།    སྡོད་གནས།  དྷ་ས།   ལས་གནས། སྤྱི་འཐུས།
༧    གྲའུ་ཚེ་བརྟན།            ལུང་ཚན།   སྒ་པ།     སྡོད་གནས། ཀུམ་རའོ།   ལས་གནས། དབུས་རྒྱུན།
༨    བསྟན་འཛིན་ནོར་བུ།       ལུང་ཚན།   ཏྲེ་ཧོར།   སྡོད་གནས། དྷ་ས།  ལས་གནས།  ཁྲིམས་དོན་སློབ་སྟོན་པ།
༩    བློ་བཟང་ཡེ་ཤེས།          ལུང་ཚན།  ཚ་བ་རོང།   སྡོད་གནས། སྦེལ་ཀོབ།  ལས་གནས།  བོད་རྒྱའི་ཉམས་ཞིབ་པ།
༡༠    པ་རྡོ།                 ལུང་ཚན། རྫ་ཆུ་ཁ།   སྡོད་གནས། ལྡི་ལི།   ལས་གནས། དབུས་རྒྱུན་དངུལ་གཉེར།
༡༡    གངས་ལྷ་མོ།           ལུང་ཚན། བྲག་གཡབ།   སྡོད་གནས། དྷ་ས།  ལས་གནས།  བང་ཆེན་གསར་འགོད་པ།
༡༢    ཀརྨ་བསམ་འགྲུབ།      ལུང་ཚན། རི་བོ་ཆེ།    སྡོད་གནས། ཨོ་རི་ས།  ལས་གནས།  དབུས་རྒྱུན།
༡༣    ཚེ་དབང་བསྟན་འཛིན།   ལུང་ཚན། སྡེ་དགེ།  སྡོད་གནས།  ཧོང་སུར།  ལས་གནས།  ཨ་ལི་སི་སློབ་གྲྭའི་སྤྱི་ཁྱབ།
༡༤    བཀྲ་ཤིས་དབང་འདུས།   ལུང་ཚན། སྦྲ་ཆེན།   སྡོད་གནས། སྦེལ་ཀོབ།   ལས་གནས།   ཨ་རི་རྒྱལ་སྤྱིའི་རིག་པའི་སློབ་མ།
༡༥    དོན་འགྲུབ་ལྷ་དར།      ལུང་ཚན།   སོག་རྫོང།  སྡོད་གནས།  དྷ་ས།  ལས་གནས།  བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ཚོགས་གཞོན།
༡༦    འཇམ་དབྱངས་བཟོད་པ།  ལུང་ཚན།  ལི་ཐང།  སྡོད་གནས།  དྷ་ས།    བང་ཆེན་གསར་འགོད་པ།
༡༧    ཨ་རྡོ།                ལུང་ཚན། ནང་ཆེན།   སྡོད་གནས། སྦེལ་ཀོབ།   ལས་གནས། ཆུ་སྒང་དབུས་རྒྱུན།
༡༨    དཀོན་མཆོག་ནོར་བུ།    ལུང་ཚན། སྡེ་དགེ།  སྡོད་གནས།  སྦེལ་ཀོབ།   ལས་གནས། ཆུ་སྒང་དབུས་རྒྱུན་ཚོགས་གཙོ་ཟུར་པ་དང་སྤྱི་ཟུར།
༡༩    ཆོས་སྐྱོང་དབང་ཕྱུག    ལུང་ཚན། སྒ་པ།   སྡོད་གནས། ལྡི་ལི།  ལས་གནས།  བོད་ཀྱི་གྲོས་ཚོགས་དང་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན།
༢༠    ཚེ་རིང་དར་རྒྱས།    ལུང་ཚན། གླིང་ཚང༌།  སྡོད་གནས།  བལ་ཡུལ།   ལས་གནས། རང་བཙན་ཚོགས་ཆུང་གི་ཚོགས་གཙོ།

སྤྱིར་བཏང་གི་འགྲོ་བ་མིའི་ལུས་རིན་པོ་ཆེ་ཐོབ་པའི་གང་ཟག་རེ་ལ་རྒྱབ་ལྗོངས་ཀྱི་ལོ་རྒྱུས་དང། བྱས་རྗེས། ཉམས་མྱོང་སོགས་སྤྱི་སྒེར་གང་གི་ཆ་ནས་སྣེ་མོ་རེ་མེད་པ་ཡོད་མི་སྲིད་ཀྱང། ད་རེས་མི་སྣ་འདི་དག་ནི་ང་གང་ཟག་བྱེ་བྲག་པ་གཅིག་གི་བཀའ་དྲིན་གྱིས་མདོ་སྟོད་ཀྱི་སྤྱི་འཐུས་ནང་སླེབས་སོང་ཟེར་བ་ཙམ་མ་ཡིན་པར། ཤེས་ཡོན་གྱི་གནས་ཚད་དང་ཆབ་སྲིད་ཀྱི་ལྟ་གྲུབ། འཛིན་སྐྱོང་གི་དམིགས་འབེན། སྤྱི་ཚོགས་ཀྱི་ཞབས་ཞུ། ལས་དོན་ཆེ་ཕྲ་རིགས་ཀྱི་ཉམས་མྱོང་གང་ས་ཅིའི་ཐད་ནས་ཡོད་པ་དང། ལྷག་དོན་དུ། ༧གོང་ས་༧རྒྱལ་བ་རིན་པོ་ཆེ་མཆོག་གི་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ལངས་ཕྱོགས་ཐོག་ཀ་ཀོར་མེད་པར་ཤར་བསྐྱོད་གནང་དགོས་པ་ལྟར་ཤར་སྐྱོད་གནང་མཁན་ཤ་སྟག་ཡིན། སྤྱིར་བོད་མི་མང་སྤྱི་འཐུས་ལ་མཚན་ཉིད་ཚང་དགོས་པ་ནི།
དང་པོ། བོད་མི་རིགས་གཙང་མ་ཡིན་དགོས་པ་གང་ཞིག་ལ་གཡོ་ངན་གྱི་བརྒྱུད་སྐུལ་མེད་པར་ལུས་ངག་ཡིད་གསུམ་གྱི་གཤིས་སྤྱོད་ཀྱང་དྲང་ཚུགས་ཐུབ་པའི་གཙང་མ་ཡིན་དགོས།
གཉིས་པ། སྐྱེས་སྦྱངས་ཀྱི་ཤེས་རབ་གཉིས་དང་ལྡན་པའི་ཐོག་ལ་ཤེས་འཇོན་གཉིས་ལྡན་གྱི་མི་སྣ་ཞིག་ཀྱང་ཡིན་དགོས།
གསུམ་པ། རང་གཞུང་གི་སྲི་ཞུ་དང་འབྲེལ། གཞུང་དང། གྲོས་ཚོགས། ཚོགས་སྡེ་ཁག་དང་མདོར་ན་སྤྱི་ཚོགས་ཀྱི་ཞབས་ཞུ་ལས་ཁུར་རྒྱུན་རིང་གནང་མྱོང་བའི་ཉམས་མྱོང་ཡོད་པའི་མི་སྣ་ཤེས་འཇོན་གཉིས་ལྡན་རྐྱང་རྐྱང་ཡིན་དགོས།
བཞི་པ། གྲོས་ཚོགས་སུ་ང་ཆེ་ཁོ་འཇིག་གི་ཕྱོགས་ལྷུང་འཐེན་འཁྱེར། རྒྱུ་ངོམས། དཔུང་སྒྲིག་གི་ངན་བྱུས་རིགས་གཤམ་མི་རུང་བ་དང། ཉམས་མྱོང་མེད་པའི་གོ་ས་ཅན་གྱི་ཧམ་བཤད་རིགས་ཀྱང་གནང་མི་རུང་བ་ཡིན།
ལྔ་པ། གྲོས་ཚོགས་སུ་བགྲོ་གླེང་གནང་དགོས་པ་ནི། བོད་མི་སྤྱི་ཁྱབ་ཐོག་ཐུགས་ཁུར་གནང་ཕྱོགས་དང་། བོད་དོན་བདེན་མཐའ་གསལ་ཐབས། བཙན་བྱོལ་བོད་མི་ཉམ་ཐག་གསར་འབྱོར་དང། གཞིས་ཆགས་གང་ཡིན་རུང་ཕྱོགས་ལྷུང་མེད་པར་འཚོ་བའི་བརྟེན་གཞི་མེད་རིགས་ལ། འཚོ་བའི་གནས་ཚད་ཚན་རིག་དང་མཐུན་པའི་ཐོག་ནས་ཡར་རྒྱས་གོང་མཐོར་གཏོང་ཐབས་ཀྱི་ཐུགས་ཁུར་དང་རོགས་ཕན་གང་ཡོང་གནང་ཐབས་སོགས་ལ་ཁ་ཞེ་གཉིས་མེད་ཀྱིས་ཐུགས་ཁུར་ཉིན་མཚན་དུས་དྲུག་ཏུ་གནང་ཐུབ་པ་ཞིག་ཡིན་དགོས་པ་ནི་སྨྲོས་མེད་རེད། དེ་བཞིན་༧གོང་ས་རྒྱལ་བ་རིན་པོ་ཆེའི་ཐུགས་རྗེའི་འོད་ཟེར་གྱི་སྐྱབས་འོག་ཏུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་དེ་ཡང་འོད་སྟོང་འཕྲོ་བའི་གྲོས་ཚོགས་ཤིག་སྐྲུན་ཐུབ་པ་བྱ་དགོས་པ་དེ་ཡིན་པས། དེ་ལུགས་བོད་མི་ཡོངས་ནས་ཐུགས་བསམ་ཆེ་བཞེས་ཀྱིས་འོས་འདེམས་མ་ནོར་བ་ཡོང་བའི་འབོད་སྐུལ་ཞུ་རྒྱུ་བཅས།
མདོ་ཁམས་ཆུ་བཞི་སྒང་དྲུག་ལྡི་ལི་ས་གནས་རྒྱུན་ལས་ཁང་ནས་༢༠༡༠ ཕྱི་ཟླ་༨ ཚེས་༢༨ ལ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།