དགེ་ལུགས་སྤྱི་འཐུས་འོས་མི་སེར་བྱེས་ཏྲེ་ཧོར་དགེ་བཤེས་བསྟན་འཛིན་དར་རྒྱས།

དགེ་ལུགས་སྤྱི་འཐུས་འོས་མི་སེར་བྱེས་ཏྲེ་ཧོར་དགེ་བཤེས་བསྟན་འཛིན་དར་རྒྱས་ཀྱི་ལོ་རྒྱུས་སྙིང་བསྡུས།

ཕྲན་དགེ་བཤེས་བསྟན་འཛིན་དར་རྒྱས་ཕྱི་ལོ་༡༩༧༡ ཕྱི་ཟླ་༣ ཚེས་༡ ཉིན་སྐྱེས། རང་ལོ་བདུན་ལ་སོན་པ་ཕྱི་ལོ་༡༩༧༨ ལོར་དྷ་ས་ཚེ་མཆོག་གླིང་གི་ཆོས་སྒོར་གཞུགས་ནས་གྲྭ་དེ་གའི་འདོན་ཆོས་ཆོ་ག་ཕྱག་ལེན་གྱི་རིགས་མཐའ་དག་ལ་སྦྱངས་པ་མཐར་ཕྱིན་ཞུས། དེ་རྗེས་རྒྱ་གར་ལྷོ་ཕྱོགས་སེར་བྱེས་མཁས་སྙན་གྲྭ་ཚང་དུ་གཞུང་ཆེན་བཀའ་པོད་ལྔར་སློབ་གཉེར་མཐར་ཕྱིན་མཚམས་དྷ་ཤོད་བོད་ཁྱིམ་སློབ་གྲྭར་ལོ་གཅིག་རིང་ཆོས་དགེའི་འགན་ཁུར་ཞུས།

ཕྱི་ལོ་༢༠༠༣ ལོར་སེར་བྱེས་གྲྭ་ཚང་དུ་དགེ་བཤེས་དམ་འཇོག་གི་སྐལ་བཟང་གི་གོ་སྐབས་ཐོབ། སྐབས་དེའི་སེར་བྱེས་མཁན་རིན་པོ་ཆེའི་བཀའ་བཀོད་བཞིན་སོག་ཡུལ་དགའ་ལྡན་དགོན་དུ་ལོ་གཅིག་ལྷག་དཔེ་ཁྲིད་དགེ་རྒན་དང། སོག་ཡུལ་(FPMT) དགའ་ལྡན་མདོ་སྔགས་བཤད་སྒྲུབ་གླིང་གིས་དགེ་བའི་བཤེས་གཉེན་གྱི་འགན་ཁུར་ཡང་བླངས། དེ་ནས་དྷ་སར་གདན་ས་གསུམ་གྱི་ཕྱག་མཛོད་ཁང་དུ་ལོ་གསུམ་རིང་འཛིན་སྐྱོང་གི་ལས་ཁུར་ཞུས་པ་མ་ཟད། ཕྱི་ལོ་༢༠༠༨ ལོར་སེ་ར་བླ་སྤྱིའི་ལས་དོན་ཆེད་ཡུ་རོབ་ཁུལ་གྱི་རྒྱལ་ཁབ། ཨི་ཊ་ལི་དང། ཧོ་ལན་ཌི། བྷེལ་རྗམ་སོགས་ཡུལ་གྲུ་ཁག་ཏུ་བསྐྱོད་ཅིང། སླར་ཡང་ཕྱི་ལོ་༢༠༠༩ ལོར་སེ་ར་བླ་སྤྱིའི་ལས་དོན་ཆེད་ཐེ་ཝན་དུ་བསྐྱོད་དེ་ལས་དོན་བསྒྲུབས་པར་གྲུབ་འབྲས་ཀྱང་གང་ལེགས་ཐོབ། ད་ལྟའི་ཆར་ལྷག་བསམ་རྣམ་དག་གི་སྒོ་ནས་རང་ནུས་ཡོད་རྒུས་སེ་ར་བླ་སྤྱིའི་ཕྱག་མཛོད་ཀྱིས་ལས་ཁུར་ཞུ་མུས་ཡིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།

 

འོས་མིའི་ཆོད་སེམས།

༄༅། ། འདི་ལོ་བཙན་བྱོལ་དུ་གནས་པའི་བོད་རྒྱལ་ཁབ་ཆེན་པོའི་བཀའ་བློན་ཁྲི་པ་དང། སྤྱི་འཐུས་རྣམ་པར་འཕོ་འགྱུར་བྱ་དགོས་ཀྱི་དུས་ཚིགས་འགང་ཆེན་ཞིག་ཏུ་སླེབས་སྟབས། བོད་མི་འདུས་སྡོད་ཀྱི་སྤྱི་ཚོགས་ཁྲོད་འདི་ཚོའི་སྐོར་སྒེར་དང་ཚོགས་པ་ཁག་བཅས་ཚང་མས་བགྲོ་གླེང་དང། བསམ་ཚུལ་བརྗེ་བ་སོགས་ཀྱི་ལས་འགུལ་ཚ་ཚ་འུར་འུར་ངང་སྤེལ་བཞིན་པ་ནི་དངོས་གནས་ཡིད་དབང་འཕྲོག་པ་ཞིག་རང་ཡིན་པ་མ་ཟད། བོད་མིའི་འདི་ཕྱི་ཚེ་རབས་གཏན་གྱི་༧སྐྱབས་གནས་གཅིག་པུ་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ། ༧གོང་ས་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ཐུགས་བརྩེ་ཆེན་པོས་གསོལ་བསྩལ་གནང་བའི་རང་དབང་མང་གཙོའི་ཐོབ་ཐང་ལ་རང་རིགས་རྣམས་ཀྱིས་ལོངས་སྤྱོད་དུ་ཡོད་པར་དགའ་སྤོབས་ཕན་ཚུན་འགྲན་ཞིང། དེ་ལྟའི་ཚོར་སྣང་རང་རིགས་སྤུན་ཟླ་གཞན་ལ་ཡང་ཡོད་པ་གོར་མ་ཆག ངས་སྔ་ཕྱིར་བརྒྱུད་ལམ་ཁག་གི་གནས་ཚུལ་ལ་མྱང་ནོན་རྟོག་ཞིབ་ཀྱིས་རང་གི་འདོད་པ་ཡོད་པའི་བཀའ་ཁྲི་སུ་འདེམས་དང། སྤྱི་འཐུས་སུ་དང་སུ་འདེམས་དགོས་སྐོར་སྔ་བསམ་ཕྱི་བསམ་མང་པོ་ཞིག་བྱས་ཏེ། རང་ལ་དབང་བའི་རྩ་ཆེའི་འོས་ཤོག་དེ་རྣམས་ཆུད་ཟོས་སུ་མི་འགྲོ་བའི་འབད་པ་བྱེད་བཞིན་ཡོད། དེ་ཡང་མི་སྣ་གདམ་རྒྱུའི་ཐད་ང་རང་ལ་རྩ་དོན་ཞིག་ཡོད་པ་ནི། གང་ཞིག་བདམས་པའི་མི་སྣ་དེས་༧གོང་ས་མཆོག་གིས་ལམ་སྟོན་གནང་བའི་ཡང་དག་པའི་བགྲོད་ལམ་སྟེང་ཤར་བསྐྱོད་ཀྱིས་རང་གི་རྒྱལ་ཁབ་དང་མི་རིགས་ལ་ཕན་པའི་བྱ་བ་འབའ་ཞིག་བསྒྲུབ་དགོས་པ་ལས། དགོས་མེད་འཐེན་འཁྱེར་དང་རང་དོན་ཁོག་བཅུག སྤྱི་ཚོགས་ནང་གཞི་མེད་གླེང་ཕྱོགས་བཟོ་བ་སོགས། མདོར་ན་ཡུལ་དུས་དང་དགྲ་བོའི་གནས་སྟངས་སོགས་ཕྱོགས་ཡོངས་ཀྱི་གནད་དོན་ཉམས་འོག་ཏུ་མ་ཆུད་པར་རིགས་ཞེན་དང་དགྲ་བོར་འཁོན་དུ་འཛིན་པའི་བསམ་པས་རྩིས་ཟིན་པའི་སྟེང་གང་གི་བསམ་ཚུལ་དབང་བཙན་པར་བྱས་ཏེ་ཕན་མེད་མཁྲེམགས་བཟུང་བྱེད་པའི་བསམ་བློ་མེད་ཅིང། སྐབས་བསྟུན་ཚོད་རྩིས་དང་ཕྱོགས་ཡོངས་ཀྱི་འཕོ་འགྱུར་དང་གཞན་ཕྱོགས་ཀྱི་བྱ་འགུལ་ལ་ཚོད་བགམ་ནན་པོ་བྱེད་ཐུབ་མཁན་ཞིག་དགོས་པར་ཡིད་ཆེས་བྱེད་བཞིན་ཡོད། གོང་སྨོས་ནི་ངས་གདམ་འདོད་པའི་འགོ་ཁྲིད་མི་སྣའི་ཆ་རྐྱེན་གཙོ་བོ་འགའ་ཞིག་ཡིན།

བར་ལམ་ཚོགས་པ་ཁག་དང་གཟུར་གནས་དཔྱོད་ལྡན་མང་པོས་ངའི་ལོ་རྒྱུས་ལ་དོ་སྣང་གནང་བ་མ་ཟད། དགེ་ལུགས་སྤྱི་འཐུས་ཀྱི་འོས་མིར་ལངས་དགོས་པའི་བསམ་ཚུལ་ཐད་ཀར་འདོན་མཁན་མང་པོ་ཞིག་བྱུང་ཡང། གཞན་གྱི་བསམ་ཚུལ་དེ་དག་ཐོས་སྐབས་ཐོག་མའི་ཆར་རང་གིས་རང་ལ་ཞིབ་དཔྱད་ནན་པོ་བྱས་ཚེ་སྤྱི་སྒེར་མང་པོ་ཞིག་གི་ལྷག་བསམ་རྨ་མེད་ཀྱི་སྒོ་ནས་རེ་འདུན་གནང་བ་ལྟར། ཁོང་རྣམ་པའི་རེ་འདུན་སྣང་མེད་དུ་མི་འགྲོ་བ་དང་རང་གི་རྒྱལ་ཁབ་དང་མི་རིགས་ལའང་ཞབས་འདེགས་ཅུང་ཟད་ཞུ་ཐུབ་ཚེ། ཐོབ་དཀའ་བའི་གོ་སྐབས་བཟང་པོ་ཞིག་ཏུ་བསམས་ཏེ། ད་ཐེངས་ཀྱི་དགེ་ལུགས་སྤྱི་འཐུས་འོས་མིར་ལངས་པ་ཡིན། གལ་ཏེ་སྐྱབས་ཡུལ་གྱི་དགེ་འདུན་པ་རྣམ་པས་གུས་པར་གོ་སྐབས་བཟང་པོ་འདི་གནང་ཚེ། ངས་བསྒྲུབ་རྒྱུའི་བྱ་བ་རྣམས་གོང་དུ་སྨོས་པའི་བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་ཆོས་ཆ་རྐྱེན་དང་གཅིག་མཚུངས་ཡིན་པས། ཆ་རྐྱེན་དེ་དག་དང་མི་འགལ་བའི་སྟེང་རང་གི་རྒྱལ་ཁབ་དང་མི་རིགས་ལ་ངོ་གནོང་མི་དགོས་པ་ཞིག་བྱ་རྒྱུའི་ཆེད་སེམས་བརྟན་པོ་ཡོད་པ་བཅས།

ཕྲན་དགེ་བཤེས་བསྟན་འཛིན་དར་རྒྱས་ཀྱིས་ཕྱི་ལོ་༡༠༡༠ ཟླ་༩ ཚེས་༢ ཉིན་ལ།

 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།