བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་གལ་ཆེའི་མཛད་རྗེས་རགས་བསྡུས།
༡༽ ཕྱི་ལོ་ ༡༩༦༠ ལོར་མ་སུ་རི་གཏན་སློབ་ཏུ་སློབ་སྦྱོང་གནང་ཞིང༌། ཞོར་ལ་དགེ་རྒན་གྱི་ཕྱག་ལས་གནང༌།
༢༽ ཕྱི་ལོ་ ༡༩༦༧ དགུང་ལོ་ ༡༧ ལ་སོན་སྐབས་སེམས་ཤུགས་ཀྱིས་ཁེངས་པའི་ན་གཞོན་དེས་བོད་གཞུང་ཤེས་རིག་ལས་ཁུངས་སུ་དབྱིན་དྲུང་དང་གསུང་སྒྱུར་གཅིག་ལྕོགས་ལས་འཁུར་བཞེས།
༣༽ ཕྱི་ལོ་ ༡༩༦༨ ལོར་ཁོང་དང་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་དང༌། བཀྲས་མཐོང་བསྟན་འཛིན་དགེ་བྱེད་བཅས་ཀྱིས་འགན་བཞེས་ཀྱིས་བཙན་བྱོལ་ཁྲོད་ཀྱི་གསར་ཤོག་ཐོག་མ་ཤེས་བྱ་འདོན་སྤེལ་གནང༌། དེང་སྐབས་ཀྱང་གཞུང་འབྲེལ་ཐོག་འདོན་མུས།
༤༽ ཕྱི་ལོ་ ༡༩༧༠ ལོར་ཁོང་དང༌། གོང་གསལ་མཛད་གཙོ་གཞན་གཉིས། བཀའ་ཟུར་རྒྱ་རི་བློ་རྒྱན་བཅས་ཀྱིས་ལོ་རྒྱུས་ཐོག་བོད་ཀྱི་གཞོན་ནུའི་ཚོགས་ཆེན་ཐེངས་དང་པོ་བསྐོང་འཚོགས་གནང་བ་དང༌། ཚོགས་ཆེན་གྱི་མཐའ་མའི་གྲུབ་དོན་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་གསར་འཛུགས་དང་འབྲེལ། ཁོང་སྐབས་དང་པོའི་དབུས་སྤྱི་ཁྱབ་རྒྱུན་ལས་སུ་འདེམས་ཐོན་བྱུང་ནས་ལས་འཁུར་བཞེས། ད་ལྟའི་གཞོན་ལྷན་དེ་རང་ཡིན།
༥༽ དབྱིན་ཇིའི་གསར་དེབ་༼བོད་གནས་བསྐྱར་ཞིབ་༽(Tibetan Review) རྩོམ་སྒྲིག་པ་དཀོན་པའི་སྐབས་ལ་ཁོང་གིས་རྩོམ་སྒྲིག་པའི་འགན་བཞེས། (ད་ལྟ་འདོན་མུས།)
༦༽ ཕྱི་ལོ་ ༡༩༧༣ ལོར་བོད་ཀྱི་རྩ་དོན་སླད་བོད་རང་དབང་བདེན་པའི་ལས་འགུལ་གྱི་ཚོགས་ཆེན་བསྡུ་བསྐོང་གནང་སྐབས། ཁོང་ཡང་གཞོན་ལྷན་གྱི་སྐུ་ཚབ་གནང་ནས་ཚོགས་ཆེན་དུ་མཉམ་ཞུགས་ཀྱིས་སྐབས་དེའི་ཚོགས་ཐོག་ནས་དང་བླང་དཔྱ་ཁྲལ་ལག་དེབ་གསར་གཏོད་མཛད། བཙན་བྱོལ་གཞུང་གི་འགྲོ་གྲོན་ལ་དེང་སྐབས་ཀྱང་ཕན་ཐོགས་ཆེན་པོ་ཡོད།
༧༽ ཕྱི་ལོ་ ༡༩༧༣ ནས་ ༡༩༨༦ བར་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་སྐུ་ཚབ་དོན་གཅོད་ཁང་གི་མཛད་འཁུར་བཞེས་སྐབས་བོད་ཀྱི་ཐེབས་རྩ་ཁང་དང༌། པོ་ཏཱ་ལ་པར་སྐྲུན་ཁང༌། ནེའུ་ཡོག་བོད་ཁང༌། བྱང་ཨ་རིའི་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང༌། བོད་རིགས་མཐུན་ཚོགས་ཁག་བཅས་གསར་འཛུགས་གནང༌། གོང་གསལ་ཚོགས་པ་དེ་དག་ད་ལྟ་ཡོད་མུས།
༨༽ ཕྱི་ལོ་ ༡༩༧༥ ལོར་ཁོང་གིས་རོགས་རམ་དང་འབད་རྩོལ་གནང་བ་བརྒྱུད་ཐེངས་དང་པོའི་བོད་གཞུང་ཟློས་གར་ཚོགས་པས་བོད་ཀྱི་རིག་གཞུང་ངོ་སྤྲོད་སླད་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་བསྐོར་བསྐྱོད་ལ་ཕེབས་ཐུབ་ཡོད།
༡༠༽ ཡང་ཕྱི་ལོ་ ༡༩༧༩ ལོར་ཨ་རིར་དོན་གཅོད་ཀྱི་མཛད་འཁུར་བཞེས་རིང་ཨ་རིའི་གཞུང་ལ་འབྲེལ་མོལ་གྱིས་ྋགོང་ས་མཆོག་ཨ་རིར་ཐེངས་དང་པོའི་ཆིབས་སྒྱུར་དབུ་འཛུགས་གནང་ཐུབ་ཡོད།
༡༡༽ ཕྱི་ལོ་ ༡༩༨༧ ལོར་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་ྋགོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཀྱི་མཛད་ཁུར་བཞེས་སྐབས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ (International Campaign For Tibet) གསར་འཛུགས་མཛད་པ་དང༌། དེ་ལ་བརྟེན་ནས་རྒྱལ་སྤྱིའི་ནང་བོད་དོན་རྒྱབ་སྐྱོར་གྱི་ནུས་ཤུགས་ཇེ་ཆེར་འཕེལ།
༡༢༽ དེ་བཞིན་ཁོང་ཝ་ཤིང་ཀྲོན་དུ་དམིགས་བསལ་སྐུ་ཚབ་ཀྱི་མཛད་འཁུར་བཞེས་རིང་ཨ་རིའི་གཞུང་ལ་ཞུ་སྐུལ་གྱིས་བོད་མི་ཆིག་སྟོང་ཨ་རིར་གཞིས་ཆགས་སུ་བསྐྱོད་ཐུབ།
༡༣༽ ལྷག་པར་རྒྱལ་ས་ཝ་ཤིང་ཀྲོན་དུ་བཞུགས་རིང་ཁོང་གིས་ཨ་རིའི་གཞུང་ལ་ཞུ་སྐུལ་དང་འབད་རྩོལ་གནང་བ་བརྒྱུད་བོད་སྐད་རླུང་འཕྲིན་ཁང་ཁག་གཉིས་(Voice of America and Radio Free Asia) གསར་འཛུགས་ཐུབ་ཡོད།
༡༤༽ རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་མཛད་འགན་བཞེས་རིང་ཨ་རིའི་གཞུང་ནས་སྐྱབས་བཅོལ་བོད་མིའི་འཕྲོད་བསྟེན་དང་ཤེས་ཡོན་ཐད་རོགས་དངུལ་ཞུས་ཐོབ་བྱུང་སྟེ་ད་བར་མུ་མཐུད་རོགས་རམ་ཐོབ་མུས་ཡིན། ལས་གཞི་ད་ལྟའང་གནས་མུས་ཡིན།
༡༥༽ ཕྱི་ལོ་ ༡༩༨༠ ལོར་ཁོང་གིས་ཚོགས་གཙོའི་འགན་བཞེས་ཐོག་བོད་ནང་གཟིགས་སྐོར་སྐུ་ཚབ་ཐེངས་གཉིས་པ་ཕེབས་ནས་བོད་ས་སྟོད་སྨད་བར་གསུམ་དུ་གཟིགས་སྐོར་གནང༌།
༡༦༽ ཕྱི་ལོ་ ༡༩༩༠ ལོར་དགུང་ན་གཞོན་པའི་བསྟན་འཛིན་རྣམ་རྒྱལ་དམིགས་བསལ་གྱི་ཚོགས་འདུ་རྒྱལ་འཛོམས་ཐོག་ནས་བཀའ་བློན་ལ་འོས་འདེམས་བྱུང་ཤིང་སྐབས་གསུམ་རིང་བཀའ་བློན་གྱི་ལས་འཁུར་བཞེས།
༡༧༽ ཕྱི་ལོ་ ༡༩༩༤ ནས་ ༡༩༩༥ བར་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པའི་མཛད་འགན་བཞེས།
༡༨༽ ཕྱི་ལོ་ ༡༩༩༥ ལོར་ཨ་རིར་གནས་སྤོས་སྐབས་༼བོད་ནང་ལོ་བདུན་༽ཞེས་པའི་གློག་བརྙན་གསར་བཟོའི་སློབ་སྟོན་པ་གནང༌།
༡༩༽ དེ་བཞིན་ཏཱ་ལའི་བླ་མའི་ཐེབས་རྩ་ཚོགས་པ་ཐོག་མར་གསར་འཛུགས་གནང་མཁན་གྱི་གྲས་དང༌། ད་ཆ་ཚོགས་པའི་འགན་འཛིན་གནང་མུས་ཡིན།
༢༠༽ དེ་བཞིན་ Committee of 100 for Tibet ཞེས་པའི་བོད་དོན་སྒྲིག་འཛུགས་ཀྱི་ཚོགས་གཙོའི་མཚན་གནས་ཐོག་བོད་དོན་ཕྱག་ལས་གནང་མུས།
༢༡༽ བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་ཐབས་ལམ་ཐད་རང་ཐག་རང་གཅོད་ཀྱི་ལྟ་གྲུབ་གསར་གཏོད་མཛད་ཅིང༌། ད་ཆ་ལྟ་གྲུབ་དེའི་ཐོག་ནས་ལས་གཞི་སྤེལ་མུས། དེ་ནི་དབུ་མའི་ལམ་དང་འགལ་བ་མེད།
༢༢༽ ད་ཆ་ཨ་རིའི་སྙན་གྲགས་ཅན་གྱི་སུ་ཌན་ཕོ་ཌི་ (Stanford University) གཙུག་ལག་སློབ་གཉེར་ཁང་དུ་སློབ་དཔོན་གྱི་འགན་བཞེས་ཐོག སློབ་གཉེར་ཁང་དེར་བོད་ཀྱི་རྒྱལ་རབས་དང༌། ཆབ་སྲིད། ནང་ཆོས་བཅས་ཀྱི་ཞིབ་འཇུག་གི་ལས་གཞི་གསར་འཛུགས་དང་འབྲེལ། བོད་ཀྱི་རྒྱལ་རབས་དང་ཆབ་སྲིད་སྐོར་གྱི་སློབ་ཁྲིད་ཀྱི་ཕྱག་ལས་གནང་མུས།
༢༣༽ དེ་བཞིན་གཙུག་ལག་སློབ་གཉེར་ཁང་དེའི་ནང་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ནང་ཆོས་དང་ཚན་རིག་གི་བགྲོ་གླེང་གནང་བའི་མཛད་འཆར་དང་འབྲེལ། ཁོང་གིས་ཀྱང་སློབ་གྲྭ་དེའི་ནང་གི་ཚན་རིག་མཁས་པ་དང་མཉམ་དུ་ཀླད་ཁམས་ཞིབ་འཇུག་དང་བགྲོ་གླེང་གི་ལས་གཞིར་རྒྱབ་སྐྱོར་དང་མཉམ་ཞུགས་གནང་མུས།
མདོར་ན། གོང་གསལ་གྱི་མཛད་རྗེས་དེ་དག་ལས་ཁོང་ནི། ཁ་ཡོད་ལག་ཡོད་བོད་དོན་སྒྲུབ་མཁན་ཞིག་ཡིན་པ་ཤེས་ཐུབ་ལ། ཕྱི་ནང་ཤེས་ཡོན་དང༌། ཆབ་སྲིད་གནས་ཚད་མཐོ་བའང་མཐོང་ཐུབ། རྒྱལ་སྤྱིར་འབྲེལ་ལམ་ཟབ་ལ། རང་གཞུང་ལ་ཉམས་མྱོང་ཆེ་བའང་དཔོག་ཐུབ། རྩ་དོན་གྱི་ལངས་ཕྱོགས་བརྟན་ལ། རྒྱལ་བའི་དགོངས་པ་བསྒྲུབས་པའང་རྟོགས་ཐུབ། ལོ་རྒྱུས་ཀྱི་མྱོང་བ་ཟབ་ལ། བྱས་རྗེས་ཀྱི་ཤུལ་ལམ་མང་བ་ཀུན་ལ་དགོངས་མངའ་ཡིན། དགུང་ན་ཆེ་ཆུང་གི་མཐའ་ལ་མ་ལྷུང་ཞིང༌། དཀྱེལ་ཡངས་སྒམ་རླིང་ལྡན་པ། ཤེས་འབྱོན་མྱོང་གསུམ་ལྡན་པའི་མི་སྣ་དེ་འདྲ་ཞིག་སྐབས་བཅོ་ལྔ་པའི་བཀའ་ཁྲིར་ཤིན་ཏུ་ནས་འོས་ཤིང་འཚམས་ན་དེ་ལུགས་ང་ཚོས་དོན་དངོས་ལ་གཟིགས་ནས་རྩ་ཆེན་འོས་ཤོག་དེ་འཕེན་པའི་རེ་བ་ཞུ།། ཨ་རིའི་བྷོ་སེ་ཌོན་ཧ་ཝར་དུ་སློབ་གཉེར་བྱེད་བཞིན་པའི་ནོར་བྲང་བློ་བཟང་རྒྱ་མཚོས། ཕྱི་ལོ་ ༢༠༠ ཟླ་ ༩ ཚེས་ ༡ ལ།