མདོ་སྟོད་ཆོལ་ཁའི་སྐབས་༡༥ པའི་སྤྱི་འཐུས་འོས་གཞི་མ་གཞི་བསོད་ནམས་དཔལ་མོ་ལགས་ཀྱི་ལོ་རྒྱུས།

མིང།  མ་གཞི་བསོད་ནམས་དཔལ་མོ།
ལུང་ཚན།  ཁམས་སྤོ་པོ།
ད་ལྟའི་སྡོད་གནས། ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས།
ད་ལྟའི་ལས་འགན། ཨོ་རི་སའི་ས་འཐུས་ཚོགས་གཞོན་དང་། རི་དགོན་ཐུབ་བསྟན་གླིང་རྙིང་པ་མ་པའི་དགེ་རྩ་ཚོགས་པའི་སློབ་ཡོན་འགན་འཛིན་དང་འབྲེལ་མཐུད་པ།

མ་གཞི་བསོད་ནམས་དཔལ་མོ་ལགས་ནི། ཕྱི་ལོ་༡༩༧༥ ལོར་ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་སུ་ཁམས་སྤོ་བོ་མ་གཞི་ཚང་གི་བུ་མོར་སྐྱེས། རྒྱ་གར་གཞུང་དང་བཙན་བྱོལ་བོད་གཞུང་གི་བཀའ་དྲིན་དང། ཨ་ཞང་དང་ཕ་མའི་ལམ་སྟོན་བཟང་པོའི་འོག་ཆུང་དུས་ནས་སློབ་གྲྭར་འགྲོ་རྒྱུའི་གོ་སྐབས་ཐོབ། རྒྱུན་དུ་གཞས་སྣ་འཁྲབ་སྟོན་དང། བགྲོ་གླེང་འགྲན་རྩོད། རྩེད་རིགས་སོགས་ལ་ཐུགས་སྣང་ཆེ་བ་དང། ལྷག་བསམ་ཟོལ་མེད་ཀྱིས་སློབ་གྲྭའི་ཁང་ཚན་རྒན་བདག་སོགས་ཀྱི་ཞབས་ཞུ་བསྒྲུབས་པར་༡༩༩༣ ལོར་འཛིན་རིམ་བཅུ་པའི་སྐབས་རང་གཞུང་ཤེས་རིག་ལས་ཁུངས་ནས་བུམ་སྐྱོན་གསུམ་བྲལ་ལམ། སློབ་མ་རྩེ་ཕུད་ཀྱི་གཟེངས་བསྟོད་ཕྱག་འཁྱེར་ཐོབ།
རྡོར་གླིང་གཏན་སློབ་ཏུ་གཞི་རིམ་འཛིན་གྲྭ་༡༡ དང་༡༢ སློབ་སྦྱོང་དང། དེའི་རིང་རིག་གཞུང་འགྲན་སྡུར་སོགས་ལ་ཞུགས་པ་དང། སློབ་གྲྭའི་རྒན་བདག་སོགས་ཀྱི་ཐུགས་འགན་བཞེས་པར་སླར་ཡང་རང་གཞུང་ཤེས་རིག་ནས་སློབ་མ་རྩེ་ཕུད་ཀྱི་གཟེངས་བསྟོད་ཕྱག་འཁྱེར་དང་བྱ་དགའ་ཐོབ།
ཕྱི་ལོ་༡༩༩༨ ལོར་རྒྱ་གར་ལྷོ་ཕྱོགས་༼མེ་སོར་ཊེ་རེ་སོན༽ མཐོ་སློབ་ཏུ་ལོ་གསུམ་རིང་སྲིད་དོན་ཚན་རིག་དང་དཔལ་འབྱོར་ཐོག་སློབ་སྦྱོང་གནང་ནས་མཐོ་རིམ་རབ་འབྱམས་པའི་ཕྱག་འཁྱེར་བཞེས། སྐབས་དེར་མེ་སོར་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་བུད་མེད་འགན་འཛིན་གནང།
ཕྱི་ལོ་༢༠༠༠ ལོར་མོན་གྷོ་གཞིས་ཆགས་སུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༣༡ པའི་སྐབས་མེ་སོར་མཐོ་སློབ་ཀྱི་སྐུ་ཚབ་ཏུ་ཚོགས་བཅར་དང། དེ་བཞིན་མཐོ་སློབ་ཏུ་བཞུགས་རིང་བོད་ཀྱི་བུད་མེད་ཀྱི་སྐུ་ཚབ་ཐོག་ཐུན་མིན་བོད་ཀྱི་རིག་གཞུང་དང། ཆས་གོས། ཡ་རབས་བཟང་པོའི་གོམས་སྲོལ་སོགས་ཁྱབ་སྤེལ་དང་གོང་འཕེལ་གཏོང་ཐབས་སུ་འབད་བརྩོན་ལྷོད་མེད་གནང།
ཕྱི་ལོ་༢༠༠༣ ནས་ད་བར་ཨོ་རི་ས་ཕུན་ཚོགས་གླིང་རི་དགོན་ཐུབ་བསྟན་སྨིན་གྲོལ་གླིང་རྙིང་མ་པའི་དགེ་རྩ་ཚོགས་པའི་ལས་ཁུངས་སུ་སློབ་ཡོན་འགན་འཛིན་དང་འབྲེལ་མཐུད་ཀྱི་ཕྱག་ལས་གནང་བཞིན་པ་རེད། དེ་ཡང་ཚོགས་པ་དེ་ཞིང་གཤེགས་དམ་པ་སྤྱི་ཟུར་༧གྲུབ་དབང་ཨ་འཛིན་རིན་པོ་ཆེས་ཕྱི་ལོ་༡༩༩༤ ལོར་རྒྱ་གར་དབུས་གཞུང་ནང་སྲིད་ལས་ཁུངས་འོག་ཁྲིམས་མཐུན་དེབ་སྐྱེལ་གྱིས་དགྱེས་སྤྲུལ་འཇིགས་མེད་རིན་པོ་ཆེ་མཆོག་གིས་དབུ་འཛིན་གྱི་ཐུགས་འགན་བཞེས་ཏེ། ༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གི་དགོངས་གཞི་བཞིན་བོད་པའི་སྤྱི་ཚོགས་སྤྱི་དང་ལྷག་པར་རྒྱ་བལ་འབྲུག་གསུམ་དུ་གནས་འཁོད་བོད་རིགས་རྣམས་ལ་ཤེས་ཡོན་སློབ་སྦྱོང་དང་འབྲེལ་བའི་ལས་གཞི། འཕྲོད་བསྟེན་དང་འབྲེལ་བའི་ལས་གཞི། སྤྱི་ཚོགས་ཞབས་ཞུའི་ལས་གཞི་གསུམ་གྱི་སྒོ་ནས་ཕན་བདེའི་ལེགས་ཚོགས་ཅི་ཆེར་བསྒྲུབས་དང་སྒྲུབ་བཞིན་པའི་ཚོགས་པ་ཞིག་ཡིན། མ་གཞི་བསོད་ནམས་དཔལ་མོ་ལགས་ཀྱིས་༧སྐྱབས་རྗེ་རྣམ་པའི་བཀའ་དགོངས་བཞིན་དངོས་ཤུགས་བརྒྱུད་གསུམ་ནས་མཐོ་དགའ་དམའ་འབེབས། ཆོས་ལུགས་དང་མི་རིགས་ཀྱི་འཐེན་འཁྱེར་མེད་པར་དུས་རྒྱུན་གཞན་ཕན་ཁོ་ནར་དམིགས་ཏེ་ཉམ་ཐག་རྒན་གཅོང་ནད་མནར་རིགས་ལ་ཞབས་ཞུ་སྒྲུབ་རྒྱུར་ལྷོད་མེད་རྒྱུན་བརྩོན་གནང་མཁན་ཞིག་ཀྱང་རེད།
ཕྱི་ལོ་༢༠༠༥ ལོར་ཨ་རི་ས་ཕུན་ཚོགས་གླིང་གི་ས་གནས་འཐུས་ཚོགས་སྐབས་༥ པར་འདེམས་ཐོན་གྱིས་ལོ་གསུམ་རིང་རྒྱུན་ལས་གནང། ཕྱི་ལོ་༢༠༠༧ ལོར་སླར་ཡང་ས་འཐུས་སྐབས་༦ པར་འོས་འདེམས་ཀྱི་ས་འཐུས་ཚོགས་གཞོན་གྱི་ཐུགས་འགན་བཞེས་མུས་རེད། ཕྱི་ལོ་༢༠༠༩ ལོར་མན་སྤར་ས་འཐུས་ཟབ་སྦྱོང་དུ་བཅར་བ་སོགས་དུས་དང་རྣམ་པ་ཀུན་ཏུ་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་སོ་ནམ་ཞིང་ལས་དང། སྲོལ་རྒྱུན་ཕྱུགས་ལུད་བཟོ་ཐབས་སོགས་ལ་བརྩོན་པ་ཆེར་བསྐྱེད་ཐོག་མི་མང་ལ་ལེགས་སྤེལ་ཉེས་འགོག་གི་ལམ་སྟོན་གནང་མཁན་ཞིག་ཀྱང་ཡིན་པ་བཅས་ངོ་སྤྲོད་མདོར་བསྡུས་དང།
ཁོང་ལྟ་བུ་མཐོ་སློབ་ཐོན་ཡང་གཞིས་ཆགས་སུ་བཞུགས་ནས་ལས་དོན་སྒྲུབ་བཞིན་པའི་ན་གཞོན་སློབ་སྦྱོང་ཅན་ཁོང་དང་ཁོང་ལྟ་བུ་སྤྱི་འཐུས་ལྷན་ཚོགས་སུ་འདེམས་ཐོན་བྱུང་ན། ལས་དོན་དངོས་ཀྱི་ཉམས་མྱོང་ལ་བརྟེན་ནས་གཞིས་ཆགས་སྲ་བརྟན་དང། མི་མང་ཉམ་ཐག་གི་གནས་སྟངས་ངོ་མ་ཇི་བཞིན་ཤེས་རྟོགས་ཟབ་པ་སོགས་སྤྱི་འཐུས་ཀྱི་ལས་དོན་ལ་ཕན་ཐོགས་རྒྱ་ཆེ་ཡོང་རྒྱུ་ཡིན་པ་སྨོས་མེད་ལ་བརྟེན། མདོ་སྟོད་རྒྱ་ཆེའི་མི་མང་ནས་ཁོང་ལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་དུ། ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཁག་ཅིག་གིས་དྭངས་བླངས་ཀྱིས་ཕུལ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།