བསམ་བློ་གསར་པ་གཏོང་རྒྱུའི་དུས་ཚོད་རེད་བསམ་གྱི་འདུག
བཀའ་ཁྲིའི་འོས་མི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་ལ་བོད་རྒྱ་འབྲེལ་མོལ་སྐོར་གྱི་བཅར་འདྲི།
དྲི་བ། ད་ལྟ་བོད་གཞུང་གིས་བོད་རྒྱ་འབྲེལ་མོལ་བྱས་ཏེ། རྒྱ་ནག་མི་མང་སྤྱི་འཐུན་རྒྱལ་ཁབ་ཀྱི་རྩ་་ཁྲིམས་ཀྱི་སྒྲོམ་གཞིའི་འོག་མི་རིགས་ས་གནས་རང་སྐྱོང་དགོས་པའི་བསམ་འཆར་ཡིག་ཆ་ཞིག་སྤྲད་ཚར་བ་རེད། སྲིད་ཇུས་དེའི་ཐོག་མུ་མཐུད་ཤུགས་སྣོན་དགོས་པ་རེད་དགོངས་ཀྱི་ཡོད་དམ།
ལན། ༧རྒྱལ་བ་རིན་པོ་ཆེས་བོད་ཀྱི་དཀའ་རྙོག་སེལ་ཆེད་དུ་དམིགས་བསལ་གྱིས་དགོངས་པ་གཏིང་ཟབ་མོ་བཞེས་ཏེ། རྒྱ་དང་བོད་གཉིས་ཀ་ཕམ་རྒྱུ་མེད་པ། གཉིས་ཀར་ཕན་པའི་དབུ་མའི་ལམ་གསུངས་པ་རེད། བོད་གཞུང་གིས་དེའི་ཐོག་ལོ་མང་པོར་འབད་བརྩོན་དང་ཐབས་ཤེས་གནང་བ་རེད་མོད། རྒྱ་མིས་ཁས་ལེན་མ་བྱས་པ་མ་ཟད། ཉེ་བའི་ཆར་སྐུ་ཚབ་ཐེངས་དགུ་པ་ཕེབས་སྐབས་རྒྱ་ནག་གིས་འཆར་གཞི་འདི་འདྲ་ཞིག་རྩ་བ་ཉིད་ནས་ཡོང་གི་མ་རེད་ཅེས་གསལ་པོ་བཤད་པ་རེད། རྩ་བའི་བོད་གཞུང་དང་༧རྒྱལ་བ་རིན་པོ་ཆེའི་དགོངས་གཞིར་ཞི་བའི་ཐོག་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་དང། རྒྱ་མིར་འབྲེལ་བ་བྱེད་རྒྱུའི་དགོངས་པ་ཡོད་ཀྱི་རེད་བསམ་གྱི་འདུག ཡིན་ནའང་བོད་ཀྱི་རྩ་དོན་གྱི་གནས་ཚུལ་ཡག་ཏུ་འགྲོ་ཡི་མེད་པས་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་ལ་ཐབས་ཤེས་གསར་པ་བྱེད་རྒྱུའི་ལས་འགན་ཡོད་པ་རེད། ད་ལྟ་ལམ་ཁ་གཅིག་ལ་འགྲོ་ཡི་ཡོད་པ་རེད་མོད། ལམ་ཁ་འགག་ཡོད་ན། དཀྱོག་ནས་འགྲོ་དགོས་ཀྱི་འདུག་གམ། འོག་ནས་འགྲོ་དགོས་ཀྱི་འདུག་གམ། ཐོག་ནས་འགྲོ་དགོས་ཀྱི་འདུག་ཐབས་ཤེས་དགོས་པ་རེད། བོད་ནང་གི་མི་མང་དཀའ་རྙོག་འོག་ཚུད་ཡོད་པ་དང། བོད་དེ་རིམ་པས་རྩ་མེད་དུ་འགྲོ་རྒྱུའི་ལམ་ཁར་འགྲོ་ཡི་ཡོད་པ་རེད། བསམ་བློ་གསར་པ་གཏོང་རྒྱུའི་དུས་ཚོད་རེད་བསམ་གྱི་འདུག
དྲི་བ། དེའི་ཐོག་སྲིད་ཇུས་གསར་པ་ཡོད་དམ། སྐུ་ཉིད་ཡིན་ན་སྔོན་མ་ནས་རང་སྲིད་རང་སྐྱོང་གི་སྐོར་གསུངས་ཡོད་པ་རེད།
ལན། སྲིད་ཇུས་གསར་པ་ང་ལ་ལམ་སེང་བཤད་རྒྱུ་མེད། བོད་གཞུང་གི་སྒྲིག་འཛུགས་ནང་སྲིད་ཇུས་དེ་དབུ་མའི་ལམ་གཏན་ཁེལ་བར་༧རྒྱལ་བ་རིན་པོ་ཆེས་ལམ་སྟོན་གནང་བ་རེད། གྲོས་ཚོགས་ནས་༧རྒྱལ་བ་རིན་པོ་ཆེས་ཡེ་ཤེས་དབྱངས་དཔྱད་ཀྱིས་ཐག་གཅོད་གནང་རོགས་ཞེས་གྲོས་ཆོད་བཞག་པ་རེད། ཡེ་ཤེས་དབྱངས་དཔྱད་དེ་དབུ་མའི་ལམ་གྱི་ཐོག་ཕེབས་ཀྱི་ཡོད་པས་དེ་རང་ལ་རྒྱབ་སྐྱོར་ཡོད་ཞུས་ཡོད་པ་རེད། སྒྲིག་འཛུགས་ནང་སྲིད་ཇུས་གསར་པ་ག་རེ་ཡིན་ནའང་གྲོས་ཚོགས་ནང་བཀའ་བསྡུར་དགོས་པ་རེད་ལ། ༧རྒྱལ་བ་རིན་པོ་ཆེས་བཀའ་སློབ་གསར་པ་ཕེབས་སྲིད་པ་རེད། ངས་སྔོན་མ་ནས་རང་ཐག་རང་གཅོད་ཀྱི་གནད་དོན་འགྲེལ་བཤད་རྒྱག་གི་ཡོད་པ་རེད། ཡིན་ནའང་ད་ལྟ་སྲིད་ཇུས་གསར་པ་དང་འདེམས་ཀའི་སྐོར་མ་རེད། རང་ཐག་རང་གཅོད་ཀྱི་སྐོར་བཤད་སྐབས། བོད་མི་ཚོའི་བསམ་བློའི་ནང། སྔོན་མའི་འདེམས་ཀ་བཞི། རང་བཙན། དབུ་མའི་ལམ། རང་ཐག་རང་གཅོད། བདེན་པའི་ཨུ་ཚུགས་དེ་རེད་བསམ་གྱི་འདུག ཡིན་ནའང་དེ་བཤད་ཀྱི་ཡོད་པ་མ་རེད། དེའི་ལེའུ་ཚར་བ་རེད། ངས་ག་རེ་བཤད་ཀྱི་ཡོད་པ་རེད་ཟེར། རང་ཐག་རང་གཅོད་ཅེས་པ་རྒྱལ་སྤྱིའི་ཁྲིམས་ཀྱི་ནང་ལྟ་བ་ཞིག་རེད། མི་རིགས་ཤིག་ལ་རང་གི་དོན་རང་གིས་བྱེད་པ་དང། གཞན་གྱིས་ཇུས་གཏོགས་མི་ཆོག་པའི་ཐོབ་ཐང་དེ་བོད་མི་ལ་ཡོད་པ་རེད། ལྟ་བ་དེ་རྒྱལ་སྤྱིའི་ཐོག་ནས་ངོས་ལེན་ཡོད་པ་དང། རྒྱལ་སྤྱིའི་ཁྲིམས་དང་མཐུན་གྱི་ཡོད་པ་དེ་རྩ་ཆེན་པོ་རེད། ང་ཚོས་རྒྱ་མཉམ་པོར་རྩོད་ཀྱི་ཡོད་པ་རེད། དེ་ལ་རྒྱུ་མཚན་དང་གཞི་ཞིག་དགོས་པ་རེད། རྒྱུ་མཚན་དེ་སྔོན་མའི་ལོ་རྒྱུས་ནང་བྱུང་བ་རེད་ཅེས་བཤད་ཀྱི་ཡོད་པ་མ་རེད། བོད་མི་རིགས་ལ་ད་ལྟ་ཡིན་ནའང་ཐོབ་ཐང་ཞིག་ཡོད། རྒྱ་མིས་བྱེད་པ་དེ་དྲང་པོ་མ་རེད་ཅེས་རྒྱུ་མཚན་ཞིག་ཡོད་པ་རེད། མཚམས་མཚམས་སུ་ང་ཚོས་རྒྱ་དང་བོད་ཀྱི་ལས་ཀ་བྱེད་ཕྱོགས་སྐོར་ལ་འགྲེལ་བཤད་མང་པོ་ཆགས་དུས་ང་ཚོའི་རྩ་བའི་དམིགས་ཡུལ་དེ་བརྗེད་གྲབས་བྱེད་ཀྱི་མེད་འགྲོ་བསམ་པའི་ང་རང་ལ་སེམས་ཁྲལ་ཡོད། རྩ་དོན་ཟེར་སྐབས། རང་སྐྱོང་ཐོབ་ཀྱི་ཡོད་ནའང་རེད། ག་རེ་ཡིན་ནའང་རྩ་དོན་དེ་ཨེ་ཡིན་ན་བསམ་གྱི་འདུག རང་སྐྱོང་ཆེན་པོ་ཡིན་ནའང་རེད། ཆུང་ཆུང་ཡིནའང་རེད། རྒྱ་མི་མཉམ་པོར་འགྲིག་རྒྱུའི་སྐད་ཆ་ཞིག་རེད། བོད་མི་རིགས་དང་བོད་རྒྱལ་ཁབ་ཀྱི་ཆེད་དེ་རྩ་དོན་རེད་བསམ་གྱི་འདུག བོད་མི་རིགས་ཆེད་དུ་དམིགས་ཡུལ་ཞིག་མ་བཞག་ན། ལས་ཀ་ལ་རྒྱུ་མཚན་ཞིག་དགོས་པ་རེད། རང་ཐག་རང་གཅོད་རྩ་ཆེན་པོ་ཡིན་པ་འཛམ་བུ་གླིང་ཚང་མས་མི་རིགས་ཤིག་ལ་ཐོབ་ཐང་ཡོད་པ་རེད་ཅེས་ཁས་ལེན་བྱེད་ཀྱི་ཡོད་པ་རེད། མཚམས་མཚམས་སུ་ང་ཚོས་འགྲོ་བ་མིའི་ཐོབ་ཐང་བཤད་ཀྱི་ཡོད་པ་རེད། དེ་ཚང་མས་ཁས་ལེན་བྱེད་ཀྱི་རེད། ཡིན་ནའང་དེ་མི་དོ་བདག་རེ་རེ། མི་གཅིག་གི་ཐོབ་ཐང་བཤད་ཀྱི་ཡོད་པ་རེད། བོད་མི་ཚོ་མི་གཅིག་གཉིས་མ་རེད། བོད་མི་ས་ཡ་དྲུག་རེད། དེ་ལ་མིའི་སྤྱི་ཚོགས་ཤིག་ཡིན་པ། སྐད་གཅིག་པ། རིགས་གཅིག་པ། ལུགས་སྲོལ་གཅིག་པ། ཆོས་གཅིག་པ་དམིགས་བསལ་གྱིས་ཁྱད་ཆོས་མང་པོ་ཞིག་ཚང་གི་རེད། ཁྱད་ཆོས་དེ་འདྲ་ཚང་སའི་མི་ལ་སོ་སོའི་སྤྱི་ཚོགས་ལ་སོ་སོས་ཐག་གཅོད་རྒྱུའི་ཐོབ་ཐང་ཡོངས་གྲགས་སུ་ངོས་འཛིན་བྱེད་དགོས་པ་དེ་ཁྲིམས་ཀྱི་ལྟ་བ་ཞིག་རེད། དེ་རྩ་ཆེན་པོ་ཡིན་པ་ངས་འགྲེལ་བཤད་རྒྱག་གི་ཡོད་པ་རེད། ང་ཚོ་གཅིག་པུའི་སྐད་ཆ་དང་སོ་སོའི་བདེན་པ་གཅིག་པུ་འགྲེལ་བཤད་བརྒྱབ་ནས་ཕན་གྱི་ཡོད་པ་མ་རེད། འཛམ་གླིང་སྤྱི་དང་མཐུན་པའི་སྐད་ཆ་མང་པོ་བཤད་ཀྱི་ཡོད་པ་རེད། མང་གཙོ་གལ་ཆེན་པོ་རེད་ཟེར་བ་དེ་ཡོངས་གྲགས་རེད། ཞི་བའི་ཐོག་ནས་དཀའ་རྙོག་སེལ་དགོས་པ་རེད་ཟེར་བ་དེ་གང་འཚམས་གནད་འགག་ཆེན་པོར་བརྩི་ཡི་ཡོད་པ་རེད། ཡིན་ནའང་དམག་ཆེན་པོ་དེ་འདྲ་ད་ལྟ་རྒྱག་བཞིན་པ་རེད། འགྲོ་བ་མིའི་ཐོབ་ཐང་དང། མི་རིགས་གཅིག་གི་རང་ཐག་རང་གཅོད་ཅེས་པ་དེ་ལྟ་བ་ཞིག་རེད། དེ་ཡོད་པས་བོད་ཀྱི་རྩ་དོན་སྒྲུབ་སྐབས་དེ་བེད་སྤྱོད་བཏང་ན་ཕན་ཐོགས་མེད་འགྲོ་བསམ་གྱི་འདུག
དྲི་བ། ད་ལྟ་བོད་གཞུང་གིས་རྒྱ་མི་རིགས་ལ་འབྲེལ་བ་བྱེད་རྒྱུ་དེ་གལ་ཆེན་པོར་བརྩི་ཡི་ཡོད་པ་རེད། དེས་ཕན་ཐོགས་ཅུང་ཡོང་གི་རེད་དགོངས་ཀྱི་ཡོད་དམ།
ལན། རྒྱ་མི་རིགས་དང་འབྲེལ་བ་བྱེད་རྒྱུ་དེས་ཕན་ཐོགས་ཀྱི་རེད་བསམ་གྱི་འདུག ༧རྒྱལ་བ་རིན་པོ་ཆེས་རྒྱ་མི་མཁས་པ། གསར་འགོད་པ། ཆོས་པ་སོགས་མང་པོར་འབྲེལ་བ་གནང་གི་ཡོད་པ་རེད། དེ་བཞིན་བོད་པ་མང་པོས་རྒྱ་མིའི་སློབ་མ་ཡིན་ནའང་རེད། མཁས་པ་ཡིན་ནའང་རེད། ས་ཆ་གང་སར་ཐབས་ཤེས་བྱེད་ཀྱི་འདུག རྒྱ་མི་དང་ག་ཚོད་སྐད་ཆ་བཤད་ན་མཐའ་མ་ང་ཚོ་ལ་ཕན་ཐོགས་ཆེ་བ་ཡོད་པ་རེད་བསམ་གྱི་འདུག ཡིན་ནའང་ཁྱབ་ཆེ་ཆུང་དང་ནུས་པ་ག་ཚོད་ཐོན་མིན་ཐོག་ད་དུང་ཞིབ་ཕྲ་བྱེད་ཀྱི་མི་འདུག དཔེར་ན། ས་གནས་ཁག་འདྲ་མིན་ན་འབྲེལ་བ་བྱེད་ཀྱི་ཡོད་པ་རེད་མོད། དེའི་བསླབ་བྱ་ཕན་ཚུན་ལེན་གྱི་ཡོད་པ་མ་རེད། ཁྱེད་རང་གིས་འབྲེལ་བ་གཅིག་བྱས། ངས་གཞན་པ་ཞིག་བྱས། དངོས་གནས་བྱས་ན་འབྲེལ་བ་བྱེད་མཁན་གྱི་ཚོགས་པ་ཡིན་ནའང་འདྲ། གཞུང་ཡིན་ནའང་རེད། སྒེར་པ་ཚང་མ་སྐབས་རེར་གྲོས་བསྡུར་བྱེད་དགོས་པ་རེད། སྐད་ཆ་དེང་སྐབས་གང་ལ་འགྲོ་ཡི་འདུག ཚོང་པའི་ནང་དུ་འགྲོ་ཡི་འདུག རྩོམ་པ་པོ་དང། ཁྱད་ལས་པའི་ནང་དུ་འགྲོ་ཡི་འདུག་གམ། དེ་མིན་ན། གཞུང་དང་ཏང་གི་ནང་དུ་འགྲོ་ཡི་འདུག་གམ། བོད་བརྒྱུད་ནས། ཡང་ན་ཕྱི་རྒྱལ་ལ་ཡོད་པའི་རྒྱ་མི་བརྒྱུད་ནས་འགྲོ་ཡི་འདུག་གམ། དེ་འདྲའི་ཞིབ་ཕྲའི་འཆར་གཞི་ཡོད་པ་ལྟ་བུ་མི་འདུག ངས་དེ་འདྲའི་བགྲོ་གླེང་བྱེད་མཁན་ཚོ་ཤེས་ཀྱི་ཡོད་པ་རེད། དེ་ཚོ་ཡར་རྒྱས་གཏོང་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག།།
{jcomments on}