ཆབ་སྲིད་ཀྱི་ལས་ཀ་བྱེད་ས་མེད་པས་སྤྱི་འཐུས་བྱེད་རྒྱུ་མིན།

trulku ugyunthop gyalམདོ་སྟོད་སྤྱི་འཐུས་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་ལགས་སུ་བཅར་འདྲི། དྲི་བ། རིན་པོ་ཆེས་སྐབས་གསུམ་རིང་མདོ་སྟོད་ཀྱི་སྤྱི་འཐུས་གནང་བ་རེད། ལོ་འདིར་ཡང་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་ས་གནས་ཁག་ནས་འོས་མིག་འདེམས་སྒྲུག་བྱེད་སྐབས། སྐུ་ཉིད་མང་ཤོས་སུ་སླེབས་ཀྱང་སྐབས་བཅོ་ལྔ་པར་གཏན་ནས་བཞུགས་རྒྱུ་མིན་ཞེས་གསུངས་འདུག དེའི་རྒྱུ་མཚན་ག་རེ་ཡིན་ནམ།

trulku ugyunthop gyalལན། ང་སྐབས་བཅུ་གཅིག་པར་མདོ་སྟོད་སྤྱི་འཐུས་འཆི་མེད་རྡོ་རྗེ་སྤྱི་འཐུས་བྱེད་མ་ཐུབ་པའི་སྐབས་བར་མའི་འོས་བསྡུའི་སྐབས་སུ་སླེབས་པ་རེད། སྐབས་དེའི་ལོ་བཞི་དང། སྐབས་བཅུ་གཉིས་པ་ལ་ཡོད་པ་མ་རེད། སྐབས་བཅུ་གསུམ་པ་དང་བཅུ་བཞི་པ་བཅས་ཆ་ཚང་བསྡོམས་པས་ལོ་༡༤ སྤྱི་འཐུས་བྱས་པ་རེད། སྤྱི་འཐུས་བྱེད་པའི་སྐབས་ལ་ང་རང་གི་དམིགས་ཡུལ་ག་རེ་བཟུང་ཡོད་ཅེ་ན། བོད་རྒྱལ་ཁབ་དེ་མེད་པ་ཆགས་ནས་རྒྱ་མིའི་ལག་ཏུ་ཤོར་བ་དེ་སླར་གསོ་བྱེད་རྒྱུའི་ དོན་དུ། ཆབ་སྲིད་ཀྱི་ཐོག་ནས་ལས་འགུལ་ཤུགས་ཆེན་པོ་ཞིག་བྱེད་ཐུབ་ཀྱི་རེད། བྱེད་དགོས་པ་རེད་བསམ། དེའི་དོན་གཅིག་པུར་བསམ་ནས་སྤྱི་འཐུས་ཀྱི་ནང་དུ་བསྡད་པ་ཡིན། བར་སྐབས་ནས་༡༩༨༠ ཙམ་ནས། བོད་ནང་དུ་འགྲོ་ཆོག་པའི་གནས་སྟངས་ཤིག་སླེབས་པའི་རྗེས་སུ་བོད་ནང་དུ་ཐེངས་མང་པོ་ཞིག་སོང་བ་ཡིན། ལྷག་པར་དུ་ཁམས་ལུང་པའི་ནང་དུ་སོང་བ་ཡིན། སྐབས་དེ་དག་ཏུ་གནས་ཚུལ་མཐོང་བའི་སྐབས་ཁམས་ལུང་པར་སྡོད་མཁན་གྱི་མི་མང་ལ་བསམ་ཚུལ་ག་འདྲ་ཡོད་པ། སེམས་ཤུགས་ག་ཚོད་ཡོད་པ། དེ་ཚོ་ལ་བརྟེན་ནས་ཆབ་སྲིད་ཀྱི་ལས་འགུལ་ཞིག་བཟོ་དགོས་ཀྱི་འདུག་བསམ་ནས་སྤྱི་འཐུས་ལ་ང་བསྡད་པ་ཡིན། ཡིན་ནའང་ད་བར་དུ་དངོས་སུ་སྤྱི་འཐུས་ནང་བསྡད་ནས་ཆབ་སྲིད་ཀྱི་ལས་ཀ་བྱེད་རྒྱུར་དཀའ་ལས་ཁག་པོ་གང་མིན་ཚད་བྱུང་སོང་། ཆབ་སྲིད་ཀྱི་ལས་དོན་སྒྲུབ་ཐུབ་ཐབས་མི་འདུག ལྷག་པར་དུ་༢༠༠༨ ཀྱི་ཞི་རྒོལ་ཆེན་མོའི་སྐབས། ད་དངོས་གནས་ཀྱི་དུས་ཚོད་ཅིག་ཏུ་སླེབས་པ་རེད་བསམ་སྟེ། ལས་འགུལ་མང་པོ་ཞིག་གི་ནང་དུ་སེམས་ཁུར་ཆེན་པོ་བླངས་པ་ཡིན་ཏེ་གྲུབ་འབྲས་གཏན་ ནས་ཐོན་ཐུབ་ཀྱི་མི་འདུག གཙོ་བོ་དེ་ལ་བརྟེན་ནས་ངས་སྤྱི་འཐུས་བྱེད་ཀྱི་མིན་ཞེས་བརྗོད་དགོས་པའི་རྒྱུ་མཚན་དེ་ཡིན།

དྲི་བ། རིན་པོ་ཆེས་སྤྱི་འཐུས་གནང་བ་ཙམ་མ་ཡིན་པར་སྤྱི་འཐུས་ཡོངས་རྫོགས་ལ་བཞུགས་ཤག་གསར་རྒྱག་གནང་རྒྱུར་སྦྱིན་བདག་གནང་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད། ལས་དོན་དེ་འགྲུབ་དང་མི་འགྲུབ་ཀྱི་གནས་སྟངས་ག་འདྲ་ཆགས་ཡོད་པ་རེད། དེའི་སྐོར་མདོར་བསྡུས་ཤིག་གསུངས་རོགས།

ལན། སྤྱིར་ང་ཆབ་སྲིད་ཀྱི་ལས་ཀ་བྱེད་དགོས་བསམ་ནས་སྤྱི་འཐུས་ཀྱི་ནང་དུ་བསྡད་པ་ཡིན། ཆབ་སྲིད་ཀྱི་ལས་ཀ་བྱེད་རྒྱུར་གང་མིན་ཚད་ཀྱིས་འགོག་རྐྱེན་འདུག གང་ལྟར་སྤྱི་འཐུས་ཀྱི་ནང་དུ་བསྡད་ཚར་བ་ཡིན་དུས་ལས་ཀ་ཆུང་ཆུང་ཞིག་བྱས་ན། སྤྱི་འཐུས་༤༦ སྡོད་ཤག་ཅིག་བཟོས་ན་བསམ་སོང་། སྤྱི་འཐུས་ཚོ་ཚོགས་འདུ་ལ་ཡོང་བའི་སྐབས་སུ་རང་གཞན་ཚང་མར་དཀའ་ངལ་འཕྲད་སྡོད་ཀྱི་ཡོད་པ་རེད། སྡོད་སའི་ཁང་པ་ཞིག་བཟོ་དགོས། དེ་ཡང་ཐབ་ཚང་དང་གསང་སྤྱོད་ཁྲུས་ཁང་དང་བཅས་པ་ཆ་ཚང་ཡོད་པ་ཞིག་བཟོ་དགོས་བསམ་ནས། ལས་ཀ་དེ་ངས་ཚོགས་འདུའི་ནང་དུ་ཞུས་པ་རེད། དེ་ནང་བཞིན་ཚོགས་གཞོན་རྒྱ་རི་སྒྲོལ་མ་དང་། ཚོགས་གཙོ་ཀརྨ་ཆོས་འཕེལ་ཡིན་པའི་སྐབས་སུ་༧རྒྱལ་བ་རིན་པོ་ཆེ་ལ་སྙན་སེང་ཞུས་བཀའ་འཁྲོལ་གནང་བའི་རྗེས། ངའི་ས་ལ་གཞུང་འབྲེལ་བྱས་ནས་ཐེངས་པ་ཁ་ཤས་ཕེབས་སོང་། མི་གསུམ་ལས་གྲུབ་པའི་ཚོགས་ཆུང་ཞིག་ཀྱང་བཙུག་གནང་བ་རེད། ངས་ངོས་ལེན་དང་གྲ་སྒྲིག་ཆ་ཚང་བྱས་བསྡད་པ་ཡིན་ཏེ། རྐྱེན་མང་པོ་ཞིག་ལ་བརྟེན་ནས་ལས་ཀ་དེ་ཡང་བྱེད་རྒྱུ་ལ་གང་ཡང་གྲ་འགྲིག་མ་སོང་། ལོ་སྔོན་མའི་ནང་དུ་དྷ་རམ་ས་ལར་ཁང་པ་དེ་འདྲ་རྒྱག་སའི་ས་ཆ་མི་འདུག་ཅེས་བཀའ་ དེ་གནང་ནས་སྤྱི་འཐུས་༤༦ ལ་ཁང་པ་རྒྱག་མ་ཐུབ་པ་རེད། མདོར་བསྡུས་ན་དེ་ཙམ་ཞིག་རེད། རྒྱས་པ་ངས་གང་ཡང་ཞུ་དགོས་དོན་མི་འདུག

དྲི་བ། མི་མང་གི་ནང་དུ་ད་ལོའི་སྤྱི་འཐུས་འོས་འདེམས་ཐད་འཁྲུག་ཆ་དོད་པོ་དང་དོ་སྣང་ཤུགས་ཆེ་རུ་ཧ་ཅང་སོང་ཡོད་པ་རེད། རིན་པོ་ཆེ་ལ་དེའི་ཐད་དགོངས་ཚུལ་ག་རེ་ཡོད་དམ།

ལན། སྐབས་བཅོ་ལྔ་པའི་སྤྱི་འཐུས་ཀྱི་སྐོར་ལ་མི་མང་གིས་དོ་སྣང་ཆེན་པོ་བྱེད་བཞིན་པ་དང། ལྷག་པར་དུ་མདོ་སྟོད་མི་མང་གིས་གང་མིན་ཚད་དོ་སྣང་ཆེན་པོ་བཟོས་ནས་སེམས་ཁུར་ལེན་སྡོད་ཀྱི་ཡོད་པ་རེད། དེའི་སྐོར་ང་ལ་བསམ་ཚུལ་གཅིག་དང་འོས་གཞི་གཅིག་ཏན་ཏན་ཞུ་རྒྱུ་ཡོད། དེ་ཡང་སྔོན་འགྲོའི་སྐབས་ལ་ཞུ་རྒྱུ་མིན། དངོས་གཞིའི་སྐབས་ལ་ཞུ་རྒྱུ་ཡིན། དེ་ཡང་ང་སྤྱི་འཐུས་བྱས་ནས་ལོ་༡༤ བསྡད་པའི་རིང་གི་ཉམས་མྱོང་ལ་བརྟེན་ནས་འོས་གཞི་ཞིག་སྟོན་གྱི་ཡིན། ལྷག་པར་དུ་འོས་གཞི་སྟོན་དགོས་དོན་གཙོ་བོ་མདོ་སྟོད་ཀྱི་སྤྱི་འཐུས་རྙིང་པ་ཡོད་པ་དང་། གསར་པ་སླེབས་རྒྱུ་དེ་ཚོ་མི་མང་པོ་ཞིག་ལ་རྒྱུས་ཡོད། མི་འདི་ཚོ་ཡག་གི་རེད། མི་འདི་ཚོ་བཞག་ན་ཕན་ཐོགས་ཡོད་པ་རེད་ཅེས་རྒྱུས་ཡོད་བྱས་ནས་ལབ་ཀྱི་ཡིན། དེ་མ་གཏོགས་གང་ཡང་ཞུ་རྒྱུ་མེད།།

{jcomments on}

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།