སླ་དྲགས་ན་ཁྲིམས་ལ་རིན་ཐང་མེད།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༩༨
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ནང་དུ་བཅའ་ཁྲིམས་བསྐྱར་བཅོས་དང་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་ནི་ཚོགས་འདུ་ནམ་འཚོགས་ཀྱང་འཆར་ཅན་ལྟ་བུ་སླེབས་བཞིན་ཡོད་ལ། མང་གཙོའི་ཀ་བ་གསུམ་གྱི་ནང་ཁྲིམས་བཟོ་ལྷན་ཚོགས་ཡིན་པའི་ཆ་ནས་མི་འོས་པ་ཞིག་ཀྱང་མ་རེད།
འོན་ཀྱང་ཁྲིམས་སྒྲིག་དང་མི་མཐུན་པའི་གནས་ཚུལ་རེ་ཐོན་སྐབས། གནས་ཚུལ་དེ་ལ་ནོར་བཅོས་བྱ་རྒྱུའི་ཚབ་ཏུ་ཁྲིམས་སྒྲིག་ཁག་ནོར་འཁྲུལ་དེ་དང་མཐུན་པ་ཞིག་བཟོ་རྒྱུའི་ཆེད་དུ་འབད་བརྩོན་གནང་ན། དེ་ཁྲིམས་བཟོ་ལྷན་ཚོགས་ཀྱི་ལས་དོན་མ་འགྲུབ་པ་ཞིག་ཏུ་ངོས་འཛིན་མི་བྱེད་ཐབས་མེད་དུ་གྱུར་ཡོད། དཔེར་ན་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མི་གཉིས་འོས་གྲངས་འདྲ་མཉམ་ཐོན་ནས་ལན་བཞི་ལྔ་ཞིག་འོས་ཤོག་བླུགས་ཀྱང་ཐག་གཅོད་བྱེད་མ་ཐུབ་པར་བརྟེན། མཐའ་མ་འོས་བསྡུ་ལས་ཁུངས་ཀྱི་ལམ་སྟོན་བཞིན་ཁྲིམས་སྒྲིག་ཁག་གི་ནང་དུ་མི་གསལ་བའི་ཐག་གཅོད་ཅིག་བྱེད་དགོས་བྱུང་བ་རེད། བྱེད་སྟངས་དེ་ཁྲིམས་སུ་བཟོ་རྒྱུའི་སྟ་གོན་བྱེད་བཞིན་པ་ལྟ་བུ་ནི་ཁྲིམས་བཟོ་ལྷན་ཚོགས་ཀྱི་འགན་ཁུར་ཚུལ་བཞིན་འགྲུབ་པ་ཞིག་མ་རེད། དེ་བཞིན་མི་མང་སྟོང་ཕྲག་མང་པོས་སྤྱི་འཐུས་ལྷན་ཚོགས་སུ་སྙན་ཞུ་ཕུལ་ནས། བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་བསྐྱར་དུ་བཀའ་ཁྲིར་སླེབས་ཐབས་སུ་སྐབས་གསུམ་བཞི་གང་རུང་ཞིག་ཏུ་མུ་མཐུད་བཀའ་ཁྲི་གནང་ཆོག་པའི་བཅའ་ཁྲིམས་བསྐྱར་བཅོས་དགོས་པའི་བསམ་ཚུལ་འདོན་བཞིན་ཡོད་པ་དང་། དེ་ལ་བརྟེན་ནས་ད་ལྟའི་གྲོས་ཚོགས་ནང་དུའང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཞིག་སླེབས་ཡོད་པ་རེད། ད་ལྟའི་ཆར་འོས་བསྡུའི་ལས་རིམ་འགོ་བཙུགས་ཟིན་པ་མ་ཟད། དངོས་སུ་འོས་བསྡུ་བྱ་རྒྱུ་ལ་བདུན་ཕྲག་གཉིས་ལྷག་ལས་མེད་པའི་སྐབས་སུ་གང་ཟག་བྱེ་བྲག་པ་ཞིག་ལ་དམིགས་ནས་བཅའ་ཁྲིམས་བསྐྱར་བཅོས་སླེབས་པ་འདི་ཡང་དོན་དང་མཐུན་པ་ཞིག་ཏུ་གྱུར་ཡོད་མེད་བཤད་དཀའ་བ་ཞིག་ཏུ་གྱུར་འདུག
སྤྱིར་ད་ལྟའི་བཀའ་ཁྲི་ལས་ཐོག་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྐབས་བཅུ་གཉིས་དང་བཅུ་གསུམ་པའི་བཀའ་བློན་ཁྲི་པ་གནང་བ་ནས་བཟུང། བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་ཚགས་ཚུད་དང་། ལས་དོན་ཡར་རྒྱས་སུ་བཏང་ཡོད་པ་མ་ཟད། དཔལ་འབྱོར་གྱི་གནས་སྟངས་ཐོག་ནས་ཀྱང་གྲུབ་འབྲས་རླབས་ཆེན་ཐོན་ཡོད་ལ། དེ་བཞིན་སྒྲིག་འཛུགས་སྐྱོང་སྟངས་ཀྱི་ཐོག་ནས་ཀྱང་གང་ཟག་གི་དབང་བསྒྱུར་ནས་ཁྲིམས་ཀྱི་དབང་བསྒྱུར་ཕྱོགས་སུ་བསྐྱོད་ཐུབ་པའི་འབད་བརྩོན་ཤུགས་ཆེ་གནང་ཡོད་པ་སོགས། བཙན་བྱོལ་གྱི་ལོ་རྒྱུས་ནང་དུ་བཀའ་བློན་ཁྲི་པ་ཤེས་ཡོན་དང་གཟི་བརྗིད། འཇོན་ཐང། ནུས་པ། དྲང་ཚུགས་བཅས་ལ་བརྟེན་ནས་མི་མང་གིས་བརྩི་བཀུར་ཆེས་ཆེ་ཤོས་སུ་གྱུར་ཡོད་པ་སྨྲོས་མེད་ཡིན་ཡང། ཁོང་བསྐྱར་དུ་བཀའ་བློན་ཁྲི་པར་བཞུགས་ཐུབ་པ་ཁོ་ནར་དམིགས་ནས་དེ་རིང་གི་བཅའ་ཁྲིམས་བསྐྱར་བཅོས་དེ་སྤྱི་འཐུས་ཀྱི་རྩ་འབོར་སུམ་ཆ་གཉིས་ཡན་གྱིས་རྒྱབ་སྐྱོར་གྱིས་བསྐྱར་བཅོས་བྱས་ན། མང་གཙོའི་འཕེལ་རིམ་གྱི་ནང་དུ་ཡང་དག་པའི་གོམ་བགྲོད་ཅིག་ཏུ་གྱུར་མེད་པ་ཧ་ཅང་གསལ་པོ་རེད། དེ་བཞིན་མི་མང་པོ་ཞིག་གིས་ཁྲིམས་སྒྲིག་གཞི་དེ་མིས་བཟོས་པ་རེད། ཁྲིམས་གཞི་བསྐྱར་བཅོས་མིས་བྱེད་ཆོག་གི་རེད་ཅེས་བཤད་མཁན་གང་མང་ཡོད་པ་དང་། ཕྱོགས་གཅིག་ནས་སྐད་ཆ་དེ་བདེན་པ་ལྟ་བུར་མཐོང་ཡང་། དོན་དངོས་ཀྱི་ཐོག་ནས་གང་ཟག་གམ་སྒྲིག་འཛུགས་ཤིག་གིས་ཁྲིམས་སྒྲིག་དང་མི་མཐུན་པ་ཞིག་བྱུང་ན་ནོར་འཁྲུལ་དེ་ཡོ་བསྲང་བྱེད་རྒྱུའི་ཚབ་ཏུ། ནོར་འཁྲུལ་དེ་དང་མཐུན་པར་ཁྲིམས་སྒྲིག་བསྐྱར་བཅོས་བྱེད་ཐབས་བྱེད་པ་དང། དེ་བཞིན་ཁྲིམས་སྒྲིག་བསྐྱར་བཅོས་བྱེད་པའི་སྐབས་ཀྱང་གྲོས་ཚོགས་ནང་བགྲོ་གླེང་ཚད་ལྡན་མ་བྱུང་བ་སོགས། ཁྲིམས་སྒྲིག་ཁག་བསྐྱར་བཅོས་བྱེད་རྒྱུ་དེ་སླ་དྲགས་ན་ཁྲིམས་སྒྲིག་ལ་རིན་ཐང་གང་ཡང་མེད་པ་ལྟ་བུར་འགྱུར་ངེས་རེད།།