སྤྱི་འཐུས་ཚེ་བརྟན་ནོར་བུ་བཀའ་ཁྲིར་ལངས་པའི་གསལ་བསྒྲགས།

ཚེ་བརྟན་ནོར་བུ།   ལུང་ཚན། འབྲོག་སྨད།     སྡོད་གནས།། བལ་ཡུལ།  ལས་གནས། སྤྱི་འཐུས།

ཁོང་གི་བྱེས་རྗེས་ལ་གཞིགས་ན། རེ་བ་འདི་འདྲ་ཞིག་བརྒྱབ་ཆོག

བཀའ་ཁྲིའི་འོས་དམིགས། ཚེ་བརྟན་ནོར་བུ།

 

ཚེ་བརྟན་ནོར་བུ་ལགས་ནི་༡༩༥༩ལོར་སྐྱེས་ཤིང་། ད་ལྟའི་ཆར་བོད་མི་མང་སྤྱི་འཐུས་ལས་ཐོག་དང་། ལུམ་བི་ནི་ཐེབས་རྩ་ཚོགས་པའི་ཚོགས་གཞོན། ཀཐ་མན་གྲུ་བོད་ཀྱི་རིག་གཞུང་བསྟི་གནས་ཁང་གི་ངེས་སྟོན་པ་བཅས་ཀྱི་ཐུགས་འགན་བཞེས་བཞིན་ཡོད།

སློབ་སྦྱོང་བརྒྱུད་རིམ། ཚེ་བརྟན་ནོར་བུ་ལགས་ཀྱིས་གཞི་རིམ་སློབ་གྲྭ་ཆུང་འབྲིང་ཁག་བརྒྱུད། ཀཐ་མན་གྲུ་ཏྲི་བུ་ཝན་གཙུག་ལག་སློབ་གྲྭ་ནས་དཔལ་འབྱོར་རིག་པའི་ཆེས་མཐོའི་ཞིབ་འཇུག་གི་MBAབསླབ་པ་མཐར་སོན་ཞིང་། དེ་ནི་བོད་རིགས་སྐྱབས་བཅོལ་པའི་བུ་ཕྲུག་ཅིག་རྒྱལ་ཁབ་འདིའི་ནང་ཚད་མཐོའི་སློབ་མཐར་ཕྱིན་མཁན་ཐོག་མ་དེ་རེད། དེ་རྗེས་ཧྥི་ལི་ཕིན་(philipine)རྒྱལ་ཁབ་ཀྱི་ Xavier ཞེས་པའི་གཙུག་ལག་སློབ་ཆེན་ནས་འགོ་འཁྲིད་པའི་ཆེད་སྤྱོང་ཕྱག་འཁྱེར་བླངས་བ་དང་། ཉི་ཧོང་ནང་ཨེ་ཤ་ཡའི་ཐོན་སྐྱེད་སྒྲིག་འཛུགས་ཀྱི་ཕྱི་ཚོང་ཁྲོམ་རའི( Asian Productivity Organization( APO)Japan་)སྦྱོང་བརྡར་ཕྱག་འཁྱེར་ཐོབ་ཡོད།

ལས་ཀའི་ཉམས་མྱོང་། ང་ཚོས་ཚེ་བརྟན་ནོར་བུར་རྒྱུས་ལོན་བྱས་པ་ལྟར་ན། ཁོང་ཆུང་དུས་ནས་སྤྱི་ཚོགས་ཞབས་ཞུ་དང་། རྩོམ་སྒྲིག་པ། ཡིག་བསྒྱུར་བ། གསང་གནས་དཔྱད་ཞིབ་པ་སོགས་ཞི་དྲག་གཉིས་ཀྱི་ལས་སྒོ་སྣ་ཚོགས་ཐོག་ཧུར་བརྩོན་གྱིས་ཞུགས་ཤིང་། དེ་སྔ་Phlipines ནང་སློབ་སྦྱོང་བྱེད་ཀྱིན་པའི་སྐབས་སུ་རྒྱལ་ཁབ་ཉི་ཤུའི་སློབ་ཕྲུག་ཚོགས་པའི་ཚོགས་གཙོར་འདེམས་ཐོན་བྱུང་བ་དང་། ཚོགས་པ་དེའི་ལོ་འཁོར་དུས་དེབ་ཀྱི་རྩོམ་སྒྲིག་པའང་གནང་། ཡང་ཕྱི་ལོ་༡༩༩༡ ནས་ ༡༩༩༥ ལོ་བར་སམ་བྷོ་ཊ་དུས་དེབ་ཀྱི་རྩོམ་སྒྲིག་དང། ཡང་ཁོང་གིས་རྒྱ་གར་མཐའ་མཚམས་བདེ་སྲུང་ཞིབ་འཇུག་ཁང་དུ་ལོ་དགུའི་རིང་ཞིབ་འཇུག་གི་ཕྱག་ལས་གནང་ཞིང་། སྐབས་དེར་བོད་ནང་མངོན་གསལ་མིན་པའི་ཐོག་ཐེངས་མང་བསྐྱོད་འདུག་ལ། དེ་བཞིན་ཁོང་གིས་སྤྱི་ཚོགས་ཞབས་ཞུའི་ལས་རིགས་ནང་ཕྱག་ལས་གནང་པ་ཁག་རོབ་ཙམ་ཞུས་ན། ཀཐ་མན་གྲུ་ས་གནས་གྲོས་ཚོགས་ཀྱི་ཚོགས་མི། རང་བདེན་ཚོགས་ཆུང་གི་ཚོགས་མི། ས་གནས་གཞོན་ནུའི་ཚོགས་གཙོ་བཅས་ཀྱི་འགན་ཁུར་མྱོང་བ་མ་ཟད། བལ་ཡུལ་སྣེ་ལེན་ཁང་དུ་བོད་འབྱོར་འབྲེལ་མཐུད་འགན་འཁུར་བ་ལོ་བཞིར་གནང་། ཡང་ཧི་མ་ལ་ཡའི་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་དྲུང་ཆེ་དང་། བལ་བོད་རྒྱལ་ཡོངས་གྲུམ་གདན་ཚོགས་པའི་ཚོགས་གཙོ། ཕྱི་ལོ་༡༩༩༨ནས་༢༠༠༡བར་དབྱིན་ཡུལ་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་རྒྱལ་སྐྱོར་ཚོགས་པའི་རྒྱུན་ལས་ཞོར་ལྕོགས་སུ་གནང་འདུག ཕྱི་ལོ་༡༩༩༥ནས་ ༢༠༠༡ བར་སྐབས་གཉིས་ལ་དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོར་བསྟུད་མུར་འདེམས་ཐོན་བྱུང་བ་དང་། ད་ལྟའི་ཆར་ཀཐ་མན་གྲུ་བོད་ཀྱི་རིག་གཞུང་བསྟི་གནས་ཁང་གི་ངེས་སྟོན་པ། ལུམ་བི་ནི་ཐེབས་རྩ་ཚོགས་པའི་ཚོགས་གཞོན། སྐབས་བཅུ་བཞི་བའི་བོད་མི་མང་སྤྱི་འཐུས་སུ་འདེམས་ཐོན་བྱུང་བ་ལྟར། སྤྱི་འཐུས་ལས་ཐོག་གི་ཐུགས་འགན་བཞེས་བཞིན་པ་སོགས། ༼སྐབས་བཅུ་གསུམ་པར་ཡང་དབུས་གཙང་སྤྱི་འཐུས་ཁོངས་སུ་འོས་གྲངས་རྩེ་ཕུད་ཡིན་མོད་ལས་དོན་གཞན་གྱི་དབང་གིས་དགོངས་པ་ཞུས་འདུག༽ཚེ་ནོར་ལགས་ནི་ས་གནས་དེ་དག་གི་ཐོག་དམའ་ས་ནས་རིམ་གྱི་མཐོ་སར་སླེབས་མཁན་ཞིག་དང་། མི་ཚང་དཀྱུས་མའི་བུ་ཕྲུག་ཞིག་གིས་ཉམས་མྱོང་རིམ་བསགས་ཐོག་ལས་དོན་གཟེངས་སུ་ཐོན་ཡོད་སྟབས། ཁོང་ནི་འགན་སྤྲད་ན་འཁུར་ཐུབ་པའི་མི་ཞིག་ཡིན་པ་བདེན་དཔང་བྱེད་ཐུབ།

ལས་དོན་གྲུབ་འབྲས།

 

ཁོང་ལ་རེ་བ་འདི་ལྟར་བརྒྱབ་ཡོད།

༡༽ བཙན་བྱོལ་བོད་གཞུང་གི་སྲིད་བྱུས་དང། ༧གོང་ས་མཆོག་གི་དགོངས་གཞི་དཀྱུས་གཅིག་ཏུ་བཞག་སྟེ་གཟིགས་དགོས་པའི་སྐབས་འདིར། ཚེ་ནོར་ནི་བོད་གཞུང་གི་ཕྱི་ནང་སྲིད་བྱུས་ལ་རྒྱུས་མངའ་ལྡན་པ་དང། ནང་སྒོས་༧གོང་ས་མཆོག་གི་དགོངས་གཞི་མིག་འབྲས་ལྟར་སྲུང་མཁན་ཤེས་མྱོང་གཉིས་ལྡན་གྱི་འགོ་འཁྲིད་པ་ཞིག་ཡིན་སྟབས། ཁོང་བཀའ་ཁྲིད་ཕེབས་པ་ཡིན་ན༧གོང་ས་མཆོག་གི་དགོངས་གཞི་དངོས་དང་། རྒྱལ་སྤྱིའི་དུས་བབ་ཀྱི་འགྱུར་འགྲོས་ལ་བསྟུན་ནས་གང་ཞིག་ལ་འགྱུར་བ་གཏོང་དགོས་པ་དང་། གང་ཞིག་རྒྱུད་འཛིན་བྱེད་དགོས་མིན་གསལ་བོ་མཁྱེན་ངེས་རེད།

༢༽ དེང་སང་ང་ཚོའི་ཆབ་སྲིད་པ་རྣམས་ཀྱིས་གཞིས་ནུབ་ཕྱོགས་ནས་འཛིན་རྒྱུ་དང། འུར་བཙན་བྱོལ་ནང་རྒྱག་པའི་གོམས་གཤིས་ཤིག་ཁུར་ཡོང་གི་ཡོད་ལ། ཤུགས་རྐྱེན་དེའི་འོག་མང་ཚོགས་དཀྱུས་མ་ཡན་ཆད་ཀྱི་སེམས་ཁམས་ཟང་ཟིང་ཆགས་ཀྱིན་པའི་སྐོར་ལ་ཚེ་ནོར་ལགས་ཀྱིས་དུས་རྟག་ཏུ་སུན་འབྱིན་བྱེད་ཀྱིན་པས་ན། ཁོང་ནང་ནང་བཞིན་བཙན་བྱོལ་བ་སྤྱི་བྱིངས་དང་མཉམ་དུ་སྐྱིད་སྡུག་མཉམ་མྱོང་བྱས་ནས་འདུག་ཐུབ་མཁན་ཞིག་བཀའ་ཁྲིར་ཐོབ་པ་ཡིན་ན། ཕྱིས་འབྱུང་རྐང་པ་ཉིས་འཛུགས་བྱེད་མཁན་གྱི་འགོ་འཁྲིད་མི་སྣ་དག་གི་ཀུན་སྤྱོད་ཡར་རྒྱས་དང་། དམངས་སེམས་བརྟན་པོ་ཡོང་རྒྱུར་དགེ་མཚན་ལྡན་ཡོད།

༣༽ བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་རང་དབང་སླར་གསོའི་ལས་འགུལ་ལ་བརྟེན་དགོས་པའི་ཛ་དྲག་འོག་ལྷག་ཡོད་པས་ན། གནས་སྟངས་འདིའི་འོག་མང་གཙོའི་སྒྲིག་འཛུགས་སྲ་བརྟན་གཏོང་རྒྱུ་ལས་ཀྱང་བོད་ནང་གི་གནས་སྟངས་ལ་ཞུགས་ནས་ལས་འགུལ་སྤེལ་རྒྱུ་གལ་ཆེན་ཆགས་ཡོད། དེར་བརྟེན་ཚེ་ནོར་ནང་བཞིན་མར་མང་ཚོགས་ནང་ཐོན་ཏེ་ལས་འགུལ་གྱི་སྣེ་འཁྲིད་ཐུབ་མཁན་རྣམས་ནི། གཟིམ་ཤག་ཁམས་གཙང་སྤུག་ནས་ལྐོག་ཇུས་འཐེན་མཁན་ཚོ་ལས་ལྡབ་འགྱུར་གྱི་འགོ་འཁྲིད་ནུས་པ་ལྡན་ཡོད།

༤༽ མ་འོངས་པའི་བོད་དོན་འཐབ་རྩོད་ཐད་ནུབ་ཕྱོགས་ལས་ཀྱང་ཤར་ཕྱོགས་ཀྱི་རྒྱ་གར་ནག་གཙོས། བལ་ཡུལ་སོགས་བོད་ཀྱི་ཁད་ཉེ་རྒྱལ་ཁབ་ཁག་དང་། ཁྱད་པར་དུ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཆབ་སྲིད་འགྱུར་འགྲོས་གལ་ཆེན་ཆགས་རྒྱུ་ཡིན་པར་བརྟེན། ཚེ་ནོར་ལགས་ནི་གླིང་ཆེན་ཨེ་ཤི་ཡའི་ཆབ་སྲིད་ཀྱི་གནས་བབ་སྤྱི་དང་། ནང་སྒོས་བོད་ནང་དུའང་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་ཡོད་བསྡད་པ་ཞིག་ཡིན་སྟབས། མ་འོངས་པའི་བོད་དོན་འཐབ་རྩོད་ཁྲོད་ཁོང་བཀའ་ཁྲིར་ཐོབ་དགོས་པའི་ཆབ་སྲིད་ཀྱི་གལ་གནད་རང་བཞིན་བཤད་མ་དགོས་པ་ཞིག་རེད།

༥༽ ཚེ་ནོར་ལགས་ཀྱིས་ནམ་རྒྱུན་གཞིས་ཆགས་སྲ་བརྟན་གཏོང་དགོས་ན་གཞོན་སྐྱེས་ཚོར་ལས་ཞུགས་གོ་སྐབས་སྐྲུན་དགོས་པ་དང་། བོད་གཞུང་གིས་དེའི་ཆེད་ལྷན་ཁང་ཞིག་ཟུར་འཛུགས་ཐུབ་མིན་སྐོར་གྲོས་ཚོགས་ནང་དེ་སྔར་ཞུ་བསྐུལ་གནང་མྱོང་བ་ཚང་མས་མཁྱེན་གསལ་ལྟར་རེད། དེར་བརྟེན་ཁོང་ལ་བཀའ་ཁྲིའི་ཞབས་སྟེགས་དེ་རག་པ་ཡིན་ན་གལ་ཆེ་ལས་དོན་འདི་དག་ལམ་ལྷུང་འབྱུང་ངེས་ཡིན་ལ། མ་གཞི་སྤྱི་ཚོགས་ཡར་རྒྱས་དང་བརྟན་ལྷིང་ཡོང་མིན་གྱི་ཚད་གཞི་ནི་དཔལ་འབྱོར་གནས་སྟངས་གཞིར་བཞག་ནས་བརྗོད་ཀྱི་ཡོད་ལ། ཚེ་ནོར་གྱི་ཆེད་ལས་ཀྱང་དཔལ་འབྱོར་རིག་པ་ཡིན་པ་མ་ཟད། ཁོང་གིས་བལ་བོད་གྲུམ་གདན་ཚོང་ཚོགས་དང་། བོད་ཀྱི་ཚོང་བའི་བདེ་དོན་སྒྲིག་འཛུགས་སོགས་ཕྱི་ཚོང་དང་འབྲེལ་བའི་རྐང་འགན་ཁུར་ནས་ལོ་མང་ཕྱིན་ཡོད་སྟབས། ཁོང་བཀའ་ཁྲིར་འདེམས་ཐོན་བྱུང་ན། བཙན་བྱོལ་བོད་མིའི་དཔལ་འབྱོར་གནས་སྟངས་ལ་ཁ་ཡོད་ལག་ཡོད་ཀྱི་དོན་འབྲས་སོན་ངེས།

༡༽ འགོ་འཁྲིད་ཀྱི་ནུས་པ། གཅེས་སྲོག་ཕངས་མེད་དུ་དོར་ཐུབ་པའི་དམག་མི་རྣམས་ནི། གདེང་སྤོབས་ཅན་གྱི་དམག་དཔོན་ཚོའི་བཀོད་འདོམས་འོག་ད་གཟོད་ཐོན་གྱི་ཡོད་པའི་དཔེ་བཞིན། ཚེ་བརྟན་ནོར་བུ་ལགས་དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་གནང་བཞིན་པའི་སྐབས་སུ། བབ་ལྷིང་བརྟན་གསུམ་ཀྱི་རང་གཤིས་ལྡན་པའི་དབུ་ཁྲིད་ཁོང་གི་མདུན་སར། སོ་སོའི་རྒྱལ་ཁབ་ཀྱི་རང་དབང་སླར་གསོའི་ཆེད་གཅེས་སྲོག་ལེགས་སྐྱེས་ཕུལ་རྒྱུར་ཁས་ལེན་དམ་འབུལ་བྱེད་མཁན་ཚོགས་མི་མི་ཉུང་བ་ཞིག་བྱུང་ཡོད་ལ། དེ་གྲས་ཀྱི་མིག་དཔེ་ནི་དཔའ་བོ་ཐུབ་བསྟན་དངོས་གྲུབ་ཡིན། ཐུབ་བསྟན་དངོས་གྲུབ་ཀྱིས་རང་ལུས་མེ་བསྲེགས་བྱས་པས་རླབས་ཆེན་གྱི་གཏོང་ཕོད་དེ་ཡིས་བཙན་བྱོལ་བོད་མིའི་འཐབ་རྩོད་ལ་ཛ་དྲག་གི་མིག་དཔེ་བསྟན་པ་མ་ཟད། དེ་ནས་བཟུང་བོད་གཞིས་བྱེས་གཉིས་ཀྱི་སེམས་ངོར་ཚོགས་གཙོ་ཚེ་བརྟན་ནོར་བུ་དང་། ཚོགས་སྡེ་གཞོན་ནུ་ལྷན་ཚོགས། བོད་རང་བཙན་གྱི་འབོད་སྒྲ་གསུམ་པོ་ངོ་བོ་དབྱེར་མེད་དུ་འཆར་ཐུབ་པའི་སྣང་བརྙན་བསྐྲུན་ཡོད་ལ། ང་ཚོས་གནས་སྐབས་དེ་ནི་བོད་མི་རིགས་ཀྱི་ཟུངས་ཁྲག་རང་བཙན་ལ་འབུལ་ཕོད་པའི་འཐབ་རྩོད་ཀྱི་ཐོད་བརྒལ་བར་སྐབས་ཤིག་ཏུའང་ངེས་འཛིན་ཆོག

༢༽ ཉུལ་ཞིབ་ཀྱི་བློ་ཁོག གོང་ཞུས་ལྟར་ཚེ་བརྟན་ནོར་བུ་ལགས་རྒྱ་གར་མཐའ་མཚམས་བདེ་སྲུང་ཞིབ་འཇུག་ཁང་དུ་ཕྱག་ལས་གནང་སྐབས་མངོན་གསལ་མིན་པའི་ཐོག་བོད་ནང་ཐེངས་མང་བསྐྱོད་པ་དང་། ཕྱི་ལོ༡༩༨༨ ལོར་༧གོང་ས་མཆོག་གིས་སི་ཌ་སི་སྦག་གསུངས་འཕྲིན་བསྩལ་མ་ཐག ཁོང་གིས་ཉེན་ཁར་མ་འཛེམ་པར་ལྷ་སར་ཕྱིན་ནས་གལ་ཆེའི་ཡིག་ཆ་ཁག་བཀྲམ་འདུག་ལ། ལས་འགུལ་འདི་ཡང་ཉེ་རབས་བོད་ནང་རྒྱ་རྒོལ་འཐབ་རྩོད་ཀྱི་མེ་ལྕེ་སྦར་བའི་རྒྱུ་ཚོགས་ཀྱི་ཆ་ཤས་སུ་གྱུར་ཡོད་པ་སྨོས་མ་དགོས།

༣༽ སྲི་ཞུ་བའི་དྲང་ཚིགས། བརྒྱད་ཅུ་གྱ་གྲངས་ནང་ཚེ་བརྟན་ནོར་བུ་ལགས་བལ་ཡུལ་སྣེ་ལེན་ཁང་དུ་འབྲེལ་མཐུད་པའི་ལས་ཁུར་གནང་སྐབས། གསར་འབྱོར་བ་རྣམས་ལ་ཁ་ཞེ་གཉིས་མེད་ཀྱིས་ཞབས་ཏོག་སྒྲུབ་པར་བརྟེན། གསར་འབྱོར་བ་ཚོས་ཁོང་ལ་བོད་གཞུང་གི་བུ་ཞེས་དགའ་མགུ་བྱེད་སར་གྱུར། དེ་བས་ཕྱི་ལོ་༡༩༨༡ ནས་༡༩༨༢ ལོ་སོ་སོར་བོད་གཞུང་གིས་ཁོང་ལ་དམིགས་བསལ་སྲི་ཞུའི་ཞལ་དགའ་ཐེངས་གཉིས་ལ་བསྩལ་འདུག་ན། ཉེ་དགའ་ཕྱོགས་ལྷུང་མེད་པའི་སྲིད་ཞུ་བ་ཁོང་ལྟ་བུས་ད་གཟོད་གཞིས་བྱེས་གཉིས་ཀྱི་གཅིག་སེམས་གཅིག་ལ་སྒྲིལ་ཐུབ།

༤༽ ལས་འགུལ་གྱི་འཇོན་ཐང་། ཚེ་བརྟན་ནོར་བུ་ལགས་ཀྱིས་དབུས་གཞོན་ནུའི་ཚོགས་གཙོ་གནང་སྐབས། ལྡི་ལི་དང་སུད་སི་རྒྱལ་ས་ Geneva བཅས་སུ་ཟས་བཅད་ངོ་རྒོལ་ལས་འགུལ་ལ་སྣེ་ཁྲིད་དང་། རྒྱལ་སྤྱིའི་སྡིངས་ཆར་བོད་དོན་གནས་བབ་སྤྱི་དང་། ཡང་སྒོེས་ཤི་བོའི་ཁ་ཆེམས་དང་གསོན་པོའི་རེ་བ་སྟེ་ བོད་རང་བཙན་གྱི་འབོད་སྒྲ་འདི་བཞིན་ས་ཆེན་ཁྱོན་ལ་ཤུགས་ཀྱིས་བསྒྲགས་གནང་ཡོད་ལ། སྐབས་དེར་ཁོང་གི་སྣེ་ཁྲིད་འོག་ལྡི་ལི་གསར་བར་ཟས་བཅད་ངོ་རྒོལ་དང་། བྷོམ་བྷེ་རུ་བོད་ཀྱི་རིག་གཞུང་འགྲེམ་སྟོན་བྱས་པ་སོགས་ལས་འགུལ་གཞི་རྒྱ་ཆེ་བ་ཁག་ལ་༧གོང་ས་མཆོག་སྐུ་དངོས་སུ་ཞབས་ཀྱིས་བཅགས་ཡོད།

༥༽ ཤེས་ཡོན་ཞབས་ཞུ། ཡང་ཚེ་བརྟན་ནོར་བུ་ལགས་ཀྱིས་ཡུན་རིང་ཤེས་ཡོན་སྡེ་ཁག་གི་ངེས་སྟོན་པ་དང་། དུས་དེབ་ཁག་གི་རྩོམ་སྒྲིག་པ་སོགས་ཀྱི་ཕྱག་ལས་གནང་ཡོད་པ་མ་ཟད། བལ་ཡུལ་བོད་ཀྱི་རིག་གཞུང་བསྟི་གནས་ཁང་གི་འགན་ཁུར་གནང་སྐབས། པཎ་ཆེན་སྐུ་གོང་མས་མཛད་པའི << ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ >>དང་། ཆོས་སྤྱོད་པའི་<< གནས་བཤད >> ༧གོང་ས་མཆོག་གི་མཛད་རྣམ <<ངོས་ཡུལ་དང་ངོས་ཀྱི་མི་མང་>> སོགས་བོད་དོན་སྐོར་ཀྱི་ཡིག་ཆ་གལ་ཆེན་ཁག་བལ་སྐད་དུ་བསྒྱུར་ཏེ་འགྲེམས་སྤེལ་བྱས།

༦༽ ཕྱི་འབྲེལ་གྱི་ཐབས་རྩལ། ཚེ་བརྟན་ནོར་བུ་ལགས་ཕྱི་འབྲེལ་གྱི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་སྟབས། བལ་ཡུལ་གྱི་སྲིད་བློན་ཟུར་བ་དང་། བློན་ཆེན། སྤྱི་འཐུས་སོགས་མི་སྣ་གལ་ཆེན་མང་པོ་༧གོང་ས་མཆོག་ལ་མཇལ་བཅར་ཆེད་བཞུགས་སྒར་རྡ་སར་གདན་ཞུས་གནང་ཞིང་། མི་སྣ་དེ་དག་གི་ཁྲོད་ནས་༧གོང་ས་མཆོག་ཕེབས་ཐུབ་མིན་ལ་མ་ལྟོས་པར། བལ་ཡུལ་ལ་མགྲོན་འབོད་གནང་མཁན་ཡང་བྱུང་འདུག་ན། གནས་ཚུལ་འདི་ཚོ་རྒྱ་གཞུང་གི་མིག་ནང་ཚེར་མར་གྱུར་ཏེ། བལ་གཞུང་དང་། དོ་བདག་ལ་ཁ་རྡུང་དྲག་པོ་གཏོང་བཞིན་ཡོད་ལ། ཡང་ཁོང་བོད་རྒྱ་འབྲེལ་ལམ་སྐོར་གྱི་ཚོགས་ཆེན་ཁག་སྟེ། ཕྱི་ལོ་༡༩༩༦ ལོར་དབྱིན་ཇིའི་རྒྱལ་ས་ལོན་ཀྲོན་ནང་འཚོགས་པ་དང་། ཕྱི་ལོ ༡༩༩༩ དང་༢༠༠༡ལོ་སོ་སོར་འཇར་མན་གྱི་རྒྱལ་ས་སྦར་ལེན་ནང་འཚོགས་པའི་ཚོགས་ཆེན་ཐེངས་གསུམ་ལ་དངོས་སུ་བཅར་ཞུགས་གནང་ཞིང་། དེ་བཞིན་ཕྱི་ལོ ༡༩༩༦ ལོར་ཏིར་ཁེའི་རྒྱལ་ས་ཨའི་སེའི་ཌམ་སྤོར་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་འཚོགས་པའི་སྒང་ལའང་བཅར་ཞུགས་གནང་འདུག

༧༽ དགོས་སར་སླེབས་པ། ཉིས་སྟོང་བརྒྱད་ལོར་༼༢༠༠༨༽བོད་ནང་ཞི་རྒོལ་ཆེན་མོ་བྱུང་བ་དང་འབྲེལ། བལ་ཡུལ་ནང་གི་བོད་རིགས་མང་ཚོགས་ཀྱིས་ངོ་རྒོལ་སྐད་འབོད་བྱས་ཚུལ་ལ། ཉེན་རྟོག་པ་དང་། དམག་མིས་གང་བྱུང་བཙོན་འཇུག་དང་བཀག་སྡོམ་བྱས་ཤིང་། སྣེ་ལེན་ཁང་གི་འགན་འཛིན་ལ་སོགས་པ་དོ་དམ་འོག་ལྷག་དང་། དེ་མིན་གྱི་ཆེ་ཆེ་གྲགས་གྲགས་རྣམས་ས་གནས་ས་ཐོག་ན་ཡོད་མེད་གང་ལྟར། སྐབས་དེར་མར་ཡོང་ནས་མང་ཚོགས་ཀྱི་ཞི་རྒོལ་ནང་མཉམ་ཞུགས་དང། ཡར་ཕྱིན་ཏེ་བལ་གཞུང་ལ་དམངས་ཀྱི་བདེ་སྡུག་ཡར་ཞུ་ཕུལ་ནུས་མཁན་ནི་ཚེ་བརྟན་ནོར་བུ་ཁོ་རང་རེད་ཅེས་མི་ཀུན་གྱི་སེམས་ངོ་ཟིན་པ་བྱུང་ཡོད།

༨༽ མདོར་ན་ཁོང་གིས་མི་ལོ་ཧྲིལ་བོ་ ༣༠ ལྷག་གི་རིང་ལ་བོད་སྤྱི་བའི་ཞབས་ཞུ་ཧུར་ཐག་གནང་ཡོད་པ་དང། ཁྱད་པར་དུ་རྒྱལ་སྤྱིའི་སྡིངས་ཆར་བོད་དོན་དྲིལ་བསྒྲགས་ཀྱིས་མཚོན། སྤྱི་ཚོགས་བདེ་དོན་ཆེད་དུའང་བྱས་རྗེས་གཟིངས་སུ་ཐོན་པ་བཞགས་གནང་ཡོད་ལ། གཞོན་ལྷན་ཚོགས་གཙོ་གནང་སྐབས་སྒྲིག་འཛུགས་སྲ་བརྟན་དང་། ཚོགས་པའི་ཡོང་སྒོའི་ཆེད་མགྲོན་ཁང་དང། ལས་ཤག་གསར་རྒྱག་གནང་ཡོད།

འདིར་གསལ་བཤད་བྱེད་དགོས་པ་ཞིག་ལ་ཁ་ཉིན་སྐུ་ཞབས་ཚེ་བརྟན་ནོར་བུ་ལགས་ཀྱིས་ ཁོང་བཀའ་ཁྲིར་བཞེངས་རྒྱུ་ཡིན་པ་གྲོས་ཚོགས་ནང་གསལ་བསྒྲགས་གནང་བ་མ་ཟད། དེ་མིན་གྱི་བརྒྱུད་ལམ་ཁག་ཏུའང་ཞལ་གསེང་ནས་གསུངས་འདུག་པར་བརྟེན། ངེད་ཅག་ཁོང་བཀའ་ཁྲིར་བཞེངས་རྒྱུར་རེ་སྐུལ་བྱེད་མཁན་རྣམས་ཀྱི་སེམས་བདེ་བོ་ བྱུང་ལ། རྒྱ་ཆེའི་མང་ཚོགས་ནས་ཀྱང་དེ་དོན་དོ་ཁུལ་གནང་སྐྱོང་ཡོང་བ་ཞུ།། བལ་ཡུལ་གཙོས་སྦེལ་ཀོབ་དང། མོན་གྷོ། དྷ་ས་སོགས་ནས་ཚེ་བརྟན་ནོར་བུ་འོས་སྦྱོར་མཉམ་རུབ་ནས།

 

 

 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།