འཆར་ལོའི་སྐབས་བཅོ་ལྔ་པའི་མདོ་སྟོད་སྤྱི་འཐུས་ཀྱི་འོས་མི།
༄༅། །རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་གི་འགན་འཛིན་སྐུ་ཞབས་ཡེ་ཤེས་ཆོས་བཟང་ལགས་ནི་ཕྱི་ལོ་༡༩༧༤ ལོར་ཁམས་ལི་ཐང་ཉག་ཆུ་འགོ་ལོག་སྟོད་དུ་འཁྲུངས་ཤིང་དགུང་ལོ་ཕྲ་བའི་སྐབས་ནས་ཕ་ཡུལ་དུ་གཞི་རིམ་སློབ་གྲྭར་བསྐྱོད་དེ་བོད་ཡིག་འབྲི་ཀློག་དང་ནང་ཆོས་བཅས་ལ་སློབ་གཉེར་གནང༌།
ཕྱི་ལོ་༡༩༨༤ ལོར་བོད་ནས་བཙན་བྱོལ་དུ་ཕེབས་ཏེ་རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་རྒྱུད་སྨད་ནང་བསྟན་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་མི་ལོ་༥ལྷག་རིང་མདོ་སྔགས་གཞུང་ལུགས་དང་བོད་ཀྱི་རིག་གནས་དབྱིན་ཡིག་བཅས་ལ་སློབ་གཉེར་གནང་རྗེས་བཞུགས་སྒར་དྷ་ས་རིགས་ལམ་སློབ་གཉེར་ཁང་དུ་འཛིན་རིམ་བཅུ་པའི་ཤེས་ཚད་ཐོག་ཚུད་རྒྱུགས་ཕུལ་ནས་སློབ་འཇུག་འཐོབ་སྟེ་ནང་དོན་རིག་པས་གཙོས་པའི་བོད་ཀྱི་རིག་གནས་དང་དབྱིན་ཡིག་གློག་ཀླད་བཅས་ལ་སྦྱངས་བརྩོན་གྱིས་ཕྱི་ལོ་༢༠༠༠ ལོར་རིགས་ལམ་སློབ་གཉེར་ཁང་ནས་ཕར་ཕྱིན་རབ་འབྱམས་པའམ་(BA)སློབ་ཐོན་རྗེས། བལ་ཡུལ་དུ་ཡོད་པའི་བོད་གཞུང་སྲོང་བཙན་བལ་བཟའ་སློབ་གྲྭའི་མཐོ་རིམ་བོད་དགེ་ལས་གནས་ལོ་གསུམ་ཙམ་ཞུས་ཡོད།
༡༩༩༧ ལོ་ནས་༢༠༠༠ ལོའི་བར་རིགས་སློབ་ཀྱི་ལོ་རེའི་དུས་དེབ་ལྷག་བསམ་བརྩེགས་པ་ཞེས་པའི་རྒྱལ་རབས་ཕབ་སྒྱུར་སྡེ་ཚན་རྩོམ་སྒྱུར་གནང་བ་དང༌། མཐོ་སློབ་དེའི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་དགེ་འོས་སྦྱོང་བརྡར་ལ་དམིགས་ནས་སློབ་ཁྲིད་ཇི་ལྟར་བྱེད་ཚུལ་ཞེས་པའི་དཔེ་དེབ་ཀྱི་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་མི། དེ་བཞིན་བལ་ཡུལ་སྲོང་བཙན་མཐོ་སློབ་ཏུ་བཞུགས་རིང་ཁུལ་དེའི་བོད་གཞུང་གི་སློབ་གྲྭ་ཁག་༡༢ཡོད་པ་དེ་དག་གི་རྒྱུགས་བཞེས་ལྷན་ཚོགས་ཀྱི་ཚོགས་མིའི་ལས་ཁུར་གནང་ཡོད། ཕྱི་ལོ་༢༠༠༣ལོ་མཇུག་ནས་བོད་ཀྱི་བང་ཆེན་གསར་ཁང་གི་རྩོམ་སྒྲིག་ལས་རོགས་དང་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གི་དྲུང་ཆེ་གཅིག་ལྕོགས་ལོ་བཞི་དང༌། དེ་བཞིན་བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ལས་ཐོག་ཐེངས་གཉིས་ཀྱི་ལས་འགན་བསྒྲུབས།
ཕྱི་ལོ་༢༠༠༤ལོ་ནས་རྒྱལ་ཁབ་༡༢༠ལྷག་གི་གསར་འགོད་པ་རེ་ཡོད་པའི་ཕ་རན་སིའི་རྒྱལ་ས་པེ་རི་སིར་ཡོད་པའི་རྒྱལ་མཚམས་མེད་པའི་རྒྱལ་སྤྱིའི་གསར་འགོད་པའི་མཐུན་ཚོགས་(www.rsf.org)ཀྱི་གསར་འགོད་ལས་ཁུར་གནང་བཞིན་པ་དང༌། ཕྱི་ལོ་༢༠༠༨ལོར་བཞུགས་སྒར་དུ་བོད་རྒྱ་དབྱིན་གསུམ་གྱི་སྐད་ཡིག་ལྡན་པའི་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་(www.thetibetpost.com) ཞེས་པ་གསར་ཁང་གསར་འཛུགས་ཀྱིས་གསར་ཁང་དེའི་འགན་འཛིན་དང་རྩོམ་སྒྲིག་པ་གཅིག་ལྕོགས་གནང་བཞིན་པས་མ་ཚད། བོད་དོན་ཆེད་དྲ་རྒྱ་གཞན་མང་པོ་ཞིག་གསར་བཟོ་གནང་ཡོད་པ་དེ་དག་གིས་གཞིས་བྱེས་གཉིས་དང་རྒྱ་རིགས་ཚོར་བོད་དོན་གོ་རྟོགས་ལ་ཕན་ཐོགས་ཆེན་པོ་འབྱུང་བཞིན་ཡོད། དེ་བཞིན་འཛམ་གླིང་གང་ས་ནས་ལས་བྱེད་༡༨༠ལྷག་དང་ཡུལ་གྲུ་ཁག་༥ལ་གསར་ཁང་ཡོད་པའི་གསར་འཛམ་གླིང་གསར་འགྱུར་(www.wn.com) ཞེས་པའི་གསར་ཁང་གི་གསར་འགོད་པ་རྒན་པའི་ལས་དོན་ཡང་གནང་བཞིན་དུ་མཆིས། སྐུ་ཞབས་ཡེ་ཤེས་ཆོས་བཟང་ལགས་ནི་ཕྱི་ནང་གཉིས་ཀའི་ཤེས་ཡོན་ལྡན་ཞིང་ལྷག་བསམ་དང་འཇོན་ཐང་ཡོད་པའི་ཕུལ་བྱུང་གི་གཞོན་སྐྱེས་ཤིག་ཡིན་པས། འཆར་ལོའི་སྐབས་བཅོ་ལྔ་པའི་མདོ་སྟོད་མི་མང་གི་སྤྱི་འཐུས་སུ་འཁོད་ན་སྤྱི་ཚོགས་ཞབས་ཞུ་མི་དམན་པ་ཞིག་བསྒྲུབ་ཐུབ་པའི་རེ་བ་དང་ཡིད་ཆེས་ཁོང་གིས་འདས་པའི་ཉམས་མྱོང་དང་ཕྱག་ལས་གནང་ཕྱོགས་ནས་ཤེས་ཚོར་ཐུབ་ཀྱི་ཡོད་ན། མདོ་སྟོད་མི་མང་རྣམ་པས་ཁོང་ལ་སྐབས་བཅོ་ལྔ་པའི་སྤྱི་འཐུས་འོས་ཤོག་གནང་སྐྱོང་ཡོང་བའི་རེ་བསྐུལ་ཞུ་བཞིན་ཡོད། གོང་གསལ་ངོ་སྤྲོད་ཞུས་པའི་སྐུ་ཞབས་ཡེ་ཤེས་ཆོས་བཟང་ལགས་ཁོང་ནི་བོད་མིའི་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་དགོས་མཁོ་དང་འཚམས་པའི་ཤེས་འཇོན་དང་ལྷག་བསམ་ལྡན་པའི་གཞོན་སྐྱེས་ཤིག་ཡིན་པར་བརྟེན་ཁོང་གི་ལོ་རྒྱུས་མདོར་བསྡུས་ཞུ་བ་དང་ཆབས་ཅིག་སླར་ཡང་མདོ་སྟོད་རྒྱ་ཆེ་མང་ཚོགས་ནས་འོས་འཕེན་ཡོང་བའི་རེ་བསྐུལ་བཅས།
ཉི་མ་དབང་ཕྱུག་དང་རྒྱལ་མཚན་གཉིས་ཀྱིས་གཙོས་རྒྱ་གར་དང་བལ་ཡུལ་ཁུལ་ནས་མདོ་སྟོད་གཞོན་ནུ་དང་བླངས་པ་ཁག་ཅིག་ནས་༢༠༡༠ ཕྱི་ཟླ་༠༩ ཚེས་༡༥ ཉིན།།
Mr. Yeshe Choesang.
Director and editor of The Tibet Post
P.O.Mcleodganj. Dharamsala.
Email:editor@tibetpost.com
Mobile No:0091-9418143289