སྔ་འགྱུར་རྙིང་མའི་ཆོས་བརྒྱུད་ཀྱི་སྤྱི་འཐུས་འོས་མི།

རྣམ་གྲོལ་གླིང་སློབ་དཔོན་དྲི་མེད་རྒྱལ་མཚན་ནི། སྤྱི་ལོ་༡༩༧༨ ལོར་སྐྱེས། ཆུང་དུས་ནས་སློབ་གྲྭར་ཕྱིན་ཏེ་བོད་ཡིག་གི་མཚོན་པའི་ཨང་རྩིས་སྦྱངས། ལོ་ངོ་བཅུ་གཉིས་ཙམ་ནས་ལྷ་འབྲང་དགོན་དུ་གྲྭ་པ་བྱས། ལོ་ངོ་བཅོ་ལྔའི་སྐབས་སུ་དཔལ་ཡུལ་བཤད་གྲྭར་སོང་སྟེ།

རྒྱལ་རབས་ཆོས་འབྱུང་སུམ་རྟགས་དག་གསུམ་སྙན་ངག་དང་བཅས་པར་ལོ་གསུམ་རིང་སྦྱངས། ཕྱི་ལོ་༡༩༩༨་ལོར་རྒྱ་གར་དུ་བྲོས་བྱོལ་ཡོང་མོད། རྒྱ་གཞུང་གི་བཙོན་ལ་ཆུད་ནས་བོད་མི་རིགས་ཀྱིས་བཙན་འོན་མནར་གཅོད་ཇི་ལྟར་མྱོང་གི་ཡོད་མེད་ཐོག་རྒྱུས་ལོན་འཐོབ།

བཙོན་ཁང་ནང་བསྡད་ཡུན་རིང་མི་རིགས་དང་ཆབ་སྲིད་ཀྱི་ངོ་བོར་ལྡན་པའི་བཙོན་གཞས་མང་པོ་ཞིག་ཁྱབ་སྤེལ་ཞུས། བཙོན་གྲོལ་ཐོབ་པའི་ལོ་མཇུག་ཏུ་ཡང་སྐྱར་བྲོས་བྱོལ་ཡོང་ནས། རྣམ་གྲོལ་གླིང་དུ་ལོ་འཁོར་བཅུའི་རིང་མདོ་སྔགས་རིག་གནས་དང་བཅས་པ་ལ་སྦྱོང་བརྩོན་ཞུས་ཏེ་རྒྱུགས་འབྲས་རྩེ་ཕུད་ཀྱི་བྱ་དགའ་རིམ་པ་བླངས། ༢༠༠༥ ལོར་རྣམ་གྲོལ་གླིང་གཞི་རིམ་སློབ་གྲྭར་དགེ་རྒན་ལོ་གཅིག་རིང་བྱས།

ཕྱི་ལོ་༢༠༡༠ ལོར་༸གོང་ས་མཆོག་གི་མདུན་ནས་ངེས་གསང་ལེགས་བཤད་མཛོད་མཆང་གི་སློབ་དཔོན་གྱི་ཕྱག་ཁྱེར་འཐོབ།  ལོ་ངོ་དེ་དག་གི་རིང་། བཤད་གྲྭའི་ཚོང་གཉེར་གྱི་ལས་དཀའ་སོགས་སྲི་ཞུ་མི་དམན་པ་ཞུས། ཕྱི་ལོ་༢༠༠༨ ནས་ཆབ་སྲིད་རིག་པའི་ཐོག་ལ་དམིགས་བསལ་སྦྱོང་བརྩོན་བྱས་ཤིང་། ཚགས་ཤོག་དང་དུས་དེབ་བོད་ཕྱི་ནང་གི་དྲྭ་རྒྱ་སོགས་ཀྱི་ནང་། ད་ལྟའི་བོད་ཕྱི་ནང་གི་གནས་སྟངས་དང་མ་འོངས་བོད་རྩོད་སྒྲུབ་དང་། གསར་འབྱོར་ཉམ་ཐག་ཚོའི་མཚོན་བཙན་བྱོལ་ནང་གི་མི་མང་དཀྱུས་མའི་འཚོ་བའི་ཐད་ནས་བཟུང་ཞིབ་འཇུགགི་རྩོམ་ཡིག་བརྒྱ་ཕྲག་འགའ་སྤེལ། ད་དུང་བགྲོ་གླེང་དང། བོད་དོན་གྱི་ལས་འགུལ་གང་མང་ནང་ཞུགས་ཤིང་། བོད་ནང་དུ་རྒྱ་གཞུང་གིས་སྡུག་སྦྱོང་མནར་གཅོད་གཏོང་བ་དང། དམར་བསད་དྲག་གནོན་བྱས་པ་སོགས་ཀྱི་གནས་ཚུལ་དུས་ནས་དུས་སུ་མཁོ་སྒྲུབ་ཞུས་ཤིང་། འཛམ་གླིང་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བཀྲམས་ཐུབ་བྱས་འདུག་པ་དང་། ད་ལྟ་ཉི་ཟེར་དུས་དེབ་ཀྱི་རྩོམ་སྒྲིག་པ་བྱེད་བཞིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།

ང་ཚོས་འོས་བཏོན་དགོས་པའི་དམིགས་ཡུལ་ནི། ཆོས་བརྒྱུད་སྤྱི་འཐུས་དེ་སྐྱེ་བོ་ཕལ་པ་ཞིག་མ་ཡིན་པར་ཆོ་ལུགས་སོ་སོའི་ལྟ་གྲུབ་ནས་བཟུང་རང་རྐང་ཚུགས་པའི་གོ་རྟོགས་ཡོད་པ་ཞིག་དང་། ཆོས་བརྒྱུད་གང་གི་དགོན་སྡེ་ཕན་ཚུན་བར་དམ་ཚིག་རྡོག་རྩ་ཆིག་སྒྲིལ་གནང་རྒྱུའི་ནུས་ཤུགས་འདོན་པ་དང་འགན་ཁྱེར་མཁན། དེ་བཞིན་བོད་གཞིས་བྱེས་གཉིས་ཀྱིས་ཡིད་ཆེས་བཅོལ་རུང་བ་དང་། གཞུང་དྲང་ལྷག་བསམ་ཅན་ཞིག་བྱུང་ན་བསམ་པའི་སྐུལ་སློང་ཉག་གཅིག་གིས་ཡིན་པས། དེ་ལུགས་རྒྱལ་ཡོངས་རྙིང་མའི་གྲྭ་བཙུན་ཡོངས་ནས་ཁོང་ལ་འོས་བླུགས་རོགས་ཞུ།

འོས་བཏོན་མཁན། རྫོགས་ཆེན་དགོན་པའི་དགེ་རྒན་སློབ་དཔོན་ཨ་སྟོབས། རྡོ་རྗེ་གླིང་བཀའ་འགྱུར་དགོན་པའི་དགེ་རྒན་ཀུན་བཟང་བློ་གསལ། དྷ་སའི་ཆུ་སྒང་རྒྱུན་ལས་འཇམ་དགའ། སྒྲོལ་མ་གླིང་གི་དགེ་རྒན་ཚེ་དབང་མགོན་པོ། ཤུགས་གསེབ་དགོན་གྱི་དགེ་རྒན་འཆི་མེད་ལྷུན་གྲུབ། རྫོགས་ཆེན་སྤྲུལ་སྐུ་པདྨ་བཀྲ་ཤིས། དྷ་སའི་སྡེ་དགེ་ཚོགས་སྐྱིད་ཀྱི་རྒྱུན་ལས་གཡུང་དྲུང་ཚེ་བརྟན། ཨོ་རི་ས་རི་དགོན་ཐུབ་བསྟན་སྨིན་གྲོལ་གླིང་གི་དགེ་རྒན་བློ་གྲོས་ཆོས་དབྱིངས། རྣམ་གྲོལ་གླིང་སློབ་དཔོན་ཚེ་དབང་རྒྱལ་མཚོ་དང་། དྷ་ས་ཆུ་སྒང་དངུལ་གཉེར་དབང་གྲགས་རྡོ་རྗེ་སོགས་ཀྱིས་༢༠༡༠།༠༩།༡༩ ཉིན་སྤེལ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།