མཛུབ་མོ་སུ་ལ་འཛུགས་དགོས།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༩༩
ད་ལྟའི་ཆར་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་སྐབས་བཅུ་བཞི་པའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་མ་འགྲིག་ཚུལ་བརྗོད་བཞིན་ཡོད་ལ། འཐུས་མི་ཚོ་རང་ངོས་ནས་ཀྱང་མ་འགྲིག་མ་འཐུས་པའི་གནས་ཚུལ་གང་མང་ཞིག་བརྗོད་བཞིན་ཡོད།
འོན་ཀྱང་མ་འགྲིག་ན་སུས་ནོར་བ་ཡིན་མིན་དེ་མི་གཞན་ཁོ་ན་ལ་མཛུབ་མོ་འཛུགས་པ་ལས་རང་ཉིད་ཀྱི་ནོར་འཁྲུལ་ངོས་ཟིན་མཁན་ཕལ་ཆེར་མེད་ཚོད་དུ་སྣང་། སྐབས་འདིར་མི་མང་གི་ངོས་ནས་དབྱེ་ཞིབ་གསལ་པོ་བྱེད་དགོས་པ་ཞིག་ལ། སྐབས་བཅུ་བཞི་པའི་གྲོས་ཚོགས་ཀྱི་ཚོགས་གཙོ་འདེམས་སྟངས་ནས་ཚོགས་དུས་༨ པའི་སྐབས་ཡིག་ཆ་ཨང་༣༨ པ་ལ་བརྟེན་ནས་གྲོས་ཚོགས་མཇུག་བསྡོམས་བྱེད་མ་ཐུབ་པའི་གནས་ཚུལ། ཉེ་བའི་ཆར་གྲོས་ཚོགས་ཀྱི་སྡིངས་ཆ་བེད་སྤྱད་ནས་སྒེར་གྱི་འོས་ཤོག་ཁྱབ་བསྒྲགས་བྱས་པའི་བརྒྱུད་རིམ་སོགས་ལ་བསམ་ཞིབ་ཀྱིས་འཐུས་མི་དྲག་འདེམས་བྱེད་དགོས་པ་གལ་ཆེན་པོར་གྱུར་ཡོད། གཞན་མི་མང་གི་ནང་ནས་སྐད་ཆ་མང་པོ་ཤོད་མཁན་ཁག་ཅིག་གིས་བཀའ་བློན་ཁྲི་པ་བསྟུད་མར་ཡུན་ཚད་ཐེངས་གཉིས་ལས་བཞུགས་མི་ཆོག་པ་བཞིན། སྤྱི་འཐུས་ཀྱི་ཡུན་ཚད་ཀྱང་རྒྱས་བཅད་བྱེད་དགོས་པ་ལས། ལོ་༢༠ ལྷག་སྤྱི་འཐུས་བྱེད་བཞིན་པ་འདི་དག་མི་ལེགས་ཚུལ་དང། དེ་ལ་བརྟེན་ནས་ཁྲིམས་ལུགས་ལ་བསྐྱར་བཅོས་བྱེད་དགོས་པའི་བསམ་ཚུལ་འདོན་མཁན་ཡང་ཡོད། དོན་དངོས་ཐོག་མི་མང་གི་ནང་དུ་བསམ་ཚུལ་དེ་ཡོད་པ་དངོས་ཡོད་གནས་ཚུལ་ཡིན་ན། ལས་རྒྱུན་སྐབས་མང་པོ་སོང་བའི་སྤྱི་འཐུས་རྣམས་བསྐྱར་དུ་མི་འདེམས་པར་གསར་པ་འདེམས་དགོས་པ་གལ་ཆེར་གྱུར་ཡོད། ད་བར་མང་གཙོའི་རྒྱལ་ཁབ་ནང་གྲོས་ཚོགས་ཀྱི་འཐུས་མི་སྐབས་ཇི་ཙམ་བསྡད་ཆོག་མིན་གྱི་ཚད་གཞི་བཟོས་པ་ཞིག་ཕལ་ཆེར་མེད་ནའང་། བསྐྱར་དུ་འདེམས་དང་མི་འདེམས་ཀྱི་དབང་ཆ་མི་མང་རང་གི་ལག་ཏུ་ཡོད་སྟབས་རང་དབང་དེ་བེད་སྤྱད་ནས་དྲག་འདེམས་བྱེད་དགོས་པ་ཧ་ཅང་གལ་ཆེན་པོར་གྱུར་ཡོད།
ད་ལྟའི་འོས་བསྡུ་ཆེན་མོ་ལ་མཚོན་ན་ཆོལ་ཁ་སོ་སོའི་ནང་དུ་སྤྱི་འཐུས་བྱེད་རྒྱུའི་ཆོད་སེམས་དང་འཆར་གཞི་ཡོད་པའི་འོས་མི་གསར་པ་ཧ་ཅང་མང་པོ་ཞིག་ཡོང་གི་ཡོད་པས་མི་མང་གི་ངོས་ནས་ཀྱང་། དེ་ལུགས་ཀྱི་བསམ་བློ་གཏོང་ས་མང་དུ་སོང་ཡོད་ལ། ད་ཡོད་ཆོལ་ཁ་སོ་སོའི་སྤྱི་འཐུས་ལས་ཐོག་པ་རྣམས་ཁོ་ན་ལས། གཞན་ལ་བསམ་བློ་མ་བཏང་ན་ནོར་འཁྲུལ་དེ་མི་མང་རང་གིས་བཟོས་པ་རེད། ད་ལྟ་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དེ་གྲ་འགྲིག་པོ་དང་ཚགས་ཚུད་པོ་ཞིག་མ་བྱུང་བ་དེ། ཚོགས་གཙོ་ཚོགས་གཞོན་གྱིས་གཙོས་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་མི་རེ་ངོ་རེ་ནས་ནོར་ཡོད་པ་ལས། རེ་ཟུང་ལ་མཛུབ་མོ་འཛུགས་ས་མེད་ལ། འདི་དང་ལྷན་དུ་མི་མང་གི་ནོར་འཁྲུལ་ཡོད་པའང་ཁས་ལེན་མི་བྱེད་ཐབས་མེད་དུ་གྱུར་ཡོད། འོས་འཕེན་མཁན་མི་མང་ལ་སེམས་ཤུགས་དང་ལྷག་བསམ། ལྷག་པར་དུ་སྙིགས་དོར་བཅུད་ལེན་གྱི་བསམ་བློ་ཡོད་ན་ད་ཡོད་སྤྱི་འཐུས་༤༣ ཡོངས་རྫོགས་མི་འདེམས་པར། གསར་པ་འབའ་ཞིག་གདམ་ཡང་ཁྲིམས་སྒྲིག་གི་དགོངས་དོན་དང་འགལ་བ་གང་ཡང་མེད་པར་འདེམས་ཆོག་པས། མི་མང་གིས་རང་དབང་ཆ་ཚང་ལོངས་སུ་སྤྱོད་དགོས་པ་དེ་གལ་ཆེན་ཡིན་པ་དང། དེ་བས་ཀྱང་བསམ་བློ་གཏོང་དགོས་པ་ཞིག་ལ་སྤྱི་འཐུས་གཅིག་གིས་ནུས་པ་ཆེན་པོ་ཞིག་འདོན་རྒྱུ་ཡོད་མེད་ཇི་ལྟར་ཡང། ཐུན་མོང་གི་ནུས་པ་དེ་ཧ་ཅང་གལ་ཆེ་བས་སྤྱི་འཐུས་ཚགས་ཚུད་པོ་དང་། ཆིག་སྒྲིལ། ལངས་ཕྱོགས་ཡང་དག་པ་ཞིག་ཡོད་ན་འཛིན་སྐྱོང་ལ་སྟངས་འཛིན་ནན་པོ་བྱེད་ཐུབ་ལ། ཐ་ན་བཀའ་བློན་ཁྲི་པས་ནོར་འཁྲུལ་ཚབས་ཆེན་ཤོར་ན། སྤྱི་འཐུས་ངོ་ཡོད་ཀྱི་སུམ་ཆ་གཉིས་ཀྱིས་རྒྱབ་སྐྱོར་ཐོག་བཀའ་ཁྲི་ཕྱིར་འཕུད་བྱེད་རྒྱུའི་དབང་ཚད་ཀྱང་ཡོད་པས། ཁྲིམས་བཟོ་ལྷན་ཚོགས་ནི་ཧ་ཅང་གལ་ཆེན་པོ་ཡིན་པར་བརྟེན། མི་མང་གི་ངོས་ནས་དེ་ལུགས་ཐུགས་སྣང་ངེས་པར་དུ་དགོས་པ་གལ་ཆེ་བར་སྣང།།