བཀའ་བློན་ཁྲི་པའི་འོས་མི་དང་འབྲེལ་བའི་འཆལ་གཏམ།

ལི་ཐང་འཇམ་དབྱངས་བཟོད་པ། དྷ་ས།
ད་ཐེངས་ཀྱི་བཀའ་ཁྲིའི་འོས་གཞིའི་ནང་འཛུལ་ཞུགས་གནང་མཁན་མང་པོ་བྱུང་ཡོད་པ་དང། དེ་དང་འབྲེལ་ནས་སྤྱི་ཚོགས་སུ་དགྲ་དགའ་གཉེན་སྡུག་གི་འཆལ་གཏམ་མང་པོ་ཞིག གཅིག་མཇུག་གཉིས་མཐུད་བྱས་ནས་ཡོང་དང་ཡོང་བཞིན་ཡོད་ཅིང་།

ཉེན་ཁ་ཆེ་ཤོས་ནི་མང་ཚོགས་ཁྲོད་ནས་དངོས་ཡོད་གནས་ཚུལ་གང་ཡིན་མིན་ལ་རྨོངས་པ་དང་། རྫུན་གཏམ་བདེན་པ་འཛིན་ནས་གཡམ་རྒྱུག་བྱས་ན། མཐར་ཐུག་གི་གྱོད་གུད་དེ་བོད་གཞུང་དང་གཞིས་བྱེས་གཉིས་སུ་ཡོད་པའི་བོད་མི་ཚང་མར་ཕོག་ངེས་ཡིན་པས་ཡིད་གཟབ་བྱེད་དགོས།

དཔེར་ན་བཀའ་ཁྲིའི་འོས་མིའི་ནང་ཡོད་པའི་མཁས་དབང་བློ་བཟང་སེང་གེ་ལྟ་བུར་མཚོན་ན། ཨ་རིར་སློབ་མཐར་ཕྱིན་ནས་ཕྱིར་རྒྱ་གར་ནང་ལོག་མེད་ཚུལ་དང། ཧར་ཝར་ཌིའི་ཁྲིམས་ཀྱི་སློབ་གྲྭའི་ནང་ཞིབ་འཇུག་པའི་ཕྱག་ལས་གཏན་འཇག་མིན་ཚུལ། ཨ་རིའི་མི་སེར་ཡིན་པ་ལས་སྐྱབས་བཅོལ་བའི་ཐོག་ནས་གནས་མེད་ཚུལ། ལམ་དབུ་མར་རྒྱབ་སྐྱོར་མེད་ཚུལ། བོད་གཞུང་གི་ལས་དོན་བྱེད་ཕྱོགས་ལ་ཉམས་མྱོང་མེད་ཚུལ་སོགས། ཆེད་མངགས་མི་མང་མགོ་རྨོངས་ཆེད་དུ་འཆལ་གཏམ་བཟོ་བཞིན་ཡོད་པ་དང། བཀའ་ཁྲིའི་འོས་མི་གཞན་དག་ཚོ་ལའང་འདི་ལྟའི་འཆལ་གཏམ་བཟོ་སྲིད་པས། འོས་མི་སོ་སོར་ཁུངས་ལྡན་གྱི་དཔང་ཡིག་ཡོད་པ་དང་དག་ཐེར་བྱེད་དགོས་པའི་རིགས་ངེས་པར་དུ་མི་མང་གིས་ཤེས་པ་བྱེད་དགོས།

དང་པོ། མཁས་དབང་བློ་བཟང་སེང་གེ་ཨ་རིའི་ནང་ཁྲིམས་ལུགས་ཀྱི་འབུམ་རམས་པ་ཐོན་པ་དང་། བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས། ཨ་རིའི་ནང་བོད་རྒྱ་ཞི་མོལ་ལས་དོན་ཐོག་གྲོས་འདེབས་དང། བོད་རྒྱའི་བརྒྱུད་ལམ་གཉིས་པའི་འབྲེལ་མཐུད་གནང་རྒྱུ་བཅས་ཀྱི་འགན་འཁུར་དགོས་ཞེས་བཀའ་ཕེབས་པ་བཞིན་ལས་དོན་སྒྲུབ་བཞིན་ཡོད་པ་དང། གཉིས་པ། ཧར་ཝར་ཌི་ཁྲིམས་ཀྱི་སློབ་གྲྭའི་ནང་། ཤར་ཨེ་ཤ་ཡའི་ཁྲིམས་ཀྱི་ལས་གཞི་ཁང་གི་ཞིབ་འཇུག་པ་རྒན་གྲས་ཀྱི་ལས་གནས་སུ་གཏན་འཇགས་བསྐོ་བཞག་གནང་ཡོད་པ་དང།  ལས་གནས་དེ་དང་འབྲེལ་ནས་ཞིབ་འཇུག་ལྷན་ཁང་དེའི་ཞིབ་འཇུག་པ་ཚོས། བོད་རྒྱའི་གནད་དོན་གྱི་ཐད་ལ་བཀའ་འདྲི་ཞུ་ཡུལ་ཆགས་ཡོད། གསུམ་པ། ཨ་རིའི་ནང་ལོ་༡༥ བཞུགས་ཡུན་རིང་ད་ལྟའི་བར་ཨ་རིའི་མི་སེར་ཆགས་ཐབས་ལ་འབད་བརྩོན་མ་བྱས་པར། རྒྱལ་ཁབ་གང་ལ་ཕེབས་རུང་སྐྱབས་བཅོལ་བའི་ལག་དེབ་སེར་པོའི་ཐོག་འགྲོ་བཞིན་ཡོད། བཞི་པ། བོད་གཞུང་གི་ལངས་ཕྱོགས་ལམ་དབུ་མའི་སྲིད་ཇུས་ལམ་ལྷོང་ཡོང་ཆེད་དུ། ད་ལྟའི་བར་ཨ་རིའི་ནང་༧གོང་ས་མཆོག་དང་རྒྱ་ནག་གི་མཁས་དབང་ཚོའི་དབར། བོད་རྒྱའི་གནད་དོན་འབྲེལ་བའི་སྔོན་དུས་བྱུང་མྱོང་མེད་པའི་ཚོགས་འདུ་ཆེན་མོ་མང་པོ་གོ་སྒྲིག་ཞུས་ཡོད་པ་དང། རྒྱ་ནག་གི་མཁས་དབང་སྟོང་ཕྲག་མང་པོ་དང་ཐུག་ནས། བོད་རྒྱའི་དཀའ་རྙོག་འདི་ཞི་མོལ་གྱི་ལམ་ནས་འགྲིག་འཇགས་ཡོང་ཐབས་སུ། བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་བཀའ་དགོངས་བཞིན་ལས་དོན་བསྒྲུབས་ཡོད། ལྔ་པ། ཨ་རིའི་ནང་བཞུགས་ཡུན་རིང་ལོ་ལྟར་དྷ་སར་ཐེངས་གཉིས་སམ་གསུམ་རེ་བཅར་ནས། བོད་མི་མང་སྤྱི་འཐུས་དང་གཞུང་ཞབས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ལས་བྱེད། དགེ་རྒན། མཐོ་རིམ་སློབ་མ། ཆེད་ལས་པ་སོགས་ལ་ལས་དོན་བྱེད་ཕྱོགས་དང། མ་འོངས་པའི་དམིགས་ཡུལ་བཟུང་ཕྱོགས་བཅས་ཀྱི་ཐད་ལ་ཟབ་སྦྱོང་སྤྲད་དང་སྤྲོད་བཞིན་ཡོད་པ་རེད།

གོང་དུ་བརྗོད་པའི་དོན་ཚན་ལྔ་པོ་དེ་དང་འབྲེལ་བའི་ལས་ཁུངས་སོ་སོའི་ཚད་ལྡན་དཔང་ཡིག ཚོགས་པ་ཁག་གིས་བརྒྱུད་ལམ་ཐོག་ནས་ཁ་གསལ་གཏིང་གསལ་བྱས་ཏེ་ཁྱབ་བསྒྲགས་གནང་ཡོད་པས། མང་ཚོགས་ཁྲོད་ནས་དོ་སྣང་བྱེད་དགོས། བཀའ་ཁྲིའི་འོས་བསྡུ་ཆེན་མོ་སླེབས་ལ་ཉེ་བས། གོ་སྐབས་འདི་དང་བསྟུན་ནས་ཕྱོགས་ལྷུང་བ་དང་སྐབས་འཚོལ་རིང་ལུགས་པ་ཚོས། མི་མང་གི་བསམ་པའི་ཡུལ་ལས་འཁོར་མ་མྱོང་བའི་རིགས་ཀྱི་འཆལ་གཏམ་མང་པོ་ཞིག་དུས་ནས་དུས་སུ་ཁྱབ་བསྒྲགས་བྱེད་སྲིད་པས། བདེན་རྫུན་གང་ཡིན་དཔྱད་ཞིབ་གནང་དགོས་པ་ལས་གཡམ་རྒྱུག་ནམ་ཡང་བྱེད་མི་རུང་ངོ།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།