བཀའ་བློན་ཁྲི་པའི་འོས་གཞི་སྐུ་སྒེར་དྲུང་ཆེ་ཟུར་པ་བློ་བཟང་སྦྱིན་པ་མཆོག

lobsang jinpaགུས་ཚོ་གཤམ་གསལ་དྭང་ཟུར་བ་རྣམས་ཀྱིས་སྐུ་སྒེར་དྲུང་ཆེ་ཟུར་པ་སྐུ་ངོ་བློ་བཟང་སྦྱིན་པ་མཆོག བཀའ་བློན་ཁྲི་པའི་འོས་གཞིར་རྒྱབ་སྐྱོར་ཞུ་རྒྱུར་ངེས་པ་ཡིན། རྒྱུ་མཚན་ག་རེའི་ཐོག་ནས་རྒྱབ་སྐྱོར་ཞུས་པ་ཡིན་ཟེར་ན།

༡༽ རྒྱལ་བ་རིན་པོ་ཆེས་དབུ་ཁྲིད་པའི་བོད་གཞུང་དེ་ཆོས་སྲིད་གཉིས་ལྡན་གྱི་གཞུང་ཞིག་ཡིན་པར་བརྟེན། ཁོང་ལ་སྲིད་རྐྱང་པ་མ་ཡིན་པར་ཆོས་སྲིད་གཉིས་ཀའི་ཐོག་མཁྱེན་རྒྱ་ཡོད་པ་དང་།
༢༽ ང་ཚོའི་གཞུང་དེ་མང་གཙོའི་ལམ་ལུགས་ཐོག་འགྲོ་མུས་ལྟར་བོད་མི་མང་གིས་རེ་འདོད་ལྟར་སྤྱི་འཐུས་གྲོས་ཚོགས་ནས་བོད་ཀྱི་རྩ་དོན་སྒྲུབ་ཐབས་དང་འབྲེལ་བའི་བོད་རྒྱ་ཞི་མོལ་སྐོར་མཛད་ཕྱོགས་གང་དགའ་སྐུ་དབང་༧གོང་ས་ཆེན་པོར་ཕུལ་ཡོད་པ་དང། སྐུ་ངོ་མཆོག་གིས་ལོ་མང་༧གོང་ས་མཆོག་གི་སྐུ་སྒེར་དྲུང་ཆེ་གནང་བར་བརྟེན་༧གོང་ས་ཆེན་པོའི་དགོངས་གཞི་གསལ་རྟོགས་ཤེས་མཁན་ཁོང་ལས་ལྷག་པ་མེད།
༣༽ ལས་བྱེད་ཀྱི་གནས་རིམ་དམའ་ཤོས་ནས་དྲུང་ཆེའི་བར་ཐེག་པ་རིམ་འཛེགས་ཀྱིས་མཐར་ལས་བྱེད་བགྲེས་ཡོལ་ལ་མ་ཕེབས་བར་བཙན་བྱོལ་སྤྱི་ཚོགས་དང་ཁ་མ་བྲལ་བར་གཞུང་ཞབས་མུ་མཐུད་ཞུས་པར་བརྟེན་འཛིན་སྐྱོང་གི་ཉམས་མྱོང་ཆ་ཚང་ཡོད་པའི་ཐོག་གཞུང་གི་མཛད་བྱུས་ལངས་ཕྱོགས་ཐོག་རྒྱུས་མངའ་ཆེན་པོ་ཡོད།
༤༽ ཆོལ་ཁ་ལུང་ཚན་དང་ཆོས་ལུགས་འཐེན་འཁྱེར་སོགས་ཉེ་དགའ་ཕྱོགས་ལྷུང་གི་དྲི་མ་མེད་པའི་ཐོག་གང་བྱུང་བེད་སྤྱོད་འོག་ཏུ་འགྲོ་མཁན་ཞིག་མིན་པར་བརྟེན། ཤེས་ལྡན་བསམ་ཡོད་ཀུན་གྱིས་སྤྱི་མི་ལྟ་བུར་ངོས་འཛིན་ཡོད་པ།
༥༽ དྲང་ཚུགས་ཆེ་ཞིང་། བབས་བརླིང་བརྟན་ལ། ལྷག་བློ་སེམས་ཁུར་ཆེ་བ། ལས་དོན་ཐོག་ཐག་ཆོད་པོ། མི་མཆོག་དམན་དྲག་ཞན་ཀུན་ལ་མཐུན་གཤིབས་འབྲེལ་བ་བཟང་བཅས་མི་གཤིས་བཟང་ལ་དམའ་ས་བཟུང་མཁན་ཆོས་པ་ལྟ་བུ་ཞིག་ཡིན་ཡང། གདོང་ལེན་དགོས་སར་ཞུམ་པ་མི་གནང་མཁན།
༦༽ བོད་ནང་དང་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་སྟངས་སྤྱི་དང་། ལྷག་དོན་ཉམ་ཐག་རིགས་ཀྱི་དཀའ་ངལ་སེལ་ཐབས་ཐོག་དམིགས་བསལ་གྱིས་ཚོར་ཤུགས་དང་ཐུགས་ཁུར་ཆེན་པོ་བཞེས་མཁན།
༧༽ ད་བར་ཕྱག་ལས་གང་འགོ་བཙུགས་གནང་བ་དེ་དག་མཇུག་སྐྱོང་མཐའ་སྐྱེལ་གནང་མཁན་ཧུར་བརྩོན་ཅན་ཞིག་ཡིན་པ་བཅས་ཁོང་ལ་བཀའ་བློན་ཁྲི་པའི་ཆ་རྐྱེན་ཚང་མ་ཚང་ཡོད་པས། བློ་མཐུན་དང་ཟུར་པ་གཙོ་བོར་གྱུར་པའི་བོད་རྒྱ་ཆེའི་མི་མང་ནས་ཐུགས་བློ་དཀར་ཏེ་རང་གི་ཐོབ་ཐང་འོས་ཤོག་ཁོང་ལ་བླུག་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།
ཆོས་གྲགས། བསྟན་འཛིན་ནོར་བུ། བསོད་ནམས་མགོན་པོ། པདྨ་རིག་འཛིན། བློ་བཟང་དོན་གྲུབ། རྟ་མགྲིན། ཀརྨ་འཕྲིན་ལས། བསྟན་འཛིན་ཕུན་ཚོགས། ནོར་བུ། བཀྲ་ཤིས་དོན་གྲུབ།བསྟན་འཛིན་པ་སངས། འགྱུར་མེད་དབང་གྲགས། ལྷག་པ། བསྟན་འཛིན་ཆོས་འཕེལ། རྒྱལ་པོ། བསྟན་འཛིན་བདེ་ཆེན། ཕུན་ཚོགས་སྒྲོལ་མ། ཚེ་རིང་གཡང་འཛོམས། དབྱངས་ཅན། ལྷ་མོ་སྒྲོལ་དཀར། ལྷག་པ་སྒྲོལ་མ། མཚོ་མོ། བདེ་སྐྱིད་དབང་མོ། ཚེ་རིང་བུ་ཁྲིད། རིག་འཛིན་དབང་མོ་བཅས་ཀྱིས།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།