འོས་བསྡུ་དང་དེབ་སྐྱེལ་གྱི་གལ་གནད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༣༠༡
བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོའི་སྔོན་འགྲོའི་ལས་རིམ་ཕལ་ཆེ་བ་གྲུབ་ཟིན་པ་དང། མི་མང་པོ་ཞིག་གིས་དེབ་སྐྱེལ་མ་བྱས་པར་འོས་ཤོག་བླུག་མ་ཐུབ་པའི་གནས་ཚུལ་ཡང་བྱུང་ཡོད་པ་རེད། འོས་བསྡུའི་དེབ་སྐྱེལ་བྱེད་དགོས་པ་དེ་སྤྱིའི་མི་འབོར་གྱི་ཆ་ནས་གཞལ་ན་དེབ་འགོད་བྱེད་མཁན་ག་ཚོད་ཡོད་པ་དང་།

དེབ་འགོད་བྱས་ཟིན་པའི་མི་འབོར་གྱི་ཆ་ནས་དངོས་སུ་འོས་འཕེན་མཁན་ག་ཚོད་བྱུང་ཡོད་མེད་ཚད་འཛིན་བྱེད་ཡུལ་ཞིག་ཏུ་གྱུར་ཡོད་ལ། དེ་བཞིན་ས་གནས་ཀྱི་མི་འབོར་ལ་གཞིགས་ནས་འོས་བསྡུའི་འགེངས་ཤོག་འགྲེམས་སྤེལ་ག་ཚོད་བྱེད་དགོས་མིན་གྱི་གཞི་འཛིན་ས་ལྟ་བུ་ཡང་གྱུར་ཡོད་པ་རེད། བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་གནས་སྟངས་ལ་གཞིགས་ནས་དེབ་འགོད་བྱེད་དགོས་མིན་གྱི་སྐོར་ལ་གླེང་སློང་གང་མང་ཞིག་ཡོང་གི་ཡོད་ལ། ཁག་ཅིག་གིས་དྭང་བླངས་དཔྱ་ཁྲལ་ལག་དེབ་ཡོད་པ་དང་དཔྱ་ཁྲལ་དུས་ཐོག་ཕུལ་ཡོད་ན་འོས་འཕེན་ཆོག་པ་ལས་དམིགས་བསལ་དེབ་འགོད་བྱས་པ་དེས་ཕན་ཐོགས་ཆེན་པོ་ཡོད་པ་ཞིག་མིན་པའི་བསམ་ཚུལ་ཡོད་པ་དང་། གལ་སྲིད་དེབ་འགོད་བྱེད་དགོས་པའི་དབང་དུ་བཏང་ཡང་འོས་འཕེན་པའི་སྐབས་སུའང་དེབ་འགོད་བྱེད་ཆོག་པ་ཞིག་བཟོས་ན་མི་མང་ལ་སྟབས་བདེ་ཡོད་པས། དེ་ལྟར་བཟོ་དགོས་པའི་བསམ་ཚུལ་མི་མང་དང་འོས་བསྡུ་ལས་ཁང་ཡོད་ནའང།  སྤྱི་འཐུས་ལྷན་ཚོགས་ཀྱིས་དགོས་ངེས་རྒྱབ་སྐྱོར་མ་ཐོབ་པར་སྒྲིག་གཞི་བསྐྱར་བཅོས་བྱེད་ཐུབ་མེད། འོས་བསྡུའི་དེབ་འགོད་བྱེད་མ་ཐུབ་པ་དེ་གཙོ་ཆེ་ཤོས་དོ་བདག་སོ་སོས་དོ་སྣང་གིས་མ་འདང་བ་དང་། ས་གནས་འོས་བསྡུ་ལས་ཁང་ཚོས་འགན་ཚུལ་བཞིན་མ་ཁུར་བ། ས་གནས་འོས་བསྡུ་ལས་ཁང་སོ་སོ་ནས་སྡེ་ཚན་སོ་སོར་ཡིག་ཐོག་གསལ་བསྒྲགས་རེ་འབུལ་ཐུབ་ཙམ་བྱུང་ཡང་། ས་གནས་སོ་སོའི་འབྲེལ་ཡོད་སློབ་གྲྭའི་འགན་འཛིན་སོགས་ཀྱིས་མི་མང་ལ་དུས་ཐོག་བརྡ་ལན་སྤྲད་མ་ཐུབ་པར་བརྟེན་དཀའ་ངལ་འདི་འཕྲད་བཞིན་འདུག དཀའ་ངལ་འདི་དག་སེལ་ཆེད་འབྲེལ་ཡོད་སོ་སོ་ནས་བསྐྱར་དུ་བསམ་བློ་ཞིག་ངེས་པར་གཏོང་དགོས་པའི་དུས་ལ་བབ་ཡོད།

ཐོག་མ་དེབ་འགོད་ཀྱི་ཕན་ནུས་ག་རེ་ཡོད་མེད་ཀྱི་ཐོག་ལ་བསམ་བློ་བཏང་ན་གོང་དུ་བརྗོད་པ་བཞིན། ས་གནས་སོ་སོའི་དེབ་འགོད་བྱེད་མཁན་དང་དངོས་སུ་འོས་འཕེན་མཁན་གྱི་བརྒྱ་ཆ་མཚུངས་བསྡུར་བྱེད་སྐབས་དྷ་ས་གཅིག་པུར་མཚོན་ན་མདོ་སྟོད་ཀྱིས་དེབ་འགོད་བྱས་པའི་བརྒྱ་ཆ་༦༠ ཙམ་གྱིས་ཆ་ཤས་བླངས་ཡོད་ཚུལ་དང་། དབུས་གཙང་གིས་བརྒྱ་༥༢ ཙམ། མདོ་སྨད་ཀྱིས་བརྒྱ་ཆ་༤༨ ཙམ་གྱིས་ཆ་ཤས་བླངས་འདུག་ཚུལ་སོགས་ས་གནས་འོས་བསྡུ་ལས་ཁང་ནས་འགྲེལ་བརྗོད་གནང་འདུག དོན་དངོས་ཐོག་སྐབས་འདིའི་འོས་བསྡུ་ཆེན་མོའི་ནང་ཆ་ཤས་ལེན་མཁན་གོང་གསལ་ལས་བརྒྱ་ཆ་མང་བས་ཆ་ཤས་བླངས་ཡོད་པ་ཧ་ཅང་གསལ་པོ་ཡིན་ནའང་། དེབ་འགོད་ཀྱི་གནས་སྟངས་ལ་བསྐྱར་ཞིབ་མ་ཐུབ་པས་དཀའ་ངལ་འདི་འཕྲད་ཡོད་པ་ལྟ་བུར་སྣང། དེ་ཡང་སྐབས་སྔོན་མའི་འོས་བསྡུ་ཆེན་མོའི་སྐབས་དེབ་འགོད་བྱས་པ་ག་ཚོད་ཡོད་པ་དེའི་ཐོག་གསར་དུ་དེབ་འགོད་བྱེད་མཁན་ག་ཚོད་ཡོད་པ་དེ་བསྣན་ནས་གཞི་འཛིན་གྱི་ཡོད་འདུག དྷ་རམ་ས་ལར་མཚོན་ན་རྒྱུན་རིང་མི་སྡོད་པར་ས་གནས་གཞན་དུ་འགྲོ་མཁན་ཧ་ཅང་མང་པོ་ཡོད་ལ། དཔེར་ན་གཞུང་ཞབས་གཅིག་པུ་ལ་མཚོན་ནའང་དགོངས་པ་ཞུ་མཁན་དང་གནས་སྤོས་བཏང་བ་སོགས་དང། དེ་བཞིན་གསར་འབྱོར་བ་ཚོ་ལ་མཚོན་ནའང་དྷ་ས་ནས་དེབ་འགོད་བྱས་ཡོད་ཀྱང་རྗེས་མ་ས་གནས་གཞན་དུ་བསྐྱོད་པ་དང་། དཔེར་ན་གསོག་སྒར་སློབ་གྲྭ་གཅིག་པུར་ཆ་བཞག་ན་ལོ་ལྔའི་སྔོན་དུ་ཡོད་པ་གཅིག་ཀྱང་ད་ལྟ་སློབ་གྲྭ་དེར་མེད། དེ་དག་ཀྱང་མང་ཆེ་བ་དྷ་སར་བསྡད་མེད་པ་དང། དེ་བཞིན་དྷ་སར་གནས་སྡོད་བྱེད་མཁན་མང་པོ་ཞིག་ལོ་ལྟར་ཕྱི་རྒྱལ་ཁག་ལ་འགྲོ་བཞིན་པ། ལོ་ལྔའི་ནང་དུ་འདས་གྲོངས་སོང་བའི་གནས་ཚུལ་ཡང་མང་པོ་ཞིག་ཡོང་གི་ཡོད་པ་སོགས་ལ་དུས་ཐོག་བསྐྱར་ཞིབ་བྱེད་ཐུབ་མེད་པར། མ་དེབ་ཏུ་ཡོད་པའི་གྲངས་ཀ་དང་དངོས་སུ་འོས་འཕེན་པའི་གྲངས་ཀ་གཉིས་བསྡུར་ནས་བརྒྱ་ཆར་གཞལ་བ་དེ་ཏག་ཏག་ཅིག་བསྡད་མེད་པ་ཧ་ཅང་གསལ་པོ་རེད། ས་གནས་གཞན་དུའང་དེ་མཚུངས་བཞིན་གནས་ཚུལ་དེ་ཡོད་ཡོད་པ་རེད། དེར་བརྟེན་དེབ་སྐྱེལ་བྱས་པའི་དགོས་དམིགས་འགྲུབ་ཀྱི་ཡོད་མེད་ཀྱང་བཤད་ཚོད་ཐིག་དཀའ་བ་ཞིག་ཏུ་གྱུར་འདུག་ལ། མ་འོངས་པར་དེབ་སྐྱེལ་བྱེད་དགོས་མིན་དང་དགོས་ན་བྱེད་ཕྱོགས་སོགས་ལ་སྒྲིག་གཞི་བསྐྱར་བཅོས། ས་གནས་སོ་སོ་ནས་དེབ་འགོད་བྱས་ཡོད་ཀྱང་དེང་སྐབས་ས་གནས་སུ་ཡོད་མེད་དུས་ཐོག་བསྐྱར་ཞིབ་དགོས་པ་དེའང་གལ་ཆེན་པོར་གྱུར་ཡོད། སྔོན་འགྲོའི་སྐབས་དེབ་སྐྱེལ་གྱི་དབང་གིས་འོས་ཤོག་བླུག་མ་ཐུབ་པ་རྣམས་སྔོན་འགྲོ་དང་དངོས་གཞི་གཉིས་ཀྱི་བར་བསྐྱར་དུ་དེབ་འགོད་ཀྱིས། དངོས་གཞིའི་སྐབས་འོས་འཕེན་ཐུབ་པ་ཞིག་ཡོང་བར་ས་གནས་སོ་སོའི་འབྲེལ་ཡོད་ལས་ཁང་དང་དོ་བདག་སོ་སོ་ནས་ངེས་པར་ཐུགས་སྣང་དགོས་པ་གལ་ཆེན་པོར་གྱུར་ཡོད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།