སྐྱོན་བརྗོད་བྱེད་རུང་བའི་བྱ་སྤྱོད།

མཁས་དབང་བློ་བཟང་སེང་གེ།
སྐྱོན་བརྗོད་བྱེད་རུང་བའི་བྱ་སྤྱོད་ནི་བལ་ཡུལ་དུ་བོད་མིའི་འོས་སྒམ་ཕྲོགས་པ་དེ་ཡིན་ཞིང། བལ་ཡུལ་གཞུང་གིས་བོད་མིའི་འོས་སྒམ་ཕྲོགས་པ་དེ་ནི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང། རྒྱལ་སྤྱིའི་ཁྲིམས་ལུགས་གཏོར་བཤིག་བཏང་བ་ཞིག་རེད། དེང་སྐབས་བོད་མི་གནས་སྡོད་བྱེད་སའི་རྒྱལ་ཁབ་ཁག་མི་འདྲ་བ་༣༠ ཙམ་གྱི་ནང་།

བོད་མི་ཚོས་འོས་འཕེན་གྱི་ཡོད་པ་དང།  གཞུང་དེ་དང་དེས་གུས་བརྩི་དང་ལྡན་པའི་ཐོག་ནས། བོད་མི་ཚོར་འོས་འཕེན་གྱི་ལས་དོན་བྱེད་བཅུག་གི་ཡོད་པ་རེད། བལ་ཡུལ་གཞུང་གིས་རྒྱུ་མཚན་གང་ལ་བརྟེན་ནས་དེ་ལྟར་བྱེད་བཅུག་གི་ཡོད་མ་རེད། གནད་དོན་འདི་ནི་མང་གཙོའི་སྒྲིག་གཞི་གཏོར་བཤིག་བཏང་བ་ཞིག་ཡིན་པས། འཛམ་གླིང་འདིའི་ནང་གི་མང་གཙོའི་རྒྱལ་ཁབ་དང་རང་དབང་ལྡན་པའི་མི་མང་ཚོས། ཁྲིམས་འགལ་གྱི་བྱ་སྤྱོད་འདི་ལ་སྐྱོན་བརྗོད་བྱེད་དགོས་ཞེས་ངས་ནན་བརྗོད་བྱེད་རྒྱུ་ཡིན།

རང་དབང་ལ་དགའ་བའི་བལ་ཡུལ་མི་མང་གིས། མང་གཙོའི་ལམ་ལུགས་དེ་ཇི་ལྟར་གལ་ཆེ་ཚུལ་དང་། འོས་འཕེན་དེ་མང་གཙོའི་ལམ་ལུགས་དང་ཁ་བྲལ་ཐབས་མེད་པ་ཤེས་ཀྱི་ཡོད་པ་རེད། འོས་སྒམ་ཕྲོགས་སའི་བོད་མི་དེ་དག་གིས། ཞི་བའི་ཐོག་ནས་རང་ཉིད་ཀྱི་འོས་བསྡུའི་ཐོབ་ཐང་ཇི་ལྟར་ལག་བསྟར་བྱེད་ཀྱི་ཡོད་ནའང། བལ་ཡུལ་གཞུང་གིས་རང་ཉིད་ཀྱིས་གང་བརྗོད་ཀྱི་ཡོད་པ་དེ་ལག་བསྟར་བྱེད་ཀྱི་ཡོད་མ་རེད། ཕྱོགས་གཅིག་ནས་བལ་ཡུལ་གཞུང་གིས་རང་ཉིད་ཀྱི་མི་མང་གི་འོས་འཕེན་དེ་ཁྲིམས་མཐུན་ལ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང། ཕྱོགས་གཞན་ཞིག་ནས་བོད་མི་ཚོའི་གཞི་རྩའི་ཁྲིམས་ཀྱི་ཐོབ་ཐང་དང།  ཞི་བའི་ལས་དོན་འདི་དག་བཀག་འགོག་བྱས་ཡོད་པ་རེད།  བོད་མི་ཚོས་བལ་ཡུལ་གྱི་ཁྲིམས་ལུགས་གཏོར་བཤིག་བཏང་བ་དང་ཁྲིམས་དང་མི་མཐུན་པ་བྱས་པ། ཡང་ན་བྱེད་བཅུག་པ་བཅས་གང་ཡང་བྱས་མེད། སྐྱོ་བ་སྐྱེ་དགོས་པ་ཞིག་ལ་བོད་མི་ཚོའི་འོས་འཕེན་གྱི་ཐོབ་ཐང་དེ་བཀག་འགོག་བྱས་པའི་བཙན་གནོན་གྱི་བྱ་སྤྱོད་འདི་དག རྒྱ་ནག་གཞུང་ཕྱོགས་ནས་གནོན་ཤུགས་ཡོང་བ་ཞིག་ཡིན་པ་དང།  འདས་པའི་ལོ་རྒྱུས་ནང་བལ་ཡུལ་དང་བོད་གཉིས་ཀྱི་དབར། སྲོལ་རྒྱུན་གྱི་གཉེན་སྒྲིག་སོགས་ཀྱི་འབྲེལ་ལམ་དམ་པོ་ཡོད་པ་དང། དེ་བཞིན་ནང་ཆོས་ཀྱི་བརྒྱུད་རིམ་བཅས་ཀྱི་ཐད་ལའང་འབྲེལ་ལམ་དམ་པོ་ཡོད་པས། ད་ལྟའི་སྐབས་བྱ་སྤྱོད་འདི་འདྲ་སྤེལ་བ་དེ་རྒྱུ་མཚན་དང་ལྡན་པ་ཞིག་མིན།

བྱ་སྤྱོད་འདི་ཚུལ་དང་མཐུན་པ་བྱེད་པའི་ལམ་གཅིག་ཡོད་པ་ནི། བལ་ཡུལ་གཞུང་གིས་འོས་སྒམ་ཕྱིར་སློག་བྱེད་རྒྱུ་དེ་རེད། དེ་ནས་བོད་མི་ཚོས་འོས་འདེམས་བྱས་པ་རྣམས་གྲངས་བཤེར་ཐུབ་ངེས་ཡིན་པ་ལས། དེ་མིན་ན་ངས་གནད་དོན་འདིའི་ཐད་ལ་བལ་ཡུལ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ཞིབ་དཔྱོད་པ་གཏོང་དགོས་པའི་སྙན་ཞུ་འབུལ་གྱི་ཡིན། གལ་སྲིད་འོས་སྒམ་དེ་ཕྱིར་སློག་མ་བྱས་ན། བལ་ཡུལ་དུ་ཡོད་པའི་བོད་མི་ཚོས་རང་ཉིད་ཀྱི་འོས་ཤོག་དེ་མྱུར་འཕྲིན་བརྒྱུད་ནས་ས་གནས་འོས་བསྡུ་ལས་ཁང་ངམ། ཡང་ན་དྷ་རམ་ས་ལ་གཏོང་ཐུབ་རྒྱུའི་བསམ་གཞིག་བྱེད་དགོས། རྙོག་འཛིང་འདིའི་འོག་ཏུ་དབུས་འོས་བསྡུ་ལས་ཁང་གི་ངོས་ནས། བལ་ཡུལ་ཕྱོགས་ཀྱི་འོས་ཤོག་ཚང་མ་གྲངས་བཤེར་ཐུབ་ཐབས་ཀྱི་ལམ་ཁ་ཞིག་ངེས་པར་དུ་རྙེད་པ་བྱེད་དགོས། ཕྱོགས་གང་ནས་བསམ་ཡང་བལ་ཡུལ་ནང་གི་བོད་མི་ཚོའི་འོས་ཤོག་དེ་ངེས་པར་དུ་གྲངས་བཤེར་ཐུབ་པ་བྱེད་དགོས།

མང་གཙོའི་ལམ་ལུགས་ནི་ང་ཚོས་བོད་རང་དབང་གི་ལས་འགུལ་སྤེལ་བཞིན་པ་འདིའི་རྨང་གཞི་ཡིན་ཞིང་། བཙན་བྱོལ་བོད་གཞུང་འདི་གསོན་གནས་དང་སྲ་བརྟན་གནས་དང་མི་གནས་ནི། ཁྲིམས་ལུགས་ལྡན་པའི་མང་གཙོའི་འོས་འཕེན་གྱི་བརྒྱུད་རིམ་འདི་ལ་རག་ཆེན་པོ་ལས་ཡོད་པས། ང་ཚོའི་ངོས་ནས་ཕྱི་རོལ་གྱི་གནོན་ཤུགས་ལ་རང་ཉིད་ཀྱི་མང་གཙོའི་ཐོབ་ཐང་གི་གཞི་རྩ་ལ་བར་ཆད་གཏོང་འཇུག་རྒྱུ་མེད་ལ། དེ་བཞིན་བོད་ཀྱི་མང་གཙོའི་ལམ་ལུགས་འདི་ང་ཚོའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་གྱི་ཆེད་དུ་དར་ཁྱབ་གཏོང་དགོས་པ་ཡིན་ནོ།།

{jcomments on}

Leave a Reply

Your email address will not be published. Required fields are marked *