ཡུ་རོབ་སྤྱི་འཐུས་ཀྱི་འོས་མི་ཞིག་གི་དྲི་བའི་ལན་འདེབས།

ཡུ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱིས་སྤྱི་ཟུར་ཆོས་རྒྱལ་བསྟན་འཛིན་ལགས་སུ་དྲི་བ་དྲིས་པ་ཁག་གི་ལན་འདེབས་གནང་བ།

དང་པོ། ཕྱི་སྲིད།

དྲི་བ། བོད་རྒྱ་འབྲེལ་མོལ་གྱི་ཐབས་ལམ། ཡང་ན་ལངས་ཕྱོགས་གང་ལ་རྒྱབ་སྐྱོར་ཡོད་དམ།

ལན། ད་ལྟའི་ཆར་ང་རང་སྒེར་གྱི་ངོས་ནས་བཤད་ན། ༧གོང་ས་མཆོག་དང་བཙན་བྱོལ་གཞུང་གིས་འཛིན་པའི་གཉིས་སྨན་དབུ་མའི་ལམ་ལ་ཡིད་ཆེས་དང༌། ཡིད་ཆེས་རྙེད་པའི་ཐབས་ལམ་སྲིད་བྱུས་དེ་གའི་འོག་ཤར་བསྐྱོད་ཀྱིས་རྒྱ་ནག་གཞུང་དང་མཉམ་དུ་འབྲེལ་མོལ་མུ་མཐུད་རྒྱུར་དུས་ཀྱི་དགོས་མཁོར་མཐོང་གི་ཡོད། འོན་ཀྱང་མ་འོངས་པར་སྒྲུབ་བྱེད་ཐབས་ལམ་མམ་སྲིད་བྱུས་ལ་འགྱུར་བ་འགྲོ་མི་སྲིད་པ་མ་རེད། དབུ་མའི་ལམ་གྱི་སྲིད་བྱུས་དང་མི་གཅིག་པའི་ཆབ་སྲིད་ཀྱི་ལྟ་གྲུབ་གཞན། གདེང་འཁེལ་བའི་འཆར་གཞི་ཡང་དག་ཅིག་མི་མང་ནས་བཏོན་པ་ཡིན་ན། མི་མང་གི་བསམ་ཚུལ་ལ་བརྩི་བཀུར་གྱིས་སྐབས་དེ་དུས་ལྟ་གྲུབ་དང་ཐབས་ལམ་སྲིད་བྱུས་དེར་ཉམས་ཞིབ་ཀྱིས་རྒྱབ་སྐྱོར་ཞུ་དགོས་སྲིད་པ་རེད།

དྲི་བ། ཕྱིའི་རྒྱལ་ཁབ་ཁག་གི་གཞུང་དང་འབྲེལ་བ་ཡར་རྒྱས་གཏོང་ཕྱོགས་ལ་འཆར་གཞི་གང་ཡོད། དམིགས་ཡུལ་དང་འཆར་གཞི་ངེས་གཏན་ག་རེ་བཏིང་ནས་རྒྱལ་ཁབ་གཞན་གྱི་གཞུང་དང་གླེང་སློང་ཞུ་རྩིས་ཡོད།

ལན། སྐབས་བབ་བོད་མི་རིགས་ལ་མཁོ་བའི་དགོས་ངེས་ཅན་ཆེད་ཕྱིའི་རྒྱལ་ཁབ་ཁག་དང་འབྲེལ་བ་ཞུ་འདུན་ནི། རྒྱའི་བཙན་འོག་ཏུ་ཡོད་པའི་བོད་མིར་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་ཕྱོགས། རྒྱ་ནག་གཞུང་གི་བཅའ་ཁྲིམས་གཞིར་བཟུང་བོད་མི་ཚོར་ཆ་སྙོམས་དཔལ་འབྱོར་གྱི་ཁེ་ཕན་ལོངས་སུ་སྤྱོད་ཐུབ་ཐབས། བོད་ཀྱི་ཁོར་ཡུག་རྣམས་ཆེས་ཉམས་རྒུད་དུ་མི་འགྲོ་ཆེད་ལག་ལེན་འཕྲལ་དུ་བསྟར་དགོས་པ། བོད་ནང་གི་བོད་མི་ཚོར་དེང་དུས་ཀྱི་ཤེས་ཡོན་དང་ལྷན་བོད་ཀྱི་ཐུན་མིན་གྱི་ནང་དོན་རིག་པ། སྲོལ་རྒྱུན་གྱི་ཤེས་ཡོན་སོགས་སྤྲོད་ཐུབ་ཐབས་ཆེད་ཕྱིའི་རྒྱལ་ཁབ་ཁག་དང་གླེང་སློང་ཞུ་དགོས་པ་མཐོང༌། གཉིས་པ། ཤེས་ཡོན་ནི། མིའི་སྤྱི་ཚོགས་ནང་དགོས་མཁོ་ཆེ་ཤོས་དང༌། རྒྱལ་ཁབ་ལ་ཞབས་འདེགས་གྲུབ་པའི་ཆ་རྐྱེན་དང་པོ་དེ་ཡིན་པས། ཕྱིའི་རྒྱལ་ཁབ་ཁག་གི་ཤེས་རིག་སྡེ་ཚན་དང་འབྲེལ་གཏུགས་ཀྱིས་བཙན་བྱོལ་བོད་རིགས་གཞོན་སྐྱེས་ཚོར་ཤེས་ཡོན་གོ་སྐབས་ཐོབ་ཐབས་འབྲེལ་བ་ཟབ་ཏུ་གཏོང་དགོས་པ་མཐོང༌།

 

དྲི་བ། ང་ཚོའི་དམིགས་ཡུལ་བོད་ཀྱི་བདེན་མཐའ་གསལ་ཆེད་དབུ་མའི་ལམ་གྱི་སྲིད་བྱུས་དེ་ཐབས་ལམ་ཞིག་ལ་ངོས་འཛིན་གྱི་ཡོད་དམ། ཡང་ན་ཁྱེད་ཀྱི་བསམ་ཚུལ་ལྟར་ཐབས་ལམ་གཞན་གང་ཡོད།

 

ལན། ཐོག་མ་སྤྱི་ལོ་ ༡༩༧༩ ལོར་བོད་རྒྱ་འབྲེལ་མོལ་གྱི་ལམ་གསར་གཏོད་གནང་བ་ནས་བཟུང་ད་ལྟའི་བར་མངོན་པར་གསལ་བའི་གྲུབ་འབྲས་དང༌། མངོན་པར་མི་གསལ་བའི་གྲུབ་འབྲས་གཉིས་མཐོང་གི་ཡོད།

༡ འབྲེལ་མོལ་ཐོག་མ་འགོ་ཚུགས་པ་ནས་བཟུང་ད་ལྟའི་བར་རྒྱ་ནག་གཞུང་གི་སྐུ་ཚབ་མཉམ་གདོང་ཐུག་ཁུངས་སྐྱེལ་གྱིས་བཀའ་མོལ་དང༌། རྒྱ་གཞུང་གིས་༧གོང་ས་མཆོག་དང་བཙན་བྱོལ་གཞུང་ལ་གཞི་མེད་པའི་དོགས་པ་རྣམ་རྟོག་ཡོད་པ་དེ་དག་གང་འཚམས་བསལ་ཡོད་པ། ༧གོང་ས་མཆོག་དང་བཙན་བྱོལ་གཞུང་གིས་ཆབ་སྲིད་ཀྱི་བཞེངས་ཕྱོགས་ཡོངས་རྫོགས་གསལ་པོ་འགྲེལ་བཤད་རྒྱག་ཐུབ་པ་བཅས་བྱུང་ཡོད། འབྲེལ་མོལ་གྱི་རྐྱེན་པས་བོད་ནང་གི་བོད་མི་ཚོར་སེམས་ཤུགས་རང་བཞིན་གྱིས་འཕར་གྱི་ཡོད་པས། བོད་ནང་བོད་མི་ཚོས་རྣམ་པ་འདྲ་མིན་གྱིས་ལས་འགུལ་ཤུགས་ཆེར་རྩོམ་གྱི་ཡོད་པ། རྒྱ་མི་ཤེས་ལྡན་པ་མང་པོས་བོད་ཀྱི་གནད་དོན་ཤེས་པས་བོད་དང་བོད་མིར་རྒྱབ་སྐྱོར་ཐོབ་ཀྱི་ཡོད་པ། ཉེ་བའི་ཆར་རྒྱ་ནག་ཕྱི་སྲིད་ལས་ཁུངས་ནས་འབྲེལ་མོལ་དབུ་མ་འཛུགས་གོང་དང་འབྲེལ་མོལ་ཟིན་རྗེས་རྒྱ་གཞུང་གིས་འབྲེལ་མོལ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཡོངས་ཁྱབ་བྱེད་ཀྱི་ཡོད་པ་སོགས་ནི་མངོན་པར་གསལ་བའི་གྲུབ་འབྲས་དང༌། ༢ ༧གོང་ས་མཆོག་དང་བཙན་བྱོལ་གཞུང་གི་ཆབ་སྲིད་ཀྱི་ལྟ་གྲུབ་གཉིས་སྨན་དབུ་མའི་ལམ་ལ་རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་ཁག་མང་པོས་༧གོང་ས་མཆོག་གི་ཀུན་སློང་དང་ཆབ་སྲིད་ཀྱི་ལྟ་གྲུབ་ལ་རྒྱབ་སྐྱོར་ཐོབ་ཀྱི་ཡོད་པ་ནི་མངོན་པར་མི་གསལ་བའི་གྲུབ་འབྲས་ཡིན་ན། དེ་གཉིས་ཀ་གྲུབ་འབྲས་གང་འཚམས་ཡག་པོ་ཡིན་པར་བརྗོད་ཐུབ། དེ་བས། གནས་སྐབས་རིང་ད་ལྟའི་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་ལྟ་གྲུབ་དབུ་མའི་ལམ་དེ་ག་རང་རྒྱུན་བསྲིང་ན་བོད་རིགས་ལ་ཁེ་ཕན་ཆེ་བ་མཐོང་གི་ཡོད། འོན་ཀྱང་རྒྱ་གཞུང་གི་བྱེད་ཕྱོགས་དང༌། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་བར་གཞིགས་པའི་མ་འོངས་བཙན་བྱོལ་གཞུང་གི་ཆབ་སྲིད་ཀྱི་བཞེངས་ཕྱོགས་ལ་འགྱུར་བ་འགྲོ་མི་སྲིད་པ་མ་རེད། དེའི་དུས་ལ་མི་མང་གི་དགོངས་ཚུལ་བསྡུ་རུབ་ཀྱིས་མི་མང་གི་བསམ་འཆར་གཞིར་བཟུང་གོམ་པ་སྤོ་རྒྱུ་རེད། རྒྱུ་མཚན་དེར་བརྟེན་ད་ལྟའི་ཆར་ང་ལ་ཐབས་ལམ་བཟང་བ་འདི་འདྲ་ཞིག་ཡོད་ཟེར་ནས་སྟོན་རྒྱུ་མེད།

གཉིས་པ། ནང་སྲིད།

དྲི་བ། བཙན་བྱོལ་བོད་གཞུང་གིས་འཛིན་པའི་ཆོས་ལུགས་རིས་མེད་ཀྱི་ལྟ་གྲུབ་ལ་རྒྱབ་སྐྱོར་ཡོད་དམ། རྒྱབ་སྐྱོར་ཡོད་ན་རྒྱུ་མཚན། མེད་ན་མེད་པའི་རྒྱུ་མཚན།

ལན། ད་ལྟའི་བཙན་བྱོལ་གཞུང་གིས་འཛིན་པའི་ཆོས་ལུགས་རིས་མེད་ཀྱི་ལྟ་གྲུབ་ལ་རྒྱབ་སྐྱོར་ཡོད། ཆོས་ལུགས་རིས་མེད་ཀྱི་ལྟ་གྲུབ་དེས་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང༌། གཡུང་དྲུང་བོན། དེ་བཞིན་ཁ་ཆེ་སོགས་ཀྱི་བླ་ཆེན་རྣམ་པས་གཙོས་དེའི་རྗེས་འཛིན་པ་ཚང་མས་བཙན་བྱོལ་གཞུང་གིས་འཛིན་པའི་ཆོས་ལུགས་རིས་མེད་ཀྱི་ལྟ་གྲུབ་ལ་བཅོས་མིན་གྱིས་རྒྱབ་སྐྱོར་ཡག་པོ་ཐོབ་ཀྱི་ཡོད་པ་ཙམ་མ་ཟད། རྒྱལ་སྤྱིའི་སྟེང་བཙན་བྱོལ་གཞུང་ལ་བསྔགས་བརྗོད་དང་ཡིད་ཆེས། བཙན་བྱོལ་གཞུང་གི་ཆོས་ལུགས་རིས་མེད་ཀྱི་ལྟ་གྲུབ་ལ་རྒྱལ་ཁབ་གཞན་གྱིས་མིག་དཔེ་ཡང་ལྟ་གི་ཡོད་པ་གོ་རྒྱུ་ཡོད། དེ་བས་གལ་ཆེ་བར། བཙན་བྱོལ་གཞུང་གི་ནང་ཆོས་ལུགས་ཀྱི་རྙོག་གླེང་ཆུང་བ། ཆོས་ཕྱོགས་དང་ཆབ་སྲིད་ཀྱི་ལས་དོན་འགྲུབ་བར་བགེགས་བར་ཆད་ཉུང་བ་ཡོང་གི་ཡོད།

 

དྲི་བ། བོད་མི་མང་སྤྱི་འཐུས་ལྷན་ཁང་གི་སྒྲོམ་གཞིར་དགོངས་ཚུལ་གང་ཡོད། སྤྱི་འཐུས་ཡོང་ཁུངས་གཏན་འབེབས་ཟིན་པ་དང༌། ད་ལྟའི་ཆར་སྤྱི་འཐུས་ལྷན་ཁང་ནང་སྲིད་དོན་ཚོགས་ཁག་མེད་པ། ཁྱེད་ཀྱིས་སྤྱི་འཐུས་ཀྱི་སྒྲོམ་གཞིར་འགྱུར་བ་གཏོང་དགོས་པ་མཐོང་གི་འདུག་གམ། མཐོང་གི་ཡོད་ན་འཆར་གཞི་དང་དུས་བཀག་ནང་ཚུད་གང་འདྲ་ཞིག་གི་ནང་ལག་བསྟར་ཐུབ་རྒྱུ་ཡིན།

ལན། བོད་མི་མང་སྤྱི་འཐུས་ལྷན་ཁང་གི་སྒྲོམ་གཞི་ནི་དུས་ཀྱི་དགོས་མཁོ་དང་བསྟུན་པའི་སྒྲོམ་གཞི་ཡང་དག་པ་ཞིག་ཡིན་པར་སྔོན་མ་ནས་ངོས་འཛིན་གྱི་ཡོད། དེར་བརྟེན་ད་ལྟའི་ཆར་སྤྱི་འཐུས་ལྷན་ཁང་གི་སྒྲོམ་གཞིར་འགྱུར་བ་གཏོང་དགོས་པ་གང་ཡང་མཐོང་གི་མེད། སྤྱི་འཐུས་ཡོང་ཁུངས་གཏན་འབེབས་ཟིན་པ་དངོས་བདེན་ཡང༌། གལ་སྲིད་མི་མང་ནས་སྤྱི་འཐུས་ཀྱི་གྲངས་འབོར་སྤར་དགོས་པ། ཡང་ན་ཉུང་དུ་གཏོང་དགོས་པ་སོགས་གཟིགས་ཚེ་བཅའ་ཁྲིམས་གཞིར་བཟུང་གྲངས་འབོར་ལ་བཅའ་ཁྲིམས་བསྐྱར་བཅོས་ཞུ་ཐུབ་རྒྱུ་ཡིན། དཔེར་ན། བྱང་ཨ་རིའི་སྤྱི་འཐུས་ཀྱི་གྲངས་འབོར་དེ་ཉེ་ཆར་སྤར་ཡོད་པ་དེ་ལྟར་རེད།

བཙན་བྱོལ་གྱི་གནས་སྐབས་རིང་སྲིད་དོན་ཚོགས་ཁག་མེད་པའི་ཁྲིམས་བཟོ་ལྷན་ཁང་འདིས་བོད་མིའི་རེ་འདུན་འགྲུབ་པར་ཕན་རླབས་ཆེ་བ་མཐོང་གི་ཡོད། སྲིད་དོན་ཚོགས་ཁག་མང་ན། ཚོགས་པ་སོ་སོའི་བསམ་དོན་མ་གྲུབ་པའི་རྐྱེན་གྱིས་རྩོད་གཞི་དང༌། གཅིག་གིས་གཅིག་ལ་ཡིད་ཆེས་མི་རྙེད་པ་སོགས་ཀྱི་དཀའ་ངལ་མང་དག་ཅིག་འཕྲད་རྒྱུ་ཡིན་པ་གསལ་པོ་མཐོང་ཐུབ། བཙན་བྱོལ་སྤྱི་ཚོགས་ནང་སྲིད་དོན་ཚོགས་ཁག་རེ་ཟུང་ཡོད་ཀྱང་དེས་གཞུང་འཛིན་ཐུབ་རྒྱུར་ད་ལྟའི་ཆར་ངེས་པ་རྙེད་དཀའ་བ་འདུག  འོན་ཀྱང་མ་འོངས་བོད་ཀྱི་བདེན་མཐའ་གསལ་རྗེས་བོད་ནང་སྲིད་དོན་ཚོགས་ཁག་ལས་གྲུབ་པའི་གཞུང་འཛིན་ཚོགས་པ་དགོས་ངེས་ཅན་ཡིན་བསམས།

དྲི་བ། གཞོན་ནུ་ནི་མ་འོངས་པའི་བོད་ཡིན། བཙན་བྱོལ་གཞུང་དང་ཡུ་རོབ་གནས་སྡོད་བོད་རིགས་གཞོན་ནུའི་དབར་འབྲེལ་ལམ་གོང་འཕེལ་ངེས་པར་གཏོང་དགོས་སམ། འབྲེལ་ལམ་དགོས་ན། ཚད་གཞི་གང་ཞིག་གིས་ཐོག་འབྲེལ་ལམ་མཐུད་རྒྱུ་ཡིན།

ལན། གཞོན་ནུ་ནི་མ་འོངས་པའི་བོད་ཡིན་པ་དངོས་བདེན་རེད། བཙན་བྱོལ་གཞུང་དང་ཡུ་རོབ་གནས་སྡོད་བོད་རིགས་གཞོན་ནུའི་དབར་འབྲེལ་ལམ་གོང་སྤེལ་ངེས་པར་གཏོང་དགོས། ཡུ་རོབ་ནང་འཚར་ལོངས་བྱུང་བའི་བོད་རིགས་གཞོན་སྐྱེས་ཚོར་བཙན་བྱོལ་གཞུང་གི་སྲིད་བྱུས་འཛིན་ཕྱོགས་དང༌། བཙན་བྱོལ་གཞུང་དང་བཙན་བྱོལ་གྱི་གནས་སྟངས་ངོ་སྤྲོད། ཡུ་རོབ་གནས་སྡོད་བོད་རིགས་གཞོན་སྐྱེས་ཚོས་བོད་དོན་ལ་དོ་སྣང་དང་སེམས་ཤུགས་སྤར་ཆེད་བཙན་བྱོལ་གཞུང་ནས་བོད་ཀྱི་སྐད་ཡིག རིག་གཞུང་གི་བསླབ་པ་སློབ་གཉེར་སོགས་ཀྱི་མཐུན་རྐྱེན་སྦྱར་དགོས་པ་མཐོང༌། ཡུ་རོབ་ནང་གནས་སྡོད་བོད་རིགས་སྤྱི་དང༌། བྱེ་བྲག་བོད་རིགས་གཞོན་སྐྱེས་ཚོ་རང་ངོས་ནས་ཀྱང་བཙན་བྱོལ་གཞུང་ལ་མཐུན་རྐྱེན་ག་རེ་སྦྱོར་ཐུབ་པ་འདུག་ཅེས་སོགས་ཀྱི་སྒོ་ནས་འབྲེལ་ལམ་མཐུད་རྒྱུ་གལ་ཆེ།

 

འདྲི་བ། བོད་རིགས་ཡོངས་ཀྱིས། བོད་ཡིག་གིས་བོད་མིའི་ཁྱད་ཆོས་ངོ་སྤྲོད་ཐུབ་ཀྱི་ཡོད་པ་གལ་འགངས་ཆེན་པོར་བརྩི་གི་ཡོད། བོད་པའི་སྤྱི་ཚོགས་ནང་བོད་ཡིག་གི་ཤེས་ཚད་དམའ་རུ་འགྲོ་གི་ཡོད་པ། མཚམས་རེས་བོད་ཡིག་མི་ཤེས་མཁན་ཚོར་གནོན་ཤུགས་ཡོང་གི་ཡོད་པས། དེའི་ཐོག་ཁྱེད་ཀྱིས་བར་མཚམས་གང་འདྲ་སྦྱོར་རྒྱུ། ཡང་ན་ལངས་ཕྱོགས་གང་འདྲ་ཞིག་ཡོད།

 

ལན། བོད་ཡིག་གིས་བོད་མིའི་ཁྱད་ཆོས་ངོ་སྤྲོད་ཐུབ་ཀྱི་ཡོད་པ་ཙམ་མ་ཟད། བོད་མི་རིགས་ཀྱི་རིག་པའི་རྣམ་དཔྱོད་ཀྱི་ཚད་གཞི་མཐོ་བོ་དེ་དག་འཛམ་གླིང་སྟེང་གསལ་སྟོན་ཐུབ་ཀྱི་ཡོད། བོད་པའི་སྤྱི་ཚོགས་ནང་བོད་ཡིག་གི་ཤེས་ཚད་དམའ་རུ་འགྲོ་གི་ཡོད་པར་སེམས་འཚབ་ཆེན་པོ་ཡོད། ཡུ་རོབ་ནང་འཚར་ལོངས་བྱུང་བཞིན་པའི་གཞོན་སྐྱེས་ཚོར་བོད་ཀྱི་ཐུན་མིན་རིག་པའི་གཞུང་ལུགས་མཐའ་དག་ལ་བསླབ་པ་དོན་གཉེར་གྱི་གོ་སྐབས་འབུལ་མ་ཐུབ་ནའང༌། ཕ་མེས་ནས་ཡོད་པའི་བོད་ཀྱི་སྐད་ཡིག་ལ་སྦྱངས་པ་ཐོབ་ཆེད་མཐུན་རྐྱེན་བཟང་པོ་ཞིག་ངེས་པར་སྐྲུན་དགོས་པ་མཐོང༌། བོད་ཡིག་མི་ཤེས་མཁན་ཚོར་གནོན་ཤུགས་ཡོང་གི་ཡོད་པ་གཟིགས་ན་གནོན་ཤུགས་འགོག་པའི་ཐབས་ཤེས་ཤིག་བོད་ཡིག་མི་ཤེས་མཁན་རང་ངོས་ནས་ངེས་པར་འཚོལ་དགོས་པ་ཡིན། ཕན་པའི་གནོན་ཤུགས་ཡིན་ན་དགོངས་དཔྱད་དགོས་རྒྱུ་དང༌། ཕན་ཐོགས་མེད་པའི་གནོན་ཤུགས་ཡིན་ན་བཏང་སྙོམས་སུ་འཇོག་དགོས་སྙམ།

དྲི་བ། བོད་རིགས་ཚོགས་སྡེ་ཁག་ནི་གཞུང་འཛིན་གྱི་སྒྲིག་འཛུགས་ལ་མཐོང་གི་ཡོད། བོད་རིགས་ཚོགས་སྡེ་ཁག་དང་གཞུང་འབྲེལ་མིན་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་དབར་འབྲེལ་ལམ་ཐོག་ཁྱེད་ཀྱི་ལྟ་ཚུལ་གང་ཡོད།

ལན། བོད་རིགས་ཚོགས་སྡེ་ཁག་ནི་གཞུང་འབྲེལ་མིན་པའི་རང་དབང་ཅན་གྱི་སྡེ་ཚན་ཞིག་རེད། བོད་རིགས་ཚོགས་པ་ཁག་ནི་གཞུང་གི་སྟངས་འཛིན་འོག་ལ་ཡིན་པ་བཙན་བྱོལ་གཞུང་གིས་རྩ་བ་ནས་འདོད་ཀྱི་ཡོད་པ་མ་རེད། བོད་རིགས་ཚོགས་སྡེ་ཁག་དང་གཞུང་འབྲེལ་མིན་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གཉིས་ཀྱི་དབར་མ་འོངས་འབྲེལ་ལམ་གསར་པ་ཞིག་མཐུད་ཐུབ་ན་ཡག་པོ་རེད།

 

དྲི་བ། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་བྱེད་སྒོར་ཁྱེད་ཀྱི་ལྟ་ཚུལ་གང་ཡོད། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་དང་འབྲེལ་བ་དམ་ཟབ་ཡོང་ཆེད་ཁྱེད་ཀྱི་ལངས་ཕྱོགས་སམ་འཆར་གཞི་ངེས་གཏན་ཡོད་མེད་གསུང་ཐུབ་བམ།

 

ལན། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ནི་ཡུ་རོབ་ནང་གི་ཆབ་སྲིད་ཀྱི་འགན་འཁུར་བཞེས་མཁན་ལས་ཀྱི་སྣེ་མོ་བ་ཞིག་ཡིན་པས་གལ་འགངས་ཧ་ཅང་ཆེན་པོ་ཡིན། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ནས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་སྡིངས་ཆའི་སྟེང་ཆབ་སྲིད་ཀྱི་བྱེད་སྒོ་རྣམ་གཞག་མང་པོའི་ནང་ཐེས་ཇུས་དང་ལས་འགུལ་རྣམ་གྲངས་མང་པོའི་ནང་ཆ་ཤས་ལེན་པའི་ནུས་པ་ལྡན་ཡོད། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་དང་བཙན་བྱོལ་གཞུང་དབར་འབྲེལ་བ་གང་འཚམས་ཡག་པོ་ཡོད། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ནས་མཚམས་རེ་བོད་དོན་ལ་ཕྱི་གསལ་ནང་གསལ་གྱི་རྒྱབ་སྐྱོར་མངོན་གསལ་འདོད་པོ་ཐོབ་ཡོད་པ་དང༌། མཚམས་རེ་དོགས་གཞིའི་རང་བཞིན་ཡོང་གི་ཡོད་པས། གང་ལྟར་འབྲེལ་ལམ་དེ་དག་རྒྱུན་མཐུད་ནས་ཉར་དགོས། བོད་མིའི་སྤྱི་ཚོགས་ནང་གླེང་སློང་ཡང་ཡང་ཡོད་མུས་ཁར། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ནང་བོད་དོན་དམིགས་གསལ་སྐུ་ཚབ་ཞིག་ངེས་པར་བསྐོ་གཞག་ཐུབ་པར་ཕུགས་རྒྱང་རིང་བའི་འཆར་གཞི་ངེས་གཏན་ཞིག་འདིང་དགོས་པར་མོས་མཐུན་ཡོད། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་གཅིག་པོ་མ་ཡིན་པར། ཡུ་རོབ་ནང་གི་རྒྱལ་ཁབ་སོ་སོའི་གཞུང་འཛིན་ཚོགས་པ་དང༌། ཕྱོགས་འགལ་ཚོགས་པ། དེ་བཞིན་སྲིད་དོན་ཚོགས་པ་ཁག་སོ་སོ་དང་མཉམ་དུ་འབྲེལ་ལམ་གོང་སྤེལ་དགོས་པ་གལ་ཆེར་བརྩི་གི་ཡོད།

གསུམ་པ། བོད་པའི་སྤྱི་ཚོགས་དང་འབྲེལ་བའི་དྲི་བ།

དྲི་བ། བོད་རིགས་ཞིག་མི་རིགས་གཞན་དང་ཆང་ས་རྒྱག་པར་བསམ་ཚུལ་གང་ཡོད།

 

ལན། བོད་རིགས་ཞིག་མི་རིགས་གཞན་དང་ཆང་ས་རྒྱབ་པར་ལྟ་ཚུལ་ངན་པ་གང་ཡང་མེད་ནའང༌། བོད་མི་རིགས་ནི་འཛམ་གླིང་སའི་གོ་ལ་འདིའི་ནང་མི་རིགས་ཉུང་ཤོས་ཀྱི་གྲས་ཤིག་ཡིན་པ་ཚང་མས་མཁྱེན་གསལ་ལྟར། མི་རིགས་དེ་སྟོངས་ན་འཇིག་རྟེན་ཀུན་ལ་མཁོ་བའི་བོད་ཀྱི་ཐུན་མིན་པའི་ནང་དོན་རིག་པ་དེ་རང་བཞིན་གྱིས་ཉམས་དམས་སུ་འགྱུར། རིན་ཐང་ཅན་གྱི་བོད་ཀྱི་རིག་པའི་གཞུང་ལུགས་དེ་ཉམས་ན་འཇིག་རྟེན་ཀུན་ལ་གྱོང་གུན་ཆེན་པོ་ཡིན་པ་བརྗོད་མི་དགོས། བོད་རིགས་ཚོས་རང་གི་མི་རིགས་དང་མཉམ་གཉེན་སྒྲིག་ཐུབ་པར་འབད་དགོས། འབད་ནས་མ་འགྲུབ་ན་ཐབས་ཤེས་གཞན་མེད། དེ་ནི་ལས་རང་རེད། བོད་པའི་གནའ་བོའི་གཏམ་དཔེར། ལས་ལ་གང་བཀོད་མ་གཏོགས། །སྣང་བ་གང་དྲན་མི་འདུག །ཟེར་བར་རིག་པས་སྒྲུབ་རྒྱུ་འདུག་བསམ་གྱི་ཡོད།

དྲི་བ། བོད་པའི་སྤྱི་ཚོགས་ནང་རྟགས་མཚུངས་འཁྲིག་སྦྱོར་གྱིས་ཐད་ཁྱེད་ལ་བསམ་ཚུལ་གང་ཡོད། རྟགས་མཚུངས་འཁྲིག་སྦྱོར་དེ་འགྲིག་གི་ཡོད་དམ།

ལན། བོད་པའི་སྤྱི་ཚོགས་ནང་རྟགས་མཚུངས་འཁྲིག་སྦྱོར་མ་ཉུང་བ་ཞིག་གཏན་གཏན་ཡོད་སྲིད་པ་ཡིན། རྟགས་མཚུངས་འཁྲིག་སྦྱོར་ནི་སྒེར་སོ་སོའི་འདོད་པ་དང་འབྲེལ་བ་ཡོད་པས་འགྲིག་མིན་ང་ལ་ཞུ་ཡག་གང་ཡང་མེད། རྟགས་མཚུངས་འཁྲིག་སྦྱོར་མང་དྲགས་ན་བོད་མི་རིགས་རྫོགས་པར་ཕན་གྱི་ཡོད། ཁོ་བོ་ནི་རྟགས་མཚུངས་འཁྲིག་སྦྱོར་མིན་པས། རྟགས་མཚུངས་འཁྲིག་སྦྱོར་གཉིས་ལམ་དུ་འཁྱུད་འཐམ་སོགས་མཐོང་ན་མིག་སྣང་ལ་མི་བདེ་བ་རང་བཞིན་གྱིས་ཡོང་གི་འདུག

 

བཞི་པ། ཀུན་སློང་དང་འབྲེལ་བའི་འདྲི་བ་ཁག

དྲི་བ། ཡུ་རོབ་སྤྱི་འཐུས་སུ་ཞུགས་པའི་ཀུན་སློང་གང་ཡོད།

 

ལན། མི་ལུས་འདི་བོད་རིགས་སུ་བླངས་པས་བོད་དོན་ཆེད་ཞབས་འདེགས་ཞུ་དགོས་པ། ༢ ད་ལྟ་ལོ་ན་གཞོན་པའི་སྐབས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གཅིག་པོའི་ནང་ཞབས་འདེགས་ཞུ་བ་ཙམ་མ་ཡིན་པར་བཙན་བྱོལ་གཞུང་གི་ཆབ་སྲིད་ཀྱི་སྡིངས་ཆའི་སྟེང་ལངས་ནས་རང་ཉིད་ཀྱི་བོད་དོན་ལ་དམིགས་པའི་འཆར་གཞི། མི་མང་གི་བསམ་ཚུལ་ཁག་ལ་ཉམས་ཞིབ་ཀྱིས་བོད་མི་རིགས་ཀྱི་དོན་དུ་ཞབས་འདེགས་འགྲུབ་པའི་ཀུན་སློང་གཙོ་བོ་ཡིན།

དྲི་བ། ང་ཚོས་ཁྱེད་རང་ག་རེ་བྱེད་ནས་སྤྱི་འཐུས་སུ་འདེམས་དགོས།

ལན། ༡ ངས་བོད་དོན་ཆེད་དུས་ཚོད་གཏང་ཐུབ་པ། ༢ བོད་ཀྱི་ལོ་རྒྱུས་ཤེས་པ། ༣ བོད་མི་རིགས་ཀྱི་དྲང་བདེན་རྣམས་ཤེས་པས་རྒྱ་གཞུང་དང་རྩོད་ཐུབ་པའི་འདེང་སྤོབས་ཡོད་པ།༤ ཡུ་རོབ་ཀྱི་གྲོས་ཚོགས་མང་པོའི་ནང་བོད་དོན་གླེང་སློང་གི་ཉམས་མྱོང་ཡོད་པ་དེ་བེད་སྤྱོད་ཐུབ་པ། ༥ བོད་དོན་ཆེད་ལས་འགུལ་སྣ་མང་བརྩམ་ཐུབ་པ་སོགས་ཀྱི་ཁྱད་ཆོས་འདི་དག་རང་ཉིད་ལ་ལྡན་ཡོད་བསམ་གྱི་ཡོད། ཡུ་རོབ་ནང་གནས་བཞུགས་བོད་རིགས་སྤུན་ཟླ་ཚོས་ང་སྤྱི་འཐུས་སུ་འདེམས་པར་འོས་འཚམས་འདུག་དགོངས་ན་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། མེད་ན་ཞུ་རྒྱུ་གང་ཡང་མེད། ཐུགས་རྗེ་ཆེ། བོད་རྒྱལ་ལོ།། །།

མཐའ་མ། ཡུ་རོབ་བོད་རིགས་མཐུན་ཚོགས་ཀྱི་དྲི་བ་ཁག་ནི་ཕྱི་གསལ་ནང་གསལ་སྙིང་རྗེ་པོ་དང༌། ཚད་མཐོ་བོའི་དྲི་བ་ཁག་ཅིག་འདུག་པས་བསྔགས་བརྗོད་དང༌། རྗེས་སུ་ཡི་རངས་ཡོད། ཐུགས་རྗེ་ཆེ། ཧང་ག་རིར་གནས་འཁོད་སྤྱི་ཟུར་ཆོས་རྒྱལ་བསྟན་འཛིན་གྱིས་སྤྱི་ལོ་ ༢༠༡༠ ཟླ་ ༩ པར།

བཅར་འདྲི་འདི་སྤྱི་ཟུར་ཆོས་རྒྱལ་བསྟན་འཛིན་ལགས་ཀྱིས་འདི་གར་གནང་སོན་བྱུང་བས་དྲ་རྒྱར་བཀོད་པ་ཡིན།

 

 

 

 

 

 

 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།