བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་མང་གཙོ་ནི་ཕྱི་ཚུལ་གྱི་རྣམ་པ་ཞིག་རེད་དམ།

ཏུའུ་ཞིན་ཡུས་ཀྱིས་“ཏཱ་ལའི་རུ་ཚོགས་ཀྱི་མང་གཙོ་ནི་ཕྱི་མཛེས་ནང་སྟོང་ཙམ་རེད།”ཟེར་བ་དགག་ལན།
རྒྱ་རྡུང་ཚེ་དབང༌།

༼རྩོམ་ཡིག་འདི་བཞུགས་སྒར་རྡ་རམ་ས་ལར་བཞུགས་པའི་རྒྱ་རྡུང་ཚེ་དབང་ཞེས་པའི་སྨྱུག་འཛིན་པ་ཞིག་གིས། ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༦ ཚེས་ ༢ ཉིན་རྒྱ་ཡིག་ཐོག་བྲིས་ཏེ། དང་ཐོག་རྒྱལ་སྤྱིའི་རྒྱ་ཡིག་གི་དྲ་རྒྱ་ཆེ་ཤོས་པཱོ་ཞུན་དྲ་ངོས་སུ་སྤེལ་བ་དང༌།

དེ་ནས་དྲ་རྒྱ་མང་པོའི་ནང་འགོད་སྤེལ་བྱས་འདུག་པས། བོད་གཞུང་བདེ་སྲུང་བོད་གནས་ཉམས་ཞིབ་ཁང་གིས་ཕྱི་ལོ་ ༢༠༡༠ ལོའི་ཟླ་༨ ཚེས་༡༨ ཉིན་བོད་བསྒྱུར་བྱས་རྗེས་བཀའ་ཡིག་དྲུང་འཕར་བུ་རྫོང་ལྷ་མོ་ཚང་ཚེ་རིང་དབང་ཕྱུག་ལགས་ཀྱིས་ཞུ་བཅོས་གནང་བ་ཞིག་རེད་འདུག།༽

དེ་རིང་སྨྱུག་འཛིན་པ་ཁོ་བོས་པཱོ་ཞུན་དྲ་རྒྱ་ཕྱེ་སྐབས་“རྒྱ་ནག་པ་རྣམས་ཅིའི་དོན་དུ་རྫུན་གཏམ་བཤད་རྒྱུར་དགའ་བོ་ཡོད་པ་རེད་དམ་”ཞེས་པའི་རྩོམ་ཡིག་ཅིག་མཐོང་རྗེས། དེའི་ནང་ཚིག་གཅིག་ལ་སྤྲོ་སྣང་ཆེན་པོ་བྱུང་སོང༌། དེ་ཡང་ལོ་རྒྱུས་སྨྲ་བ་ཝུའུ་སི་ཡིས། “རྫུན་གཏམ་བཤད་པ་དང༌། ཁེ་བཟང་མང་བ། མ་གནས་ཆུང་བའི་ལོ་རྒྱུས་ཀྱི་ལམ་ལུགས་ཤིག་གི་ཁྲོད་དུ་གཞི་རྒྱ་ཆེ་བའི་རྫུན་གཏམ་བཤད་མཁན་ངེས་པར་དུ་ཡོང་གི་རེད། ཁོ་པ་ཚོས་རྫུན་གཏམ་བཟོས་ན། ང་ཚོས་ཀྱང་དེར་ཡིད་ཆེས་ཡོད་ཁུལ་བྱེད་ཀྱི་ཡོད།”ཅེས་གླེང་འདུག འདི་ལྟ་བུའི་གནས་ཚུལ་འོག་ཏུའུ་ཞིན་ཡུས་ཞེས་པའི་རྒྱ་ནག་དམར་གཞུང་གི་དྲིལ་བསྒྲགས་པ་ཞིག་གིས་ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༦ ཚེས་ ༡ ཉིན་ཀྲུང་གོའི་མི་རིགས་གསར་ཤོག་ཐོག “ཏཱ་ལའི་རུ་ཚོགས་ཀྱི་མང་གཙོ་ནི་ཕྱི་མཛེས་ནང་སྟོང་ཙམ་ཞིག་རེད་”ཟེར་བའི་རྩོམ་ཡིག་ཅིག་སྤེལ་ནས། མ་འཇོན་འཇོན་མདོག་ངང་རང་གི་སྦྱིན་བདག་རྒྱ་དམར་སྲིད་གཞུང་གི་འདོད་པར་བསྟུན་ཏེ། ྋགོང་ས་མཆོག་དང་བོད་གཞུང་ལ་མཚན་ཤས་དམའ་འབེབས་དང༌། རྒྱ་ནག་སྐམ་ས་ཆེན་མོའི་མི་མང་ལ་མགོ་རྨོངས་ཐབས་བྱས་འདུག སྟབས་ཉེས་པ་ཞིག་ལ། རྩོམ་ཡིག་འབྲི་མཁན་འདིས་གྲིབ་ནག་ཞགས་འཕེན་གྱི་དཔེ་ཇི་བཞིན་བོད་བཙན་བྱོལ་སྤྱི་ཚོགས་ཀྱི་མང་གཙོར་དམའ་འབེབས་གཏོང་སྐབས་ཁོ་པའི་བརྗོད་གཞིའི་ནང་གི་མི་སྣ་གལ་ཆེན་ཞིག་ཞྭ་དཔེ་ལྷམ་འགེབས་དང༌། རག་རྒན་གསེར་བརྫུས་བྱས་རྐྱེན། མི་གཞན་གྱི་འཕྱ་སྨོད་བཞད་གད་སློང་བའི་གནས་སུ་ལྷུངས་པ་རེད།

དེ་ཡང་ཏུའུ་ཞིན་ཡུས་ཀྱི་རྩོམ་ཡིག་དེའི་ནང༌། “མང་གཙོའི་སྲིད་གཞུང་གང་འདྲ་ཞིག་ཡིན་ཀྱང༌། ཆབ་སྲིད་ཀྱི་མནར་གཅོད་དང་ཆབ་སྲིད་ཀྱི་ལྐོག་གསོད་བཅས་ལ་ངོས་ལེན་བྱེད་མཁན་ཡོད་པ་མ་རེད། ཡིན་ནའང་བྱེད་ཐབས་འདི་དག་ཏཱ་ལའི་རུ་ཚོགས་ལ་མཚོན་ན་རྒྱུན་དུ་མཐོང་རྒྱུ་ཡོད་པའི་ཡ་མི་མཚར་བའི་དོན་ཞིག་རེད། ཆབ་སྲིད་ཀྱི་ལྟ་བ་མི་མཐུན་པའི་དབང་གིས་རྡོ་རྗེ་ཤུགས་ལྡན་༼དོད་རྒྱལ་༽གྱི་རྗེས་འབྲང་བ་རྣམས་ལ་ཆོས་ལུགས་ཀྱི་མནར་གཅོད་གཏོང་ཐབས་ལག་བསྟར་བྱེད་ཀྱི་ཡོད། འདི་ནི་ཏཱ་ལའི་རུ་ཚོགས་ཀྱིས་མནར་གཅོད་བྱེད་ཐབས་ལ་བརྟེན་ནས་ཁ་གཏད་བྱེད་མཁན་རྣམས་ལ་རྡུང་རྡེག་གི་བྱ་སྤྱོད་ཁྲོད་རྒྱལ་སྤྱིའི་སྟེང་ཤུགས་རྐྱེན་ཅུང་ཆེན་པོ་ཐེབས་ཡོད་པའི་དཔེ་མཚོན་ཞིག་རེད། ཏཱ་ལའི་རུ་ཚོགས་ཀྱིས་སོ་སོའི་ཆབ་སྲིད་ཀྱི་ལྟ་ཚུལ་མི་མཐུན་པའི་དགྲ་བོ་རྣམས་ལ་རྡུང་རྡེག་གཏོང་སྐབས་དེས་བས་ཀྱང་ཐབས་འཕྲུལ་སྡུག་རིགས་སྡུག་ཚད་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་དཔེར་ན། འཇར་པན་དུ་གནས་སྡོད་བྱེད་པའི་བོད་རིག་པ་བ་ཞིག་གི་རྩོམ་ཡིག་ནང་དུ་ཏཱ་ལའི་བླ་མར་སྐྱོན་བརྗོད་བྱེད་ཀྱི་འདུག་ཅེས་མི་དེར་གདོང་ལ་སྣག་ཚ་གཤོ་བ་དང་མཆིལ་མ་འདོར་བ་སོགས་ཀྱི་བརྙས་བཅོས་བྱས་པ་དང༌། ཁོའི་བུ་མོ་བཙན་བྱོལ་གཞུང་གི་ལས་བྱེད་ཡིན་བཞིན་དུ་ཐད་ཀར་མི་གཏའ་རུ་བཀག་སྐྱིལ་བྱས།”ཞེས་སོགས་བཤད་འདུག་པ་དེ་དག་ནི།  ཞྭ་དཔེ་ལྷམ་འགེབས་དང༌། རྟ་གཡག་མགོ་འབྲེལ་གྱི་མི་བདེན་རྫུན་སྒྲིག་གིས་འཆལ་གཏམ་འབའ་ཞིག་ལས་མ་འདས།

དོན་དངོས་ཐོག་ཏུའུ་ཞིན་ཡུས་ཀྱིས་བཤད་པའི་འཇར་པན་དུ་གནས་སྡོད་བྱེད་པའི་བོད་རིག་པ་བ་དེ་དང༌། མི་དེའི་གདོང་ལ་སྣག་ཚ་དང་མཆིལ་མ་འདོར་བ། ཁོ་པའི་བུ་མོ་བོད་གཞུང་གིས་མི་གཏའ་རུ་བཀག་ཉར་བྱས་པ་རེད་ཟེར་བ་སོགས་ནི་ཕན་ཚུན་འབྲེལ་བ་རྩ་བ་ནས་མེད་པའི་གནད་དོན་ཐ་དད་རེད། གནས་ཚུལ་ངོ་མ་ནི། ཕྱི་ལོ་ ༡༩༨༨ ལོར་འཇར་པན་དུ་གནས་སྡོད་བྱས་པའི་བོད་རིག་པ་བ་ཁང་དཀར་ཚུལ་ཁྲིམས་ཞེས་པས་བོད་ཡིག་ཐོག་<<ཚུར་མཐོང་སྐྱེ་བོར་སྣང་ཚུལ་མ་བཅོས་ལྷུག་པར་བཀོད་པའི་རྒྱ་གར་གྱི་ནང་པའི་ལྟ་གྲུབ་ཆོས་འབྱུང་>>ཞེས་པའི་དེབ་ཅིག་རྩོམ་སྒྲིག་བྱས་པ་རེད། དེབ་དེའི་སྟོད་ཆའི་མཇུག་བྱང་ནང་དུ།  “གནའ་རབས་ཆོས་འབྱུང་གངས་ལྗོངས་སྐད་ཡིག་ཏུ། །འཆད་པར་ནུས་པ་དེང་འདིར་ཁོ་བོ་ཙམ། ཀྱེ་མ་ཚད་ལྡན་མཁས་པ་ཕལ་ཆེར་གཤེགས། །གཞན་མགོ་བསྐོར་ལ་བྱང་རྣམས་བསྟན་འཛིན་གྲགས།” ཞེས་བྲིས་ཡོད་པ་དེར།  ཁོང་གི་དེའི་སྔའི་སློབ་གྲོགས་ཁག་ཅིག་གིས་ཕྲག་དོག་དང་ཡིད་མ་རང་བ་བྱས་སྟེ། ཁོང་གི་སྐད་ཆ་དེས་ནང་ཆོས་ཀྱི་རྩ་བའི་བླ་མ་ལ་དམའ་འབེབས་བཏང་སྟེ། རང་ཉིད་ལ་ཆེ་མཐོང་བཟོ་ཐབས་བྱེད་ཀྱི་ཡོད་པ་རེད་ཅེས་དང༌།  རང་ཉིད་ཆེ་རློམ་དང༌། མིག་ལམ་དུ་སུ་ཡང་མེད་པ་ཞིག་རེད། ཅེས་བཤད་དེ་མཐའ་མཇུག་ཁོ་ཚོས་ཁང་དཀར་ཚུལ་ཁྲིམས་བོད་བཙན་བྱོལ་གཞུང་སྤྱི་འཐུས་ལྷན་ཁང་དུ་ཞུ་གཏུག་བྱས་པ་རེད། ཡིན་ནའང་བོད་བཙན་བྱོལ་གཞུང་ནི་གཏམ་བརྗོད་རང་དབང་ལ་བརྩི་སྲུང་བྱེད་མཁན་གྱི་མང་གཙོའི་གཞུང་ཞིག་ཡིན་སྟབས། དོན་དེར་རྩོད་གླེང་ཐེངས་གཅིག་བྱས་ཏེ་འདི་བྱས་འདི་ཡིན་མེད་པར་རང་སོར་འཁོད། ཕྱི་ལོ་ ༡༩༩༦ ལོར་རྡ་རམ་ས་ལ་ཉེ་འདབས་སུ་རྟེན་གཞི་གནང་བའི་དཔལ་རྒྱུད་སྟོད་གྲྭ་ཚང་གི་འདུ་ཁང་ལེགས་འགྲུབ་ཀྱི་རབ་གནས་མཛད་སྒོའི་སྟེང༌། ྋགོང་ས་མཆོག་གིས་དགོན་པ་དེའི་དགེ་འདུན་པས་གཙོ་བོ་གནང་བའི་བོད་གཞུང་གི་མཛད་གཙོ་རྣམ་པ་དང༌། སེར་སྐྱ་མི་མང་ཡོངས་ལ་གསང་བ་འདུས་པའི་དབང་གནང་སྐབས། ཁང་དཀར་ཚུལ་ཁྲིམས་གཙོས་ཁོང་དང་ལྷན་དུ་ཕེབས་པའི་འཇར་པན་དབྱངས་ཅན་མའི་ཆོས་ཚོགས་ཀྱི་སྦྱིན་བདག་རྣམས་ལ་མཇལ་ཁ་གནང་བ་མ་ཟད། ད་དུང་འདུས་མང་གི་དཀྱིལ་དུ་ཁོང་ལ་མུ་མཐུད་བོད་དང་རྒྱ་གར་གྱི་ཆོས་འབྱུང་ལ་དངོས་ཡོད་གནས་ཚུལ་ཐོག་བློ་གཟུ་བོར་གནས་པའི་ཞིབ་འཇུག་བྱེད་དགོས་ཞེས་སྐུལ་ལྕགས་ཀྱི་བཀའ་སློབ་ཀྱང་སྩལ་གནང་སོང༌། སྐབས་དེར་སྨྱུག་འཛིན་པ་ཁོ་བོ་ཡང་གནས་དེར་བསྡད་ཡོད། དེར་བརྟེན་འགོ་ནས་མཇུག་བར་དུ་ཏུའུ་ཞིན་ཡུས་ཀྱི་བཤད་པ་ལྟར་མི་དེར་གདོང་ལ་སྣག་ཚ་གཤོ་བ་དང་མཆིལ་མ་འདོར་བ་སོགས་ཀྱི་བརྙས་བཅོས་བྱས་པ་དང༌། ཁོའི་བུ་མོ་བཙན་བྱོལ་གཞུང་གི་ལས་བྱེད་ཡིན་བཞིན་དུ་ཐད་ཀར་མི་གཏའ་རུ་བཀག་སྐྱིལ་བྱས་པ་ཟེར་བ་དེ་ལྟ་བུ་གཏན་ནས་བྱུང་མྱོང་ཡོད་པ་མ་རེད།

ཏུའུ་ཞིན་ཡུས་ཀྱིས་བཤད་པའི་གདོང་ལ་སྣག་ཚ་དང་མཆིལ་མ་འདོར་བ་དང༌། ཁོའི་བུ་མོ་བཙན་བྱོལ་གཞུང་གིས་མི་གཏའ་རུ་བཀག་སྐྱིལ་བྱས་ཟེར་བ་ནི། དོན་དངོས་ཐོག་ཁང་དཀར་ཚུལ་ཁྲིམས་མ་ཡིན་ཞིང༌། དེ་ནི་མི་གཞན་ཞིག་གི་སྒྲུང་ཞིག་ཡིན་པས། འདིའི་སྐོར་ཁོ་བོས་གཤམ་དུ་གསལ་པོ་གླེང་བར་འདོད།
དེ་ཡང༌། ཕྱི་ལོ་ ༡༩༩༠ ལོའི་ཟླ་ ༧ ཚེས་ ༣༡ ཉིན་རྡ་རམ་ས་ལའི་བཙན་བྱོལ་བོད་གཞུང་གི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་ལས་བྱེད་སྡོད་ཤག་ཅིག་གི་ནང་མིང་ལ་བདེ་སྐྱིད་ཅེས་པའི་བུད་མེད་ཅིག་བསྡད་ཡོད་པ་དང༌། བདེ་སྐྱིད་ཀྱི་ཕ་མིང་ལ་ཨ་ལོ་ཆོས་མཛད་ཅེས་འབོད། ཁོ་པ་ནི་དེ་སྔོན་རྒྱ་དམར་གཞུང་ལ་ངོ་རྒོལ་བྱས་ཏེ་མི་མང་འཐུས་མི་བྱས་མྱོང་བའི་བོད་མི་ཞིག་ཡིན་པ་དང༌། ཁོང་འཕགས་ཡུལ་དུ་བཙན་བྱོལ་ལ་སླེབས་རྗེས་རྒྱ་གར་ལྷོ་ཕྱོགས་ཀྱི་བོད་མིའི་ལུགས་བསམ་གཞིས་ཆགས་སུ་གནས་འཁོད་དེ་༼མ་ཀན་ནམ་ཨ་ཤོམ་༽མ་རྨོས་པའི་ལོ་ཏོག་བཙོངས་ནས་འཚོ་བ་བསྐྱལ། རྗེས་སུ་ཁོང་དང་མཉམ་གཞིས་ཆགས་མཉམ་སྦྲེལ་གྱིས་མ་རྨོས་ལོ་ཏོག་གི་ལས་སྣོན་བཟོ་གྲྭ་ཞིག་གསར་འཛུགས་བྱས། དང་ཐོག་ཁོང་ཚོའི་ཚོང་ཡག་པོ་བྱུང་ཡོད་ཀྱང་རྗེས་སུ་མ་རྨོས་ལོ་ཏོག་ཐོན་ལེགས་བྱུང་སྐབས། ཚོང་ཡག་པོ་མེད་པའི་དབང་གིས་ལོ་ཏོག་རྣམས་མཛོད་ཁང་དུ་ཉར་དགོས་བྱུང༌། རྒྱ་གར་ལྷོ་ཕྱོགས་ཀྱི་གནམ་གཤིས་དྲོ་ཞིང་རླན་ཚད་མཐོ་བས་མ་རྨོས་པའི་ལོ་ཏོག་རྣམས་འབུས་ཟས་ཏེ་རུལ་བསླད་དུ་སོང༌། དེ་ལྟར་བསྟུད་མར་ལོ་འགའི་རིང་རྐྱེན་ངན་བྱུང་རྗེས་ཁོ་ཚོའི་བཟོ་གྲྭའི་མ་རྩ་རྡིབ་ནས་སྒོ་བརྒྱབ་དགོས་བྱུང་བ་མ་ཟད། ད་དུང་བུ་ལོན་མང་པོ་ཆད་ཡོད་རྐྱེན་བུ་ལོན་འཇལ་བའི་དོན་དུ་ཨ་ལོ་ཆོས་མཛད་དང་གཞིས་ཆགས་མཉམ་སྦྲེལ་དབར་འགལ་ཟླ་བྱུང་སྟེ་རིམ་གྱིས་ཚབས་ཆེ་རུ་སོང༌། མཇུག་མཐར་ཨ་ལོ་ཆོས་མཛད་འུ་ཐུག་ཐབས་ཟད་ཀྱི་གནས་སྟངས་འོག་བོད་ལ་ལོག་པ་རེད།

ཨ་ལོ་ཆོས་མཛད་བོད་ནང་དུ་སླེབས་རྗེས་ཁོའི་གནས་སྟངས་བཙན་བྱོལ་སྤྱི་ཚོགས་ལས་ལྷག་པ་གང་ཡང་བྱུང་མེད། དང་ཐོག་བོད་རང་སྐྱོང་ལྗོངས་འཐབ་ཕྱོགས་གཅིག་བསྒྲིལ་ལས་ཁུངས་ནས་ཁོ་པ་སླུ་བྲིད་བྱེད་ཆེད་སྣེ་ལེན་ཚད་མཐོན་པོ་ཞུས་ཏེ། སྡོད་གནས་དང་ཟ་ས་ཐམས་ཅད་རང་སྐྱོང་ལྗོངས་ཀྱི་མགྲོན་ཁང་ནང་རེད། ཡིན་ནའང་ཨ་ལོ་ཆོས་མཛད་ཀྱིས་རྒྱ་དམར་གཞུང་གི་ཕུགས་ཀྱི་དམིགས་ཡུལ་ཅི་ཡིན་མགོ་མ་འཚོས་པར། སྐབས་ཤིག་འཐབ་ཕྱོགས་གཅིག་བསྒྲིལ་ལས་ཁུངས་ཀྱིས་གཙོ་སྐྱོང་བྱས་པའི་ཚོགས་འདུ་ཐོག ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་མི་དམངས་འཐུས་མི་དང་སྲིད་གྲོས་ཨུ་ཡོན་རྣམས་འདུ་འཛོམས་བྱས་པའི་སར། ཨ་ལོ་ཆོས་མཛད་དུས་ཡུན་རིང་པོར་ཕྱི་རྒྱལ་དུ་ཡུལ་གྱར་ནས་བསྡད་པ་དང༌། ད་ལྟ་ཁོ་པ་མེས་རྒྱལ་ནང་ཁུལ་དུ་ལོག་ཡོང་བ་དེའི་ཐད། ཁོང་ལ་འཚོར་སྣང་ཅི་ཡོད་ཅེས་དྲིས་སྐབས་ཁོ་པས། ང་ཡུལ་གྱར་དུ་སྡོད་སྐབས་ཉི་མ་རྟག་པར་དཀོན་མཆོག་གསུམ་ལ་དོན་དག་གསུམ་གྱི་ཐད་སྨོན་ལམ་འདེབས་ཀྱི་ཡོད། དང་པོ། བོད་ལ་མྱུར་དུ་རང་བཙན་ཐོབ་པ་ཤོག་ཅེས་གསོལ་བ་འདེབས་ཀྱི་ཡོད།  ཡིན་ནའང་འདིར་བལྟས་ན་རེ་བ་མི་འདུག གཉིས་པ། བོད་དུ་ལོགས་རྒྱུ་དེ་ཡིན། འདི་ད་ལྟ་འདོད་པ་ལྟར་འགྲུབ་སོང༌། གསུམ་པ། སངས་རྒྱས་ཀྱི་བསྟན་པ་དར་བ་ཤོག་ཅེས་གསོལ་བ་འདེབས་པ་འདི་རེད། འདིའི་ཐད་རྒྱལ་ཁབ་ཀྱིས་ཆོས་དད་རང་མོས་ཀྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་འདུག་པས། དེ་ཡང་འདོད་པ་ལྟར་འགྲུབ་པ་རེད་ཟེར་བཤད་ཆོག་ཅེས་གཏམ་བཤད་བྱས་ཡོད་སྟབས། ཁོའི་སྐད་ཆ་འདི་ཏག་ཏག་རྒྱ་དམར་གཞུང་གི་དྲིལ་བསྒྲགས་བྱ་རྒྱུའི་དགོས་དབང་དང་མཐུན་གྱི་ཡོད་པར་བརྟེན། རྒྱ་དམར་གཞུང་གིས་གསར་འགྱུར་བརྒྱུད་ལམ་ཁག་གིས་ཁོ་པའི་སྐད་ཆ་འདི་དག་སྟེང་ད་དུང་ཁ་སྣོན་བཟོ་བཅོས་གང་འོས་བྱས་རྗེས། དུས་ཡུན་གང་འཚམས་ཤིག་གི་ནང་རྒྱ་དམར་གཞུང་གི་གཞུང་གཉེར་གསར་འགྱུར་བརྒྱུད་ལམ་ཡོད་ཚད་ཀྱིས་བེད་སྤྱོད་བྱས་ཏེ། ཡང་སྐོར་བསྐྱར་སྐོར་གྱིས་བོད་ཕྱི་ནང་དུ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ཟེར་བ་བཏང་བ་རེད།

དུས་དེ་ནས་བཟུང་བོད་མི་ཡོད་ཚད་ཀྱིས་ཨ་ལོ་ཆོས་མཛད་ལ་སྡང་མིག་ལྟ་བ་དང༌། ཐ་ན་ཁོ་པའི་ཕ་མ་གཅིག་གི་ཨ་ལྕག་ངོ་མས་ཀྱང་ཁོ་པར་ཕྱག་མ་ལག་འཁྱེར་ཞེས་ཁ་རྡུང་བཏང་བ་དང་སྦྲགས་ཁོ་མོའི་ནང་དུ་འོང་འཇུག་མེད་པ་རེད། རྒྱ་དམར་གཞུང་གིས་ཁོ་པར་སྡོད་ཁང་ཞིག་སྤྲད་ཡོད་པ་དེར་བོད་མི་རྣམས་ཀྱིས་“མགོ་བཏགས་ཁང་གསར་”ཞེས་མིང་བཏགས་ཏེ་ཨ་ལོ་ཆོས་མཛད་སྔ་དགོང་བར་སྐོར་དུ་འཆམ་འཆམ་དུ་འགྲོ་སྐབས་རྟག་ཏུ་བོད་མི་རྣམས་ཀྱིས་ཁོ་ལ་མཆིལ་མ་འདོར་བ་དང་ཡང་ན་སྡང་མིག་ལྟ་མཁན་ཡོད་པ་མ་ཟད། ཐ་ན་བོད་མིའི་ཞབས་འདྲེན་པ་ཞེས་གདོང་ལ་ལྟོས་ཏེ་གཤེ་གཤེ་གཏོང་མཁན་ཡང་དངོས་སུ་ཡོང་གི་ཡོད་པས། དངོས་གནས་ཙི་ཙི་རྒྱ་ལམ་དུ་རྒྱུག་ན། ཚོང་མས་གསོད་གསོད་ཟེར་བའི་དཔེ་ལྟར་ཆགས། འདི་ལྟ་བུའི་མིའི་ཁ་རྡུང་འོག་མི་ཚེ་འཁྱོལ་ཐབས་མེད་པས། སྐབས་དེར་ཁོ་པ་འུ་ཐུག་ནས་གྲོང་མི་ཨུ་ཡོན་ལྷན་ཁང་ལ་བསྐྱོད་དེ་བདེ་སྡུག་ཞུས་ཀྱང༌། ཁ་ཡ་བྱེད་མཁན་མ་བྱུང་བས དེ་ནས་ལྗོངས་འཐབ་ཕྱོགས་གཅིག་བསྒྲིལ་ལས་ཁུངས་དུ་སོང་ཡང་ཁ་སྙན་ཚིག་འཇམ་གྱིས་མགོ་སྐོར་ཏེ་དོན་དུ་ཁ་ཡ་རྒྱུག་མཁན་མ་བྱུང༌། གང་ལྟར་བེད་སྤྱོད་བྱས་རྗེས་ཁ་ཡ་བྱེད་མཁན་མེད་པའི་མྱོང་ཚོར་ཟབ་མོ་ཞིག་སླེབས།  མི་ཚེ་གང་བོར་དཀའ་སྡུག་མྱོང་བའི་རྒན་འཁོགས་གཅིག་གི་སེམས་ནང་གི་བདེ་སྡུག་གི་སྐད་ཆ་ཤོད་ས་མེད་པར༌། གྲོགས་མེད་གཅིག་པུར་ཁེར་རྐྱང་དུ་ལུས། བསམ་བློ་ཕར་བཏང་ཚུར་བཏང་རྗེས། རང་ཉིད་ཀྱི་ཤ་ཁྲག་ལས་བྱུང་བའི་བུ་དང་བུ་མོ་ལ་ཅི་ནས་ཀྱང་བློས་ཁེལ་བ་འདུག་སྙམ་སྟེ། ཡང་བསྐྱར་ལྗོངས་འཐབ་ཕྱོགས་གཅིག་བསྒྲིལ་ལས་ཁུངས་དུ་བསྐྱོད་དེ་ཡ་མེད་ཁྲེལ་བཙོང་གིས་ཕྱིར་བསྐྱོད་ལག་འཁྱེར་བཟོ་ཐབས་བྱས་མཐར་སླར་ཡང་རྒྱ་གར་དུ་ཡོང་སྟེ་རང་གི་བོུ་དང་མཉམ་འཛོམས་བྱུང༌།

ཨ་ལོ་ཆོས་མཛད་རྡ་རམ་ས་ལར་སླེབས་ཏེ་ཅུང་མ་འགོར་བར། བཙན་བྱོལ་བོད་མི་རྣམས་ཀྱིས་རྟག་ཏུ་རྒྱ་དམར་གཞུང་གི་རླུང་འཕྲིན་ནང་ནས་ཁོ་པའི་སྐད་ཆ་བེད་སྤྱོད་བྱས་ཏེ། བཙན་བྱོལ་གཞུང་དང་ྋགོང་ས་མཆོག་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་ཤེས་ཀྱི་ཡོད་སྟབས། བཙན་བྱོལ་བོད་མི་རྣམས་ཀྱང་ཁོ་པར་མ་དགའ་བ་ཆགས་ཏེ་མཐོང་མི་འདོད་པར་གྱུར། ཨ་ལོ་ཆོས་མཛད་རང་གི་བུ་མོ་ནང་ལ་སླེབས་ཏེ་ཡུན་རིང་མ་སོང་བའི་ཉིན་ཅིག དེ་ཡང་ཕྱི་ལོ་ ༡༩༩༠ ལོའི་ཟླ་ ༧ ཚེས་ ༣༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ བའི་ཡས་མས་སུ་ཁོ་སྡོད་ས་བུ་མོའི་ལས་ཤག་གི་སྒོ་ཁ་རུ་བུད་མེད་དར་མ་ཧ་ལམ་སུམ་ཅུ་ལྷག་སླེབས་ནས་སྐད་སྒྲ་འུ་འུར་བྱས་བསྒྲགས། ཁོང་ཚོས་སྐད་ཤུགས་ཆེན་པོའི་ངང༌། ཨ་ལོ་ཆོས་མཛད་ཕྱིར་གདོན་ནས་གནད་དོན་ཁག་ཅིག་ལ་འགྲེལ་བཤད་རྒྱག་དགོས་ཟེར། སྐབས་དེར་བུ་མོ་བདེ་སྐྱིད་སྒོ་ཕྱིར་ཐོན་ཏེ་ཁོང་ཚོར་བཤད་དོན།  ངའི་པཱ་ལགས་འདིར་བཞུགས་མེད། ཁོང་འདིའི་ཉེ་འགྲམ་གྱི་རྒྱ་གར་མགྲོན་ཁང་ཞིག་ཏུ་བཞུགས་ཡོད་ཅེས་བཤད་ཀྱང་བུད་མེད་དེ་ཚོ་ཡིད་མ་ཆེས་པར་ཁྱིམ་ནང་དུ་བལྟས་རྗེས་གཞི་ནས་དེ་བདེན་པ་ཡིན་པ་ཤེས། བུ་མོ་བདེ་སྐྱིད་ཀྱིས་གནད་དོན་ལྷག་སྲིད་པར་དོགས་ནས་བཙན་བྱོལ་གཞུང་གི་བདེ་སྲུང་ལས་ཁུངས་དང་རྒྱ་གར་གྱི་ཉེན་རྟོག་ལས་ཁུངས་བཅས་སུ་ཁ་པར་བཏང་སྟེ་མོའི་ཕ་ལ་སྲུང་སྐྱོབ་བྱེད་དགོས་པའི་རེ་བ་ཞུས།

ཆུ་ཚོད་གཅིག་ཡས་མས་ཀྱི་རྗེས་སུ་ཨ་ལོ་ཆོས་མཛད་ལ་བདེ་སྲུང་ལས་བྱེད་གཉིས་ཀྱིས་རོགས་པ་བྱས་ཏེ་བདེ་སྲུང་ལས་ཁུངས་ཀྱི་སྒོ་འགྲམ་དུ་མ་སླེབས་མཚམས། བུད་མེད་དེ་དག་གིས་མཐོང་མ་ཐག་བདེ་སྲུང་ལས་བྱེད་ཀྱིས་བཀག་སྡོམ་བསླབ་བྱ་ག་ཚོད་བྱས་ཀྱང་དེ་ལ་མ་ཉན་པར་གློ་བུར་དུ་ཨ་ལོ་ཆོས་མཛད་མཐའ་ནས་བསྐོར། དེ་ནས་བེུད་ཁག་གཅིག་གིས་སྐད་ཤུགས་ཆེན་པོས་རྒྱ་དམར་གཞུང་ལ་མགོ་འདོགས་དགོས་དོན་དང༌། ྋགོང་ས་མཆོག་ལ་ལུག་ལྤགས་གྱོན་པའི་སྤྱང་ཀི་ཟེར་དགོས་པའི་རྒྱུ་མཚན་ཅི་ཡིན་དྲིས། ཁོས་སྐད་ཆ་དེ་ལྟ་བུ་བཤད་མྱོང་མེད་སྐོར་ཡང་ཡང་བཤད་ནས་དེ་དག་ནི་རྒྱ་དམར་གཞུང་གི་རླུང་འཕྲིན་ཁང་གིས་རྫུན་བཟོ་བྱས་པ་ཡིན་པ་འགྲེལ་བཤད་བྱས་ཀྱང་ཕན་ཐོགས་མ་བྱུང༌། བུད་མེད་དེ་དག་གིས་ཁོའི་གདོང་ལ་མཆིལ་མ་འདོར་བ་དང༌། ནང་རུལ་པ་ཞེས་གཤེ་གཤེ་བཏང༌། སྐབས་དེར་མི་ཚོགས་དཀྱིལ་ནས་ཉེ་དུས་རང་བོད་ནས་རྒྱ་གར་དུ་གཉེན་ཉེ་ལ་ཐུག་འཕྲད་ཡོང་བའི་བུད་མེད་གཅིག་གིས་གང་ཡིན་འདི་ཡིན་མེད་པར་ཧ་ཡང་མཐིལ་གྱི་དུ་ནག་སྤར་བ་གང་ཨ་ལོ་ཆོས་མཛད་ཀྱི་གདོང་ལ་བྱུག་མཐར། དེར་འདུས་བེུད་རྣམས་ཀྱིས་འར་ཆ་དང་འུར་སྒྲས་ཁེངས། མཚམས་འདིར་རྒྱ་གར་གྱི་ཉེན་རྟོག་པ་སླེབས་ཏེ་གཞི་ནས་བུད་མེད་དེ་དག་ཕྱིར་འབུད་བཏང་བ་དང༌། ཨ་ལོ་ཆོས་མཛད་ཀྱང་བདེ་སྲུང་ལས་བྱེད་པའི་རོགས་སྐྱོར་འོག་ཁོ་པའི་བུ་མོའི་ཁྱིམ་དུ་བསྐྱལ། སྐབས་དེར་སྨྱུག་འཛིན་པ་ཁོ་བོ་ཡང་ས་གནས་འདིར་ཡོད་པས་གནས་ཚུལ་འདིའི་བརྒྱུད་རིམ་ཆ་ཚང་དངོས་སུ་མཐོང༌། གནད་དོན་དེ་བྱུང་རྗེས་བཙན་བྱོལ་བོད་གཞུང་གིས་ཨ་ལོ་ཆོས་མཛད་དང་ཁོ་པའི་བོུའི་ནང་མི་ཆ་ཚང་ལ་རོགས་རམ་བྱས་ཏེ་ཨོ་སི་ཀྲོ་རི་ལི་ཡ་རུ་གནས་སྤོ་རུ་བཅུག་པ་རེད། ཨ་ལོ་ཆོས་མཛད་ཀྱི་བོུའི་མག་པ་ནི་ཨོ་སི་ཀྲོ་རི་ལི་ཡར་ཡོད་པའི་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་རེད། དེས་ན། ཏུའུ་ཞིན་ཡུས་ཀྱིས་བཤད་པ་ལྟར་ཁོའི་བུ་མོ་བོད་བཙན་བྱོལ་གཞུང་གི་ལས་བྱེད་ཡིན་སྟབས་མོ་ཐད་ཀར་ཕྱི་རྒྱལ་དུ་མ་བཏང་བར་བཀག་སྐྱིལ་བྱས་པ་ཟེར་བའི་རྫུན་རྐུབ་རྡོལ་བ་རེད།

རང་ཚོད་ཟིན་མ་ཐུབ་པའི་མི་མང་ཁག་གཅིག་གི་བྱ་སྤྱོད་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་མང་གཙོ་དང་འབྲེལ་བ་མེད། རྒྱ་དམར་གཞུང་གིས་བོད་ནང་དུ་རིག་གནས་གསར་བརྗེ་གཙོས་པའི་ཆབ་སྲིད་ཀྱི་ལས་འགུལ་རབ་དང་རིམ་པ་སྤེལ་ཏེ། ཞྭ་མོ་མཐོན་པོ་གཡོགས་པ་དང༌། གདོང་ལ་ཚོན་མདོག་དམར་ནག་སྣ་ཚོགས་བྱུག་པ། མཆིལ་མ་འདོར་བ། ཁྲོམ་སྟོན་བྱེད་པ། ཐ་ན་རྡུང་རྡེག་བཏང་སྟེ་དབང་བོ་སྐྱོན་ཅན་བཟོས་པ་སོགས་དང་བསྡུར་ཚེ་དངོས་གནས་སྦལ་བ་མཐོང་དུས་ལྕོང་མོ་སངས་རྒྱས་སུ་སྣང་བ་ལྟར་རེད། དེར་བརྟེན་གོང་སྨྲས་ཀྱི་བེུད་ཁག་ཅིག་གི་བྱས་འཛོལ་ལ་དེ་ལྟ་བུའི་ཧ་ལས་དགོས་དོན་གང་ཡང་མེད།

འདིར་ད་དུང་གསལ་བཤད་བྱེད་དགོས་པ་ཞིག་ནི། ཏུའུ་ཞིན་ཡུས་ཀྱིས་ཕར་བཤུས་ཚུར་བཤུས་དང་གཅིག་དཔེ་བརྒྱ་འགེབས་ཀྱིས་“ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་དང་བླ་བྲང་ས་ཁུལ་གྱི་འགོ་གཙོ་གུང་ཐང་ཚུལ་ཁྲིམས་སོགས་བཙན་བྱོལ་བོད་མི་ཁག་གཅིག་གིས་ཏཱ་ལའི་བླ་མར་བརྩི་བཀུར་མ་ཞུས་པས། ཏཱ་ལའི་རུ་ཚོགས་ཀྱིས་ཁོང་ཚོར་རོགས་དངུལ་མ་སྤྲད་པ་དང༌། ཁོང་ཚོའི་བུ་ཕྲུག་ཚོ་བཙན་བྱོལ་གཞུང་གི་སློབ་གྲྭར་ཞུགས་མི་ཆོག་པ་སོགས་བྱེད་ཐབས་ལ་བརྟེན་ནས་བཙན་གནོན་བྱས་པ་ཟེར་བ་དང༌།  དུས་རབས་སྔོན་མའི་ལོ་རབས་བདུན་ཅུའི་དཀྱིལ་དུ་ཏཱ་ལའི་རུ་ཚོགས་ཀྱིས་མི་སྣ་མངགས་ཏེ་གུང་ཐང་ཚུལ་ཁྲིམས་ལྐོག་གསོད་བྱས་པ་རེད་ཟེར་བ། དེ་སྔོན་དྲག་ཤུགས་ལ་བརྟེན་ནས་ཏཱ་ལའི་རུ་ཚོགས་ལ་རྒྱབ་སྐྱོར་བྱས་མྱོང་པའི་ཆུ་བཞི་སྒང་དྲུག་བསྟན་སྲུང་དམག་གི་འགོ་པ་ལི་ཐང་ཨ་ཐར་ཞེས་པ་རྗེས་སུ་ཏཱ་ལའི་བླ་མ་དང་ཆབ་སྲིད་ཀྱི་ལྟ་བ་མ་མཐུན་པའི་དབང་གིས། ཏཱ་ལའི་བླ་མའི་ངན་རོགས་གཙོ་བོ་ཟམ་གདོང་ཞེས་པས་དངོས་སུ་མི་གྲངས་ཉིས་བརྒྱ་ལྷག་སྒྲིག་འཛུགས་བྱས་ཏེ་ལྡི་ལི་གསར་པར་རྟེན་གཞི་བྱས་པའི་ཆུ་བཞི་སྒང་དྲུག་གི་སྤྱི་ཁྱབ་ཡིག་ཚང་ལ་མེ་བརྒྱབ་ནས་བསྲེགས་པ་མ་ཟད། ད་དུང་ལི་ཐང་ཨ་ཐར་སྒེར་གྱི་སྡོད་ཁང་ཡང་མེར་བསྲེགས་པ་རེད།”ཅེས་བཤད་ཚུལ་འདི་དག་ནི་ྋགོང་ས་མཆོག་དང་བོད་གཞུང་གི་དམངས་གཙོ་ལམ་ལུགས་ལ་མཚན་ཤས་དམའ་འབེབས་དང༌། ངན་སེམས་ཁོག་བཅངས་ཀྱིས་རྫུན་གཏམ་བཤད་པ་ཁོ་ན་ལས། དེ་དག་ལ་དགག་ལན་སློག་རིན་གང་ཡང་མ་མཐོང༌།

ཏུའུ་ཞིན་ཡུས་ཀྱིས་“མང་གཙོའི་སྲིད་གཞུང་གང་འདྲ་ཞིག་ཡིན་རུང་ཆབ་སྲིད་ཀྱི་མནར་གཅོད་དང་ཆབ་སྲིད་ཀྱི་ལྐོག་གསོད་བཅས་ལ་ངོས་ལེན་བྱེད་མཁན་ཡོད་པ་མ་རེད། ཡིན་ནའང་བྱེད་ཐབས་འདི་དག་ཏཱ་ལའི་རུ་ཚོགས་ལ་མཚོན་ན་རྒྱུན་དུ་མཐོང་རྒྱུ་ཡོད་པའི་ཡ་མི་མཚར་བའི་དོན་ཡིན། ཆབ་སྲིད་ཀྱི་ལྟ་བ་མི་མཐུན་པའི་དབང་གིས་དོད་རྒྱལ་༼རྡོ་རྗེ་ཤུགས་ལྡན་༽གྱི་རྗེས་འབྲང་བ་རྣམས་ལ་ཆོས་ལུགས་ཀྱི་མནར་གཅོད་གཏོང་ཐབས་ལག་བསྟར་བྱེད་ཀྱི་ཡོད་པ་དང༌། འདི་ནི་ཏཱ་ལའི་རུ་ཚོགས་ཀྱིས་མནར་གཅོད་བྱེད་ཐབས་ལ་བརྟེན་ནས་ཁ་གཏད་གཅོག་མཁན་རྣམས་ལ་རྡུང་རྡེག་གི་བྱ་སྤྱོད་ཁྲོད་རྒྱལ་སྤྱི་སྟེང་ཤུགས་རྐྱེན་ཅུང་ཆེན་པོ་ཐེབས་ཡོད་པའི་དཔེ་ཞིག་རེད། ཏཱ་ལའི་རུ་ཚོགས་ཀྱིས་རང་དང་ལྟ་བ་མི་མཐུན་པའི་དགྲ་བོ་རྣམས་ལ་རྡུང་རྡེག་བྱེད་སྐབས་དེས་བས་ཀྱང་ཐབས་འཕྲུལ་སྡུག་རིགས་སྡུག་ཚད་སྤྱོད་ཀྱི་ཡོད་པ་རེད།” ཅེས་མི་བདེན་བདེན་ཚུལ་གྱིས་བཤད་འདུག ཁོའི་སྐད་ཆ་འདིར་“རང་གསང་མཁས་ན་མི་བཤད་མཁས།”ཞེས་པའི་བོད་ཀྱི་གཏམ་དཔེ་འདི་སྦྱར་ན་གནད་ལ་འཁེལ་འདུག་སྙམ། དེ་ཡང་རྒྱ་དམར་གཞུང་གིས་སྲིད་དབང་བཙུགས་པ་ནས་བཟུང་ད་ལྟའི་བར་ཆབ་སྲིད་ཀྱི་ལྟ་བ་མ་མཐུན་པའི་དབང་གིས་ཏང་ནང་གི་བློ་མཐུན་ག་ཚོད་ལ་མནར་གཅོད་དང་ལྐོག་གསོད་བྱས་ཡོད་པ་རེད། ཉུང་ཉུང་མ་རེད། དམར་གསོད་བྱས་པའི་མི་སྟོང་ཕྲག་ཁྲི་ཕྲག་རེད། འཛམ་གླིང་དུ་སྐད་གྲགས་ཆོད་ཡོད། ང་ཚོས་འདིར་ལོ་མང་པོ་སྔོན་གྱི་སྐད་ཆ་བཤད་མི་དགོས་པར། ཕྱི་ལོ་ ༢༠༠༨ ལོའི་ཟླ་ ༣ པར་བོད་ཀྱི་ས་ཁུལ་ཡོངས་རྫོགས་ནས་བོད་མི་རྣམས་ཀྱིས་ཞི་བའི་ངང་རང་ཉིད་ཀྱི་རེ་འདུན་མངོན་པའི་སྐད་འབོད་ཁྲོམ་སྐོར་བྱེད་སྐབས། བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཀྲང་ཆིང་ལི་ཡིས་དམར་གསོད་སྲིད་ཇུས་ལག་བསྟར་བྱས་ཏེ་བོད་མི་རྣམས་ལ་དྲག་གནོན་བྱས་པ་རེད། དེ་ནས་ཡུན་རིང་མ་སོང་བར་པེ་ཅིང་དུ་རྟེན་གཞི་བྱས་པའི་གཞུང་འབྲེལ་མིན་པའི་ཁྲིམས་རྩོད་པའི་ཚོགས་པ་“སྤྱིའི་མནའ་མཐུན་ཚོགས་པ་”ཞེས་པས་བོད་ཀྱི་གནད་དོན་ལ་གཏིང་ཟབ་ཞིབ་འཇུག་བྱས་ཏེ་རྒྱ་ནག་དམར་ཤོག་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ལ་དོན་དངོས་ཀྱི་གནས་ཚུལ་དྲང་པོར་སྙན་སེང་ཞུས་ཏེ། བོད་དང་ཤིན་ཅང་གཉིས་ལ་འཛིན་པའི་སྲིད་བྱུས་ཀྱི་གནད་དོན་ལེགས་སྒྲིག་ཡོང་རྒྱུར་ལྷག་བསམ་རྣམ་དག་གིས་རྒྱ་ནག་དམར་ཤོག་གི་ཆེས་མཐོའི་དབང་འཛིན་བསྟི་གནས་ཀྲུང་ནན་ཧེ་ལ་རེ་བ་བཏོན་འདུག་ཀྱང༌། བསམ་ཡུལ་ལས་འདས་པ་ཞིག་ལ་ཕྱི་ལོ་ ༢༠༠༩ ལོའི་ཟླ་ ༧ བར་ཤིན་ཅང་གི་དོན་རྐྱེན་བྱུང་རྗེས། ཧུའུ་ཅིན་ཐའོ་ཡིས་གཙོས་པའི་རྒྱ་དམར་གཞུང་གིས་དེར་འཁོན་ལན་སློག་སྟེ།  “སྤྱིའི་མནའ་མཐུན་ཚོགས་པ་”སྒོ་ཟམ་འཐེན་ནས་གཞུང་བཞེས་ཀྱིས་ཚོགས་པའི་འགན་འཛིན་བཙོན་ལ་བཅུག་ཡོད་པ་རེད། དཔེ་འདི་ལྟ་བུ་གྲངས་ལས་འདས་པ་ཡོད་ཀྱང་འདིར་ཡིག་ཚོགས་མང་སྐྱོན་གྱིས་རེ་རེ་བཞིན་བརྗོད་རྒྱུ་མིན། གང་ལྟར་རྒྱ་དམར་གཞུང་ནི་དེང་འཛམ་གླིང་སྟེང་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་པ་རྣམས་ལ་ཆབ་སྲིད་ཀྱི་མནར་གཅོད་དང་ལྐོག་གསོད་གཏོང་མཁན་གྱི་གཏེ་པོ་ཡིན་པ་འཇིག་རྟེན་འདིར་ཡོངས་གྲགས་ཀྱིས་ངོས་ལེན་ཡོད་པ་ཞིག་རེད། དེར་བརྟེན་རྒྱ་དམར་གཞུང་དང་དེའི་གཞུང་སྐུལ་དྲིལ་བསྒྲགས་ཀྱི་བརྒྱུད་ལམ་རྣམས་ལ་ཆབ་སྲིད་ཀྱི་མནར་གཅོད་དང་ལྐོག་གསོད་སྐོར་གཞན་ལ་བཤད་པ་རྒྱག་རྒྱུའི་ཐོབ་ཐང་མེད་ལ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་མང་གཙོ་ལམ་ལུགས་ལ་མཐོ་བཤད་དམའ་བཤད་བྱེད་པའི་ཐོབ་ཐང་དེ་བས་ཀྱང་མེད།

སྲིད་དབང་སྒེར་འཛིན་ལ་གོམས་འདྲིས་ཆེ་བའི་རྒྱ་དམར་གཞུང་དང་དེའི་དྲིལ་བསྒྲགས་པ་རྣམས་ཀྱིས་སྲིད་གཞུང་དང་གཞུང་འབྲེལ་མིན་པའི་“དམངས་ཁྲོད་ཀྱི་སྒྲིག་འཛུགས་”གཉིས་ཉ་ཉུང་མཉམ་བསྲེས་བྱེད་ཀྱི་ཡོད་པ་དང༌། ད་དུང་ངོ་ཚ་ཞེ་ཁྲེལ་མེད་པར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་འོས་བསྡུའི་འདེམས་ཤོག་གི་བརྒྱ་ཆ་བསྡུར་ཚད་ལ་ཁྲེལ་དགོད་དང༌། ཕྱི་ལོ་ ༢༠༡༡ ལོའི་བཀའ་བློན་ཁྲི་པ་དང་སྤྱི་འཐུས་བཅས་ཀྱི་འདེམས་བསྐོའི་མཇུག་འབྲས་ལ་ཚོད་དཔག་བྱེད་ཀྱི་ཡོད་པ་དེ་ནི། དངོས་གནས་རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་ཞེས་པའི་དཔེ་ལས་མ་འདས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་མང་གཙོ་ནིསྐྱོན་དང་བྲལ་པ་ཞིག་མ་ཡིན་རུང་རྒྱ་དམར་སྲིད་དབང་སྒེར་འཛིན་གྱིས་ཆད་གྲངས་འདེམ་བསྐོ་དང༌། བརྒྱ་ཁ་གཅིག་གཅོད། མི་ངན་དཔུང་བསྡེབས་ཀྱིས་ས་འོག་དར་འཐག་བྱེད་པ་སོགས་དང་བསྡུར་ན་ལྡབ་མང་པོས་ལེགས་པ་ཡོད། རྒྱ་དམར་གཞུང་གི་ཚོགས་ཆེན་ཐེངས་བཅུ་བདུན་པའི་སྐབས་ཀྱི་ཆབ་སྲིད་ཅུས་ཞེས་པའི་ཆེས་མཐོའི་དབང་འཛིན་མི་སྣ་ཨུ་ཡོན་ མི་དགུ་ཆད་གྲངས་འདེམ་བསྐོ་བྱེད་སྐབས་ལ་ཕྱིར་ལྟ་ཞིག་བྱས་ན། ཏང་ཡོན་བྱེ་བ་འགའ་ཤས་ཡོད་པ་དང༌། ཕུལ་བྱུང་འགོ་ཁྲིད་མི་སྣ་ཁྲི་ཕྲག་མང་པོ་ཡོད་ཟེར་ཁ་པོ་བཤད་ཀྱང་དོན་དངོས་སུ་རྒྱ་དམར་གཞུང་གི་སྤྱི་ཁྱབ་དྲུང་ཆེའི་འོས་གཞིར་ཧུའུ་ཅིན་ཐའོ་མི་གཅིག་པུ་དེ་ལས་མེད་པའི་གནས་ཚུལ་དང་བསྡུར་ན། བཙན་བྱོལ་བོད་མ་འབུམ་གཅིག་ལྷག་ཙམ་ལས་མེད་ཀྱང་ལོ་རྗེས་མའི་བཀའ་བློན་ཁྲི་པ་འོས་གཞི་དངོས་སུ་དེབ་སྐྱེལ་མིང་འགོད་བྱས་པ་མི་གྲངས་ ༢༡ སླེབས་ཡོད་པ་འདི་ནི་དངོས་གནས་སྲིད་དོན་ཚོགས་པ་ཁག་ལ་དབྱེ་བ་མེད་པར། འདྲ་མཉམ་ངང་འགྲན་རྩོད་ཀྱི་ཐོབ་ཐང་ཡོད་པའི་ཆབ་སྲིད་མང་གཙོར་ལོངས་སྤྱོད་ཀྱི་ཡོད་ཅེས་དགའ་སྤོབས་ངང་བཤད་ཆོག་པ་ཞིག་ཡིན། འདི་ནི་སྲིད་དབང་སྒེར་འཛིན་ཞིག་གི་འོག་ཏུ་གནས་པའི་བློ་གྲོས་ལྡན་པའི་སྤྱི་འབངས་ཞིག་ལ་མཚོན་ན་བཙལ་ཀྱང་རྙེད་དཀའ་བ་ཞིག་མ་ཡིན་ནམ། དེར་བརྟེན་མི་འཇོན་འཇོན་མདོག་དང༌། མི་བཤད་དགུ་བཤད་བྱེད་མཁན་གྱི་རྒྱ་དམར་གཞུང་གི་མགྲིན་ཚབ་པ་ཡིན་ཁུལ་བྱེད་མཁན་ཏུའུ་ཞིན་ཡུས་ཁྱོད་ལ་སྐབས་འདིར་ཚོར་སྣང་ཅི་ཞིག་བྱུང་ངམ།
བཞུགས་སྒར་རྡ་རམ་ས་ལ་ནས་རྒྱ་རྡུང་ཚེ་དབང་ཞེས་སྨྱུག་འཛིན་པས། ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༦ ཚེས་ ༢ ཉིན་རྒྱ་ཡིག་ཐོག་བྲིས་པའོ།། །།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།