ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱིས་རྒྱལ་ཁབ་རང་དབང་ཐོབ་སྲིད་དམ།
ཀའོ་སྦོ་ཧྲེང་གིས་བརྩམས། ནགས་ཤོད་སད་མིས་བསྒྱུར།
༢༠༡༠ ལོའི་ཟླ་བ ༡༠ པའི་ཚེས ༨ ཉིན་ལུའུ་ཞའོ་པོ་ལ་ནོ་སྦེལ་ཞི་བདེའི་བྱ་དགའ་ཐོབ་པར་གོ་ལ་ཡོངས་ཀྱིས་དོ་སྣང་བྱུང་བ་དང་། རྒྱལ་ཡོངས་ཀྱི་མིག་ཡངས་སྤྱོད་ལམ་བཟང་བ་ཚོ་དགའ་བ་ཆེན་པོས་ཁྱབ་ལ་དུས་ཐུང་ནང་རྒྱ་ནག་མང་གཙོ་ཐོབ་གཏན་ཁེལ་བ་ལྟར་སྣང་བ་མ་ཟད་གཅིག་བྱས་ན་སང་ཉིན་ནས་དམངས་གཙོར་བསྐྱོད་པར་སེམས།
རྒྱལ་ཁབ་གཅིག་གི་འགྲོ་བ་མིའི་ཐོབ་ཐང་གི་དབུ་ཁྲིད་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་ཚེ་དོན་དམ་པས་རྒྱལ་ཁབ་དེ་ཉིད་མང་གཙོར་ཕྱོགས་རྒྱུར་ཡར་སྐུལ་གྱི་ནུས་པ་ག་ཚོད་ཐོན་སྲིད། དངོས་གནས་མྱུར་མགྱོགས་ངང་བློ་རྩལ་བྱུང་སྟེ་ལས་འགུལ་ལ་རེམ་ནས་སྒེར་གཅོད་མཇུག་བསྡུ་འགྲོ་འམ། དང་ཐོག་ང་ཚོས་རིག་པའི་གཞུང་ལུགས་མི་རྩོད་པར་ཉམས་མྱོང་གི་སྟེང་ནས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ཚོ་དང་རྒྱལ་ཁབ་དེ་དང་དེ་རང་དབང་ཐོབ་མིན་གྱི་གྲངས་ཐོ་འདིར་ཅིག་ལྟོས་དང་།
༡༩༣༥ ལོར་འཇར་མན་གྱི་གསར་འགོད་པ་ཨོ་ཤིས་ཨེ་ཚི་ཅིས་བཙོན་དོང་ནང་ནས་བྱ་དགའ་ཐོབ། ལོ ༡༠ རྗེས་
འཇར་མན་ལ་རང་དབང་ཐོབ།
༡༩༧༥ ལོར་སུའུ་ལན་གྱི་ཨང་ཏེ་ལེ་སཱ་ཧ་ལོ་ཧྥུ་ལ་བྱ་དགའ་ཐོབ། ལོ ༡༦ རྗེས་སུའུ་ལན་འཐོར་ནས་རང་དབང་ཐོབ།
༡༩༨༣ ལོར་ཕོ་ལན་གྱི་ཝ་ཝན་ས་ལ་བྱ་དགའ་ཐོབ། ལོ ༦ རྗེས་ཕོ་ལན་ལ་རང་དབང་ཐོབ།
༡༩༨༤ ལོར་ལྷོ་ཨ་ཧྥེ་རི་ཁའི་ཌ་སི་མན་ཌི་ཋོས་ཋོས་ལ་བྱ་དགའ་ཐོབ། ལོ ༩ རྗེས་ལྷོ་ཨ་ཧྥེ་རི་ཁར་རང་དབང་ཐོབ།
༡༩༨༩ ལར་བོད་ཀྱི་ཏཱ་ལའི་བླ་མ་བྱ་དགའ་ཐོབ། ལོ ༢༡ རྗེས་བོད་སྔར་བཞིན་རང་དབང་མེད།
༡༩༩༡ ལོར་འབར་མའི་ཨང་སར་སོ་ཅིས་ལ་བྱ་དགའ་ཐོབ། ལོ་ ༢༠ རྗེས་འབར་མ་སྔར་བཞིན་རང་དབང་མེད།
༢༠༠༣ ལོར་དབྱིས་རན་གྱི་ཤིས་ཨར་ལན་ལ་བྱ་དགའ་ཐོབ། ལོ ༧ རྗེས་དབྱིས་རན་སྔར་བཞིན་རང་དབང་མེད།
༢༠༡༠ ལོར་རྒྱ་ནག་གི་ལུའུ་ཞའོ་པོ་བྱ་དགའ་ཐོབ། རྒྱ་ནག་ལ་སྔར་བཞིན་རང་དབང་མེད།
གོང་གསལ་ཐོ་གཞུང་ནས་ང་ཚོས་གསལ་པོ་ཤེས་རྟོགས་ཐུབ་རྒྱུར་རང་དབང་ཟེར་བ་འདི་ནོ་སྦེལ་ཞི་བདེའི་བྱ་དགའ་ཐོབ་པ་དང་མཉམ་འགྲོགས་ཡོང་གི་མེད། སྒེར་གཅོད་མཇུག་སྡུད་ཐུབ་མིན་དེ་ནི་བྱ་དགའི་རྗེས་ནས་མི་མང་གི་ངོ་རྒོལ་ལ་རག་ལས་པ་དང་། རང་དབང་འཐོབ་མིན་གྱི་རྩ་བའི་འགན་ཐེག་ཅིག་ཀྱང་རེད། ནོ་སྦེལ་བྱ་དགའ་ཐོབ་པ་དང་བྱ་བ་ཐམས་ཅད་ལེགས་འགྲུབ་ཟིན་པ་ལྟར་དུ་བསམ་མི་རུང་། དོན་ངོ་མར་རང་དབང་འཐོབ་མིན་གྱི་ཆེས་གལ་ཆེ་བའི་རྒྱུ་རྐྱེན་ཞིག་ནི་སླད་མའི་ལོ་ཤས་ནང་གི་འཐབ་རྩོད་ལ་རག་ལས་ཡོད།
ཡིན་ནའང་ནོ་སྦེལ་ཞི་བདེའི་བྱ་དགའ་འདི་འགྱུར་འདེད་དངོས་རྫས་ཆེ་ཤོས་ཤིག་དང་གཙོ་གལ་ཆེ་ཤོས་དེ་ཡིན་པ་བློ་དོགས་ཅི་ལ་དགོས། དེ་ནི་ཕོ་ལན་དང་ལྷོ་ཨ་ཧྥེ་རི་ཁའི་ལོ་རྒྱུས་ཀྱིས་ཁ་གསལ་གོ་བདེ་ཆགས་ཡོད། རྒྱལ་ཁབ་འདི་གཉིས་ཀྱི་དབུ་ཁྲིད་ལ་བྱ་དགའ་འདི་ཐོབ་པས་རྗེས་མའི་ལོ ༡༠ ནང་རང་དབང་མངོན་འགྱུར་བྱུང་བ་རེད། ཕྲན་སློབ་ཆེན་ན་ཡོད་དུས་ཤར་ཕྱོགས་དཔེ་སྐྲུན་ཁང་ནང་མ་ནས་དཔར་བའི <<ཝ་ཝན་སའི་ལོ་རྒྱུས>>བཀླགས་མྱོང་། དེའི་ཁྲོད་བག་ཆགས་ཆེས་ཟབ་ཤོས་ཤིག་ནི་ཝ་ཝན་ས་ལ་བྱ་དགའ་འདི་ཐོབ་རྗེས་རྒྱལ་ཡོངས་དགའ་བདེས་མྱོས་པ་དང་
ཁོ་པར་ཕོ་ལན་མི་མང་གིས་ཟད་མི་ཤེས་པའི་བསྔགས་པ་ཐོབ་ཡོད། ཕོ་ལན་མང་གཙོའི་ལས་འགུལ་ལ་འཛམ་གླིང་ཡོངས་ཀྱིས་ཁས་ལེན་དང་རྒྱབ་སྐྱོར་བྱས་པས། ད་གཟོད་ཕོ་ལན་མང་གཙོའི་ལས་འགུལ་རྒྱལ་ཁ་ལ་ཕྱོགས་ནས་ཉིན་རེར་ལེ་དབར་སྟོང་ཕྲག་ལ་བསྐྱོད་པ་རེད། ལོ ༦ རྗེས་ཕོ་ལན་ལ་མཐའ་མའི་རང་དབང་ཐོབ་པ་རེད། འོན་ཏེ། རྒྱ་ནག་ཕོ་ལན་གཉིས་པ་ཞིག་ཆགས་ཐུབ་མིན་ནི་དྲི་གཞི་ཞིག་རེད།
ལུའུ་ཞའོ་པོ་ལ་བྱ་དགའ་འདི་ཐོབ་པ་དང་ང་ཚོས་བསྲན་མི་ཐུབ་པར་རྒྱ་ནག་ནམ་རང་དབང་ཐོབ་ཀྱི་རེད་ཅེས་དཀོན་མཆོག་ལ་སྐད་ཆ་འདྲི་དགོས་བྱུང་། གཅིག་བྱས་ན་ཕོ་ལན་ལས་ཀྱང་མགྱོགས་ཀྱི་རེད། ལོ ༥ ནང་གཅིག་སྡུད་སྲིད་དབང་འདི་སྲན་ཕུང་འཐོར་བ་ལྟ་བུ་ཞིག་ཡོང་མི་སྲིད་པ་མིན། གལ་ཏེ་ནོ་སྦེལ་བྱ་དགའ་འདི་དངོས་གནས “ཆབ་སྲིད་ཀྱི་རྡུལ་ཕྲན་འབར་མདེལ ” ཞིག་ཡིན་ཚེ། ང་ཚོ་རྒྱ་ནག་པ་ཚོས་འདིའི་ནུས་པ་དང་ས་ཆོད་མཐར་སོན་ཞིག་ལ་བསྐྱལ་དགོས།
མཇུག་མཐར། ང་ཚོས་བསྡོམས་རྒྱག་དགོས་པ་ཞིག་ནི། ང་ཚོས་ད་དུང་ཡང་མུ་མཐུད་དུ་སྐུ་ཞབས་ལུའུ་ཞའོ་པོ་ལ་ནོ་སྦེལ་བྱ་དགའ་ཐོབ་པའི་གོ་སྐབས་འདི་དང་བསྟུན་ནས་འབད་འཐབ་བྱ་དགོས་ལ་ལས་འགུལ་ཡང་སྤེལ་དགོས་པ་ཙམ་མ་ཟད། ཇི་སྲིད་སྒེར་གཅོད་སྲིད་གཞུང་འདི་འཐོར་ཞིག་ལ་སོང་བ་དང་མི་མང་ལ་རང་དབང་མ་ཐོབ་པའི་ཉིན་མ་དེའི་བར་དུ་མུ་ནས་མུར་རྣམ་པ་དང་བརྗོད་དོན་འདྲ་མིན་གྱི་ཐོག་ནས་འཚེ་མེད་ཞི་བའི་ལས་འགུལ་འབད་པ་བྱ་དགོས་ངེས་ཡིན།
ལུའུ་ཞའོ་པོ་ལ་ནོ་སྦེལ་ཞི་བདེའི་བྱ་དགའ་ཐོབ་པའི་ཉིན་མ་ལྔ་པ་རུ།