རྒྱ་སྐད་བརྙན་འཕྲིན་གྱི་ཆེད་དོན་དྲི་བ་བཀའ་ལན་གནང་བ།

རང་དབང་ཡོད་པའི་ཐོག་དཔལ་འབྱོར་ཡར་རྒྱས་བྱུང་བ་ཡིན་ན། ལུས་སེམས་གཉིས་ལ་ཞི་བ་དང་བདེ་སྐྱིད་བསྐྲུན་ཐུབ། གལ་ཏེ་དེ་འདྲ་ཞིག་བྱུང་ཐུབ་ཚེ་མི་མང་དུང་ཕྱུར་མང་པོའི་མི་ཚེ་དོན་དང་ལྡན་པ་ཞིག་ཡོང་རྒྱུ་ཡིན་པས། དེ་ནི་ངོས་ཀྱི་སྨོན་ལམ་དང་མངོན་འདོད་ཡིན་ཞེས་༧གོང་ས་མཆོག་གིས་གསུངས་འདུག

ཟླ་འདིའི་ཚེས་༡༨ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་ལྟར་ན། ཨ་རིའི་མངའ་སྡེ་ཁཱ་ལི་ཧྥོ་ནི་ཡའི་མཚོ་འགྲམ་ས་ཁུལ་དུ་གནས་སྡོད། ཨེ་ཤ་ཡའི་མི་རིགས་ས་ཡ་༡་༤ ཙམ་ལ་རྒྱང་སྲིང་ཞུ་རྒྱུའི་བརྙན་འཕྲིན་བརྒྱུད་ལམ་ (KTSF) ཞེས་པའི་ཆེད་དོན་དྲི་བར་༧གོང་ས་མཆོག་གིས་བཀའ་ལན་གནང་ཡོད་པ་དང།  བརྙན་འཕྲིན་དེའི་ནང་“དོ་ནུབ་ཀྱི་གཏམ་”ཞེས་པའི་ལས་དོན་གཙོ་སྐྱོང་བ་སྐུ་ཞབས་ཇཱ་རོན་ལིན་ལགས་ཀྱིས། ༧གོང་ས་མཆོག་ལ་བོད་ཀྱི་གནད་དོན་དང་བོད་རྒྱའི་འབྲེལ་མོལ་སྐོར་ལ་དྲི་བ་ཕུལ་སྐབས།

༧གོང་ས་མཆོག་གིས། རྒྱ་ནག་གཞུང་གིས་ངོས་ལེན་བྱེད་མིན་ལ་མ་ལྟོས་པར་བོད་ནང་དཀའ་ངལ་ཡོད། དེར་བརྟེན་བོད་ནང་ཉེན་རྟོག་མི་སྣ་དང་དམག་དཔུང་ཕོན་ཆེ་འཇོག་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་པ་དང། དམ་དྲག་དང་སྟངས་འཛིན་ཤུགས་ཆེན་པོ་བྱེད་དགོས་པ་དེ་ནི། གནད་དོན་གང་ཞིག་གི་ཐོག་ཏུ་མ་འགྲིག་པ་ཞིག་ཡོད་པའི་རྟགས་མཚན་ཡིན་ཞིང། དཀའ་ངལ་དེ་བོད་མི་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཉིས་ཀར་མི་དགོས་པ་ཞིག་རེད། དཀའ་ངལ་དེ་དག་སེལ་དགོས་པ་ཙམ་དུ་མ་ཟད་ཤིན་ཅང་གི་དཀའ་ངལ་དེ་ཡང་སེལ་དགོས། ད་བར་རྒྱ་ནག་གི་དཔོན་རིགས་མཁྲེགས་འཛིན་པ་ཚོས་དངོས་ཡོད་གནས་ཚུལ་ངོས་ལེན་བྱེད་རྒྱུར་དཀའ་ངལ་ཡོད་པ་དང། དངོས་ཡོད་གནས་ཚུལ་གང་ཡིན་པ་དེ་ངོས་ལེན་མ་བྱས་པར། གཡོལ་ཐབས་དང་སྦས་སྐུང་བྱ་རྒྱུའི་ཐབས་ཤེས་བྱེད་བཞིན་ཡོད་རེད། གནས་སྟངས་དེའི་རིགས་ཡུན་རིང་ཁུངས་འཁྱོལ་ཐབས་མེད་ལ། སྐུ་ཞབས་ཏེང་ཞའོ་ཕིང་གིས་དངོས་ཡོད་གནས་ཚུལ་ལས་བདེན་པ་འཚོལ་དགོས་པ་གསུངས་མྱོང་བ་བཞིན།  དངོས་ཡོད་གནས་ཚུལ་དེ་གཞུང་གིས་མ་བཅོས་པ་ཞིག་དགོས་པ་དང། དེང་སང་ཆ་འཕྲིན་དུས་རབས་འདིར་གནས་ཚུལ་སྦས་སྐུང་བྱེད་མི་ཐུབ། དེ་སྔ་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་སྐུ་ཞབས་ཧུ་ཡོ་པང་དམ་པ་ཁོང་ནི་བློ་རྒྱ་ཡངས་པོ་དང་། དངོས་ཡོད་དྲང་བདེན་གྱི་གནས་ཚུལ་གང་ཡིན་པར་ལྟ་ཐུབ་མཁན་ཞིག་ཡིན་པས། ཕྱི་ལོ་༡༩༨༠ ལོར་ཁོང་ལྷ་སར་ཕེབས་ཏེ་རྒྱ་ནག་གཞུང་གི་འདས་པའི་སྲིད་བྱུས་ནོར་འཁྲུལ་བྱས་པ་རྣམས་ངོས་ལེན་གནང་ཡོད། ངོས་ཀྱིས་རྒྱུན་དུ་གལ་ཏེ་ཁོང་ལྟ་བུ་རྒྱ་ནག་དཔོན་རིགས་ཁྲོད་ཡོད་ན། བོད་ཀྱི་དཀའ་ངལ་དང་དཀའ་ངལ་གཞན་མང་པོ་སེལ་ཟིན་ཡོད་བསམ་གྱི་འདུག་ཅེས་གསུངས་ཡོད་པ་རེད།

༧གོང་ས་མཆོག་གིས་རྒྱ་ནག་གི་དཔོན་རིགས་ཚོས་འཛིན་བཞིན་པའི་ཆབ་སྲིད་ཀྱི་གནད་དོན་ཐོག་བཀའ་ལན་གནང་དོན། ད་ཆ་རྒྱ་ནག་གི་དཔོན་རིགས་ཚོས་གནད་དོན་དེ་དག་གང་འདྲ་བྱེད་ཏེ་སེལ་དགོས་མིན་ཐོག་དཀའ་ངལ་འཕྲད་བཞིན་ཡོད་ཅིང། རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་དྲག་ཤུགས་ཆེ་བྱས་པར་བརྟེན། བོད་མི་ཚོའི་སེེམས་ནང་མི་དགའ་བ་ཆེན་པོ་བཟོས་ཡོད་པ་དང།  ད་ཆ་ངོས་ཀྱིས་རེ་བ་ཆེན་པོ་ཞིག་མཐོང་གི་ཡོད་པ་ནི། རྒྱ་ནག་གི་སྲིད་བློན་སྐུ་ཞབས་ཝུན་ཅ་པོས། མང་ཚོགས་ཁྲོད་སྐུ་ཞབས་ཧུ་ཡོ་པང་གིས་བཞེངས་ཕྱོགས་དེར་བསྔགས་བརྗོད་ཆེན་པོ་བྱས་ཡོད་པ་མ་ཟད། ད་ཆ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བྱུས་ཐོག ཕྲན་བུ་གུ་ཡངས་གཏོང་དགོས་པའི་དུས་ལ་བབ་ཡོད།  ཉེ་ལམ་རྒྱ་རིགས་ཤེས་ཡོན་མི་སྣའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་དང་ཕྱི་གསལ་ནང་གསལ། ཆོས་ལུགས་རང་དབང་། གསར་འགྱུར་རང་དབང་སོགས་དགོས་པ་དང་། གནད་དོན་དེ་དག་ལ་དམ་དྲག་བྱེད་རྒྱུ་མཚམས་འཇོག་དགོས་པའི་འབོད་སྒྲ་ཤུགས་ཆེ་སྒྲོག་བཞིན་ཡོད་པས། མི་མང་གི་མངོན་འདོད་དེ་དག་དམ་དྲག་བྱེད་མི་ཐུབ་ཅེས་དང།
ཁོང་གིས་མུ་མཐུད་ནས། རྒྱལ་ཁབ་དེ་མི་མང་ལ་དབང་བ་ཞིག་ཡིན་པ་ལས་ཚོགས་པ་བྱེ་བྲག་པ་གཅིག་དང་མི་སྒེར་ལ་དབང་བ་ཞིག་མིན། མཐའ་མ་དེར་མི་མང་གི་བསམ་ཚུལ་ལྟར་འགྱུར་བ་འགྲོ་རྒྱུ་ཡིན་པ་དེ་གསལ་པོ་རེད། དེར་བརྟེན་གཞི་རྩའི་ཆ་ནས་ངོས་ལ་རེ་བ་ཆེན་པོ་འདུག བོད་མི་ཚོ་རྒྱ་མི་རིགས་ལ་མི་དགའ་བ་མེད། ང་ཚོས་རྒྱ་མི་རིགས་ལ་གུས་བཀུར་ཞུ་བཞིན་ཡོད། ཕྱི་ལོ་༢༠༠༨ ལོར་བོད་ནང་དོན་རྐྱེན་བྱུང་རྗེས། ངོས་ཀྱིས་རྒྱ་ནག་གཞུང་ལ་ཡིད་ཆེས་སྲབ་ཏུ་འགྲོ་བཞིན་ཡོད་ནའང་རྒྱ་མི་རིགས་ལ་ཡིད་ཆེས་ནམ་ཡང་བརླགས་མེད། རྒྱ་མི་རིགས་ཚོ་དཀའ་ལས་རྒྱག་ཐུབ་མཁན་དང་ལེགས་བྱང་ཡོད་པའི་མི་རིགས་ཤིག་ཡིན་པ་མ་ཟད། དངོས་ཡོད་གནས་ཚུལ་ལྟ་ཐུབ་མཁན་ཞིག་རེད་ཅེས་བཀའ་ལན་གནང་ཡོད་པ་རེད།

བརྙན་ཕྲིན་ལྟ་མཁན་ཚོར་བཀའ་སློབ་ཇི་ཡོད་ཅེས་དྲི་བ་ཕུལ་པའི་བཀའ་ལན་དུ། གཞི་རྩའི་བོད་མི་རིགས་དང་རྒྱ་མི་རིགས་གཉིས་ལོ་ངོ་སྟོང་ཕྲག་རིང་ནས་འབྲེལ་བ་ཡོད་པ་དང། འབྲེལ་བ་དེ་མཚམས་རེ་ཧ་ཅང་མཐུན་པོ་དང་མཚམས་རེ་དཀའ་ངལ་ཡང་བྱུང་ཡོད། ད་ལྟའི་ཆར་དཀའ་ངལ་ཡོད་པའི་གནས་སྟངས་ཤིག་ཆགས་ཡོད། འོན་ཀྱང་ལོ་ངོ་སྟོང་ཕྲག་རིང་ནས་འབྲེལ་བ་ཡོད་པར་བརྟེན། བོད་མི་ཞིག་ཡིན་པའི་ཆ་ནས། རྒྱ་མི་རིགས་དུང་ཕྱུར་ ༡༣ གྱི་བདེ་དོན་ལ་སེམས་འཚབ་རང་བཞིན་གྱིས་སླེབ་ཀྱི་ཡོད། ངོས་ནས་རྟག་ཏུ་རྒྱ་མི་རིགས་ཚོར་དཔལ་འབྱོར་ཡར་རྒྱས་ཙམ་མིན་པར། རང་དབང་ཡོད་པ་ཞིག་ཆགས་རྒྱུའི་སྨོན་ལམ་རྒྱག་བཞིན་ཡོད། རང་དབང་ཡོད་པའི་ཐོག་དཔལ་འབྱོར་ཡར་རྒྱས་བྱུང་བ་ཡིན་ན། ལུས་སེམས་གཉིས་ལ་ཞི་བ་དང་བདེ་སྐྱིད་བསྐྲུན་ཐུབ། གལ་ཏེ་དེ་འདྲ་ཞིག་བྱུང་ཐུབ་ཚེ་མི་མང་དུང་ཕྱུར་མང་པོའི་མི་ཚེ་དོན་དང་ལྡན་པ་ཞིག་ཡོང་རྒྱུ་ཡིན་པས། དེ་ནི་ངོས་ཀྱི་སྨོན་ལམ་དང་མངོན་འདོད་ཡིན་ཞེས་སོགས་བཀའ་ལན་གནང་ཡོད་པ་རེད།།

{jcomments on}

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།