ཆབ་མདོར་བཙན་གནོན་བྱས་ནས་ལོ་དྲུག་ཅུ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༣༠༣
ཕྱི་ལོ་༢༠༡༠ ཟླ་༡༠ ཚེས་༡༩ ཉིན་རྒྱ་དམར་གཞུང་གིས་ཆབ་མདོ་བཙན་གནོན་བྱས་ནས་མི་ལོ་༦༠ འཁོར་བའི་དུས་ཚིགས་དང་སྟབས་བསྟུན་ནས། རྒྱ་དམར་གཞུང་གིས་ཆབ་མདོ་བཅིངས་འགྲོལ་བཏང་ནས་མི་ལོ་༦༠ འཁོར་བའི་དུས་ཆེན་སྲུང་བརྩིའི་ཟེར་བ་ཞིག་གཟབ་རྒྱས་ངང་བྱེད་བཞིན་ཡོད་པ་རེད།

གནད་དོན་འདིའི་ཐོག་ནས་འདས་པའི་མི་ལོ་དྲུག་ཅུ་ལ་ཕྱི་མིག་ཅིག་བལྟས་ན་རྒྱ་དམར་གཞུང་གིས་བོད་ཡུལ་དུ་བཙན་འཛུལ་དྲག་གནོན་གྱིས་དབང་བསྒྱུར་བྱས་པའི་བརྒྱུད་རིམ་གསལ་པོ་མཐོང་ཐུབ། སྐབས་དེ་དུས་བོད་ཡུལ་ཡོངས་རྫོགས་ལ་རྒྱ་དམར་གཞུང་གིས་དབང་ཤུགས་སླེབས་ཐུབ་ཐབས་སུ་གྲ་སྒྲིག་བྱས་ཟིན་ལ། ལྷག་པར་བོད་གཞུང་གི་བསྟི་གནས་རྒྱལ་ས་ལྷ་སར་དཔུང་འཇུག་བྱ་རྒྱུའི་ཆེད་དུ་ཐོག་མ་ཆབ་མདོ་བཙན་འཕྲོགས་བྱ་རྒྱུ་དེ་དམིགས་འབེན་གཙོ་བོར་བཟུང་ཡོད། མདོ་སྤྱི་བཀའ་བློན་ང་ཕོད་ངག་དབང་འཇིགས་མེད་འཁོར་གཡོག་ཚང་མ་འཛིན་བཟུང་བཙོན་འཇུག་བྱས་པ་དང་། ཆབ་མདོའི་མི་སེར་དང་བོད་གཞུང་གི་དམག་མི་གང་མང་རྒྱ་དམར་གྱིས་བསད་བཟུང་བྱས། སྐབས་དེའི་བོད་གཞུང་ལ་མཚོན་ན་རྭ་སྟག་གི་དོན་རྐྱེན་ལ་བརྟེན་ནས་རྙོག་འཛིང་གིས་ནང་ཁུལ་མཐུན་སྒྲིལ་མེད་པ་དང་། རྒྱལ་སྤྱིའི་གནས་སྟངས་སྤྱི་ལ་ཤེས་རྟོགས་དམན་པ་མ་ཟད། བོད་ཀྱི་མ་འོངས་པའི་གནས་བབས་ལའང་ཕྱི་འདང་མི་ཕོག་པ་ནི། སྐབས་དེའི་ཡུལ་དུས་གནས་སྟངས་ཀྱི་ཐོག་ནས་བསམ་ཤེས་མི་ཐུབ་པ་ཞིག་མིན་ཡང་། དེ་ལ་བརྟེན་ནས་བོད་མི་རིགས་དང་རྒྱལ་ཁབ་ལ་དཀའ་ངལ་འདི་འཕྲད་པ་རེད། དེའི་ཐོག་བོད་ས་སྟོད་སྨད་བར་གསུམ་གྱི་བོད་མི་རྣམས་ལ་མཚོན་ནའང་ཆོས་ལ་དད་པ་ཆེན་པོ་ཡོད་པ་དང་། ཁ་ནས་སྨོན་ལམ་ཚིག་གསུམ་བརྒྱབ་ཀྱང་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ་བ་ཁོ་ནའི་ཆེད་དུ་ལས། བོད་རྒྱལ་ཁབ་ཁོ་ན་དང་བོད་མི་རིགས་ཁོ་ནའི་བསམ་ཚུལ་དེ་ཤུགས་ཆེན་པོ་གཏན་ནས་སླེབས་མེད།

བོད་པ་ཡོངས་རྫོགས་ཕྲེང་བ་ཞིག་ཡིན་པའི་དབང་དུ་བཏང་ན་གཅིག་གྱུར་བྱེད་ཐུབ་པའི་ཕྲེང་ཐག་ལྟ་བུ་དེ་ནང་པའི་ཆོས་ཁོ་ན་ཡིན་པ་དང།  དེའི་ཐོག་ནས་བཤད་ན་བོད་པ་དེ་དུས་ནམ་ཡང་གཅིག་གྱུར་མིན་པའི་གནས་སྟངས་ཤིག་ལོ་རྒྱུས་ཀྱི་ཐོག་ནས་སླེབས་མྱོང་མེད། ད་ལྟའི་ཆར་བོད་ས་ཡོངས་རྒྱ་དམར་གཞུང་གི་བཙན་གནོན་འོག་ཏུ་ཡོད་ཀྱང། ༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བླ་ན་མེད་པའི་དགོངས་གཞི་དང་སྐུ་ངལ་སྣ་ཚོགས་བཀྱོན་ནས་བོད་མི་ཡོངས་རྫོགས་ཆོས་སྲིད་གཉིས་ཀྱི་ཐོག་ནས་བློ་རྩེ་གཅིག་ཏུ་གནས་ཐུབ་པ་བྱུང་ཡོད། གནད་དོན་འདི་དག་གི་ཐོག་ནས་བསམ་བློ་བཏང་ན་རྒྱ་ནག་གཞུང་གིས་བོད་ལ་བཙན་གནོན་དང་། མི་བདེན་རྫུན་སྒྲིག་གི་གནས་ཚུལ་འཛམ་བུའི་གླིང་གི་ས་ཕྱོགས་གང་སར་བསྒྲགས་ཀྱང་དོན་གྱིས་ཕན་ནུས་གང་ཡང་འཐོབ་མི་སྲིད་པར། བོད་མི་རིགས་ནི་དུས་ནམ་ཡང་རྒྱ་གཞུང་གི་གཡོ་འཕྲུལ་ལ་མགོ་བོ་སྒུར་མི་སྲིད་པ་ལོ་འདིའི་ཡུལ་ཤུལ་ས་ཡོམ་གྱི་དོན་རྐྱེན་སྐབས་བོད་ས་སྟོད་སྨད་བར་གསུམ་ནས་གདུང་སེམས་མཉམ་བསྐྱེད་ཀྱིས་རོགས་རམ་བྱེད་སྟངས་ཐོག་ནས་གསལ་པོ་བསྟན་ཡོད། འདི་དག་ཚང་མའི་འབྱུང་རྩ་གཙོ་བོ་ནི་༧གོང་ས་མཆོག་དང་སྐུ་འཁོར་རྣམས་བཙན་བྱོལ་དུ་ཆིབས་བསྒྱུར་གནང་ཐུབ་པ་བྱུང་བ་དང་། བཙན་བྱོལ་ནང་ཆོལ་ཁ་གསུམ་དང་ཆོས་བརྒྱུད་ལྔ་ལས་གྲུབ་པའི་སྤྱི་འཐུས་ལྷན་ཚོགས་གསར་གཏོད་དང། བོད་གཞུང་གི་སྒྲིག་འཛུགས་མང་པོ་ཞིག་རང་བཙན་ཡོད་པའི་རྒྱལ་ཁབ་བཞིན་སྲ་བརྟན་བཟོས་གནང་བ་ལ་བརྟེན་ནས། གཞིས་བཞུགས་རྒྱ་ཆེའི་མི་མང་གི་ངོས་ནས་ཀྱང་རེ་བའི་མིག་འབུར་གཏོད་ས་དང་། མ་འོངས་པའི་ཕུགས་རེ་འགྲུབ་རྒྱུའི་གདེང་སྤོབས་ཤིག་སྐྱེ་རུ་བཅུག་ཡོད། དེ་ཙམ་དུ་མ་ཟད་འཛམ་གླིང་ཧྲིལ་པོའི་འགྱུར་ལྡོག་གི་ཁྲོད་ནས་ཆ་འཕྲིན་གྱི་དུས་རབས་སུ་སླེབས་ཟིན་པ་དང། བོད་ཕྱི་ནང་གཉིས་ནས་རྒྱལ་སྤྱིའི་གནས་སྟངས་རང་བཞིན་ཤེས་རྟོགས་ཡོང་གི་ཡོད་སྟབས་རྒྱ་གཞུང་གིས་དམ་དྲག་ག་ཚོད་བྱས་ཀྱང་ཉི་ཤར་སྦར་མོས་འགེབས་མི་ཐུབ་པ་དང་ཆུ་འབུར་ས་ཡིས་མི་ཁོག་པའི་དཔེ་བཞིན། རྒྱ་གཞུང་གིས་དུས་དྲན་འདྲ་མིན་གྱི་གཡོ་འཕྲུལ་ལ་བརྟེན་ནས་འཛམ་གླིང་མི་མང་མགོ་སྐོར་གཏོང་མི་ཐུབ་ལ། གཞིས་བཞུགས་རྒྱ་ཆེའི་མི་མང་དེ་བས་ཀྱང་མགོ་སྐོར་གཏོང་མི་ཐུབ་པ་ཧ་ཅང་གསལ་པོར་གྱུར་ཡོད།།

{jcomments on}

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།