རེབ་གོང་སློབ་མས་སྐད་འབོད་ལས་བྱུང་བའི་བསམ་ཚུལ།

སྲིན་འབུ་མེ་འཁྱེར་ནས།

གལ་སྲིད་ང་ཚོས་མིག་བཞག་ཕྱིར་འཕངས་ཀྱིས་བོད་ཀྱི་སྐད་ཡིག་གི་ལས་དབང་དང་དེའི་ལོ་རྒྱུས་ཀྱི་འཕོ་འགྱུར་ལ་མནོ་བསམ་རེ་བཏང་ན། ད་གཟོད་བོད་ཀྱི་སྐད་ཡིག་ལ་མཐོ་དམན་བར་གསུམ་གྱི་ལས་དབང་འདྲ་མིན་བྱུང་ཡོད་པ་མཐོང་ཐུབ་ལ། ལྷག་པར་ཏུ་བོད་འདི་རྒྱ་ནག་གིས་བཙན་བཟུང་བྱས་པ་ནས་བཟུང་། བོད་ཀྱི་སྐད་ཡིག་གི་ལས་དབང་ལ་རྒྱ་ནག་རང་གི་ཁེ་དབང་དང་། ཆབ་སྲིད་ཀྱིས་དགོས་གལ་ལས་བཅོས་བསྒྱུར་གང་མང་བཏང་ཡོད་པར་ཤེས་ཐུབ།

ཐོག་མར་རྒྱ་ནག་གིས་བོད་ཀྱི་སྐད་དང་རིག་གཞུང་སོགས་རྩ་མེད་ལྷག་མེད་བཟོ་བར་བོད་ཀྱི་གནའ་སྲོལ་རིག་གཞུང་དང་རན་བྲལ་གྱི་དགོན་སྡེ་ཁག་རྕ་མེད་གཏོར་བཤིག་བཏང་བ་མ་ཟད། བླ་སྤྲུལ་དགེ་འདུན་པ་ཚང་མ་བཙན་ཤེད་ཀྱིས་མི་སྐྱ་བྱེད་བཅུག་པ་དང་། ཁོང་ཚོ་མང་པོ་དོན་མེད་བཙོན་འཇུག་བྱས་སྟེ་བཙོན་ཁང་དུ་བཀྲོངས་པ་དང་། བོད་ཀྱི་སྐད་ཡིག་ལ་མཁས་པ་དང་དེ་ལ་སྦྱང་བ་ཡོད་པའི་གང་ཟག་སུའང་ཐར་པར་མི་གཏོང་བར་དམར་གསོད་དང་འཇིགས་སྐུལ་བྱས་པ། བོད་ཀྱི་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་རིན་བྲལ་གྱི་དཔེ་ཆ་དང་རྩ་ཆེན་རིག་གནས་ཀྱི་བང་མཛོད་ལྟ་བུའི་ནང་ཆོས་ཀྱི་དེབ་ཐེར་སོགས་མེར་བསྲེགས་དང་ཆུ་ལ་བསྐུར་བ་སོགས་བྱས་པ་རེད དེ་ནི་གཙོ་བོར་ཁོང་ཚོས་ང་ཚོའི་རླབས་ཆེན་གྱི་མེས་པོས་ཤུལ་བཞག་ལ་སྡང་སེམས་དང་ཕྲག་དོགས་བཅངས་པ་དང་། སྐད་དང་ཡི་གེ་ནི་མི་རིགས་ཀྱི་སྲོག་རྕ་ཡིན་པར་ཤེས་ནས་རང་ཉིད་ཀྱི་དབང་བསྒྱུར་ས་ཁུལ་ལ་ཕྱིས་སུ་གྱེན་ལོག་དང་ཆབ་སྲིད་ཀྱི་དཀའ་ངལ་མ་འཕྲད་པའི་རྐྱེན་ཡང་ལོས་ཡིན།

དེ་ནས་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གཙོས་པའི་བོད་ལ་ཞེན་དཀར་སྐྱེ་ཆེན་དམ་པ་མང་པོས་རང་ཉིད་ཀྱི་ཚེ་སྲོག་ལ་མ་འཛེམས་པར། རྒྱ་ནག་གི་མེ་མདའི་སོ་ཁའི་འོག་བོད་ཀྱི་སྐད་ཡིག་ཉམས་གསོ་དགོས་པ་དང་མི་རིགས་ས་ཁུལ་ལ་རང་ཉིད་ཀྱི་སྐད་ཡིག་གཙོས་རིག་གཞུང་ཡོད་ཚད་ལོངས་སྤྱོད་བྱེད་པའི་རང་དབང་དང་ཁྲིམས་མཐུན་གྱིས་ཐོབ་ཐང་སྤྲད་དགོས་པ་སོགས་སྨྲས་པས། མཐར་རྒྱ་ནག་གིས་རང་ཉིད་ཀྱི་བདག་དབང་ལ་ཁེངས་རློང་དང་༧ཀུན་གཟིགས་པཎ་ཆེན་མཆོག་གིས་རེ་འདོད་ལ་མ་ཉན་ན་བོད་ས་དབང་བསྒྱུར་ལ་ཆབ་སྲིད་ཀྱི་བདག་དབང་སྲ་བརྟན་མེད་པར་འགྱུར་ཉེན་ཆེ་བར་སྙམ་ནས་རིམ་གྱིས་ཆོས་སྒོ་ཕྱེ་བ་དང་། བོད་ས་ཁུལ་ཏུ་རང་ཉིད་ཀྱིས་སྐད་ཡིག་སྦྱངས་སུ་བཅུག་པ་རེད། དེ་ནི་གཙོ་བོ་ཁོང་ཚོས་ང་ཚོ་བོད་པ་ལ་རང་ཉིད་ཀྱིས་སྐད་ཡིག་སྦྱངས་ནས་མི་རིགས་ཀྱི་འཐབ་རྕོད་ལ་འཇུག་ཐུབ་པའི་ནུས་པ་གཏན་ནས་ཡོང་མི་སྲིད་པའི་གདེངས་ཚོད་ཅིག་སླེབས་པའང་ཡིན་སྲིད།

མི་རིགས་སུ་ཡིན་རུང་རང་རང་གི་སྐད་ཡིག་དང་རིག་གཞུང་ལ་ལོངས་སུ་སྤྱད་དེ་རང་ཉིད་ཀྱི་འཚོ་བའི་དངོས་གཞི་ལ་རྨང་གཞི་བཙུགས་པ་ནས་བཟུང་། མི་རིགས་དེ་ལ་རང་ཉིད་ཀྱི་ལྟ་བ་དང་རང་ཉིེད་ཐུན་མིན་ཁྱད་ཆོས་རེ་ཡོད་ཡོད་པ་རེད་ལ། མི་རིགས་རིང་ལུགས་ཀྱི་བསམ་བློ་ལྟ་གྲུབ་ཀྱང་ཆེས་ཆེར་སླེབས་ཐུབ་པ་ནི་མི་རིགས་སོ་སོའི་སྐད་ཡིག་དང་རིག་གཞུང་གི་ནུས་པ་ཆེ་ཤོས་དེ་རེད། རྒྱུ་མཚན་དེ་ལ་བསྟེན་ནས་བོད་ས་ཡོངས་སུ་རིམ་གྱིས་འཐབ་རྩོད་ཀྱིས་ལམ་ལ་བཞུགས་འགོ་བཙུགས་པ་རེད།

ལྷག་པར་༢༠༠༨ ལོའི་ཞི་རྒོལ་ཆེན་མོས་རྒྱ་ནག་གཞུང་ལ་རང་ཉིད་ཀྱི་བོད་ལ་བཅངས་བའི་མཐོང་ཆུང་གི་ལྟ་སྟངས་དེ་ཉིད་ནོར་འཁྲུལ་ཡིན་པར་གཞི་ནས་རྟོགས་ཡོད་ལ། རང་ཉིད་ཀྱི་བདག་དབང་ལ་སྲ་བརྟན་མེད་པར་ཉེན་ཁར་ལྷུང་ཟིན་པར་ཤེས་ཡོད། རྒྱུ་རྐྱེན་དེའི་དབང་གིས་དེ་ཐེངས་ ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་འབྲེལ་ཡོད་ལས་ཁུངས་རིམ་པས་སློབ་གྲྭ་ཁག་གི་སློབ་དེབ་རིགས་ལས་ མི་རིགས་རང་གི་སྐད་ཡིག་སློབ་དེབ་ཕུད། དེ་མིན་གྱི་སློབ་དེབ་ཚང་མ་རྒྱ་ཡིག་གི་ལམ་ནས་འཁྲིད་སྦྱོང་དགོས་པའི་གླེང་ སློང་རིམ་པར་བྱུང་ཡོདཔ་དང་། ད་ཆར་དེ་ལུགས་ཀྱི་རྩ་འཛིན་ཡིག་ཆ་འགྲེམས་སྤེལ་དང་ལག་བསྟར་བྱ་ཉེའི་མཚམས་སུ་ ཁེལ་ནས་ཡོད་འདུག དེ་ཡང་མ་འོངས་ལོ་ལྔའི་ནང་དེ་ལུགས་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་འཆར་གཞི་ཡོད་པ་སོགས་གནས་ཚུལ་འདི་རིགས་བྱུང་པ་རེད་མོད། ཡིན་ནའང་། མི་རིགས་ཀྱི་བསམ་བློའོ་འདུ་ཤེས་དང་རང་ཉིད་ཀྱི་མི་རིགས་ལ་བཅངས་བའི་ལ་རྒྱ་དང་དགའ་ཞེན་ནི་སུས་ཀྱང་བཀག་མི་ཐུབ་པ་ཞིག་ཡིན་དུས། ཁོང་ཚོས་བོད་ལ་ཇི་ལྟར་བྱེས་ཀྱང་ང་ཚོ་མི་རིགས་ཀྱི་འཐབ་རྩོད་འདི་མཇུག་བསྒྲིལ་མེད་པར། དེ་ལས་ལྡོག་ཏེ་འགོ་བཙུགས་པ་ཡིན་པར་ཁོང་ཚོས་ཤེས་ཀྱི་མེད།།{jcomments on}

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།