ལག་ལེན་མེད་པའི་རྒྱ་ནག་གི་ཁྲིམས་ཡིག
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༣༠༤
ཉེ་བའི་ཆར་མདོ་སྨད་ཀྱི་ས་ཁུལ་མང་པོ་ཞིག་ནས་སློབ་མ་སྟོང་ཕྲག་མང་པོས་བོད་ཡིག་གི་སློབ་ཚན་ཁག་རྒྱ་ཡིག་ཏུ་བསྒྱུར་རྒྱུའི་འཆར་གཞི། 《སྤྱི་ལོ་༢༠༡༠-༢༠༢༠ བར་གྱི་མཚོ་སྔོན་སློབ་གསོའི་བཅོས་བསྒྱུར་འཆར་འགོད་རྩ་གནད་》ཅེས་པར་ཞི་བའི་ངོ་རྒོལ་གྱི་རྔམ་སྟོན་ཁྲོམ་སྐོར་གཞི་རྒྱ་ཆེ་བ་ཞིག་སྤེལ་ཡོད་པ་དང།
རྒྱ་གཞུང་གིས་གནད་དོན་འདིའི་ཐོག་ལ་ཐག་གཅོད་ག་འདྲ་ཞིག་བྱེད་མིན་དེ་རྒྱ་ནག་གི་ཆབ་སྲིད་འགྱུར་ལྡོག་གི་ཚད་ཐིག་ཅིག་ཏུ་ངོས་འཛིན་བྱེད་ཆོག རྒྱ་ནག་གི་རྩ་ཁྲིམས་དང་ལྷག་པར་<<མི་རིགས་ས་ཁོངས་རང་སྐྱོང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས།>>ནང་གྲངས་ཉུང་ཁག་ལ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གཙོ་བོར་བཟུང་ནས་སློབ་ཁྲིད་བྱེད་རྒྱུ་ཡིན་ཚུལ་འཁོད་ཡོད་པ་དཔེར་ན། བཅའ་ཁྲིམས་དེའི་དོན་ཚན་བཅུ་པའི་ནང། “མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་དེ་གའི་མི་རིགས་ཁག་ཚང་མར་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་དང་དར་རྒྱས་སུ་གཏོང་བའི་རང་དབང་ཡོད་པ་དང༌།”ཞེས་དང། དོན་ཚན་སོ་བདུན་པ། “གྲངས་ཉུང་མི་རིགས་ཀྱི་སློབ་གྲྭ་བ་བསྡུ་རྒྱུ་གཙོ་བོར་འཛིན་པའི་སློབ་གྲྭ(འཛིན་གྲྭའམ་སློབ་རིམ)དང་སློབ་གསོའི་སྒྲིག་གཞི་གཞན་དག་གི་ནང་ནས་ཆ་རྐྱེན་འཛོམས་པའི་རིགས་ཀྱི་གྲངས་ཉུང་མི་རིགས་ཡི་གེའི་སློབ་དེབ་སྤྱོད་དགོས་པ་མ་ཟད། གྲངས་ཉུང་མི་རིགས་ཀྱི་སྐད་ཐོག་ནས་སློབ་ཁྲིད་ཀྱང་བྱ་དགོས། གནས་ཚུལ་ལ་གཞིགས་ཏེ་སློབ་གྲྭ་ཆུང་བའི་སློབ་རིམ་དམའ་བའམ་སློབ་རིམ་མཐོ་བ་ནས་རྒྱའི་སྐད་ཡིག་གི་སློབ་ཚན་བཙུགས་ཏེ་རྒྱལ་ཡོངས་སུ་སྤྱི་ཁྱབ་ཏུ་སྤྱོད་པའི་རྒྱ་སྐད་དང་རྒྱ་ཡིག་ཚད་ལྡན་ཅན་ཁྱབ་སྤེལ་གཏོང་རྒྱུ།”ཞེས་གསལ་ཡོད་པ་རེད། གནད་དོན་འདིའི་ནང་དུ་གྲངས་ཉུང་མི་རིགས་ཀྱི་ས་གནས་ཁག་ཏུ་སློབ་མ་རྣམས་ལ་ཐོག་མ་མི་རིགས་སོ་སོའི་སྐད་ཡིག་གི་ཐོག་ནས་སློབ་ཁྲིད་བྱེད་དགོས་པ་དང། རིམ་བཞིན་སློབ་གྲྭ་ཆུང་བའི་སློབ་རིམ་དམའ་བའམ་སློབ་རིམ་མཐོ་བ་ལ་སླེབས་སྐབས་གཞི་ནས་རྒྱའི་སྐད་ཡིག་གི་སློབ་ཚན་འཛུགས་དགོས་པ་དེ་ཡིན་ཡང། ད་ཆ་དེ་ལས་ལྡོག་སྟེ་བོད་ཡིག་གི་སློབ་ཚན་རྒྱ་ཡིག་ཏུ་བསྒྱུར་རྒྱུའི་འཆར་གཞི་ཞིག་ལག་བསྟར་བྱེད་རྒྱུའི་ཐག་གཅོད་བྱུང་བ་དང། ས་གནས་ཁག་ཅིག་ནས་གང་མགྱོགས་ལག་བསྟར་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་ཚུལ་འདུག
དོན་རྐྱེན་འདི་ལ་བརྟེན་ནས་གནད་དོན་གཉིས་ར་སྤྲོད་བྱས་ཡོད་པ་དང། གཅིག་རྒྱ་ནག་གཞུང་གིས་དུས་རྒྱུན་བོད་ཀྱི་སྐད་ཡིག་རིག་གནས་རྒྱུན་འཛིན་དར་སྤེལ་ཆེད་ཤུགས་སྣོན་རྒྱག་གི་ཡོད་ཚུལ་འཛམ་གླིང་གི་ཁྱོན་དུ་དྲིལ་བསྒྲགས་བྱེད་བཞིན་པ་དེ། དོན་དངོས་ལག་ལེན་ཐོག་བདེན་པ་མིན་པ་ཧ་ཅང་གསལ་པོར་གྱུར་ཡོད་ལ། གཉིས་པ་རྒྱ་ནག་རྒྱལ་ཁབ་དེ་ཁྲིམས་ཀྱིས་སྐྱོང་བའི་རྒྱལ་ཁབ་ཅིག་ཡིན་ཚུལ་འཛམ་གླིང་གི་ཁྱོན་དུ་བསྒྲགས་བཞིན་ཡོད་ཀྱང། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཟེར་བ་ནས་གཏན་འབེབས་བྱས་པའི་རྩ་ཁྲིམས་དང། མི་རིགས་ས་ཁོངས་རང་སྐྱོང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་སོགས་ཀྱི་ནང་དུ་མཁས་སྙན་འདྲ་ཆགས་གི་ཚིག་དོན་མི་ཉུང་བ་ཞིག་ཡོད་པ་དེ་དག་དོན་དངོས་ལག་བསྟར་གཏན་ནས་བྱེད་ཀྱི་མེད་པའང་ར་སྤྲོད་གསལ་པོ་བྱུང་བ་རེད། བོད་ས་ཡོངས་རྫོགས་རྒྱ་ནག་གིས་དབང་བསྒྱུར་བྱས་ནས་མི་ལོ་༥༠ ལྷག་ཕྱིན་ཟིན་ཀྱང། ད་དུང་རྒྱ་གཞུང་གིས་བོད་མི་རིགས་ཁ་ནས་ཟ་ཐུབ་པ་ཙམ་ལས་ཁོག་ནས་འཇུ་མ་ཐུབ་པའི་གནས་ཚུལ་མང་པོ་ཞིག་ཡོང་གི་ཡོད་པ་དང། དེ་ཡང་གཙོ་ཆེ་ཤོས་བོད་ཀྱི་སྐད་ཡིག་དང་རིག་གནས་ལ་བརྟེན་ནས་བོད་པ་རྣམས་རྡོག་རྩ་གཅིག་སྒྲིལ་བྱེད་ཐུབ་ཀྱི་ཡོད་པ། ཆོས་དང་རིག་གནས་ཀྱི་རྨང་གཞི་སྐད་ཡིག་རྩ་བརླག་ཏུ་བཏང་ན་ཆོས་དང་རིག་གནས་ཙམ་དུ་མ་ཟད། མི་རིགས་ཀྱི་ངོ་བོ་ཡང་རྩ་བརླག་ཏུ་གཏོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པ་རེད། ད་ལྟ་བོད་ནང་གི་སློབ་ཕྲུག་ཚོས་བོད་ཀྱི་སྐད་ཡིག་རིག་གནས་ཁོ་ནའི་ཆེད་དུ་ངོ་རྒོལ་སྐད་འབོད་དང་རྔམ་སྟོན་བྱེད་བཞིན་པ་ལས། གཞན་རང་བཙན་དང་རང་སྲིད་རང་སྐྱོང་སོགས་ཀྱི་ཐད་ནས་སྐད་འབོད་བྱས་པ་ཞིག་གཏན་ནས་མིན་ཡང། རྒྱ་གཞུང་གིས་མི་རིགས་དང་རྒྱལ་ཁབ་ཁ་བྲལ་གྱི་ནག་ཉེས་གཡོགས་ངེས་པས་བཙན་བྱོལ་བོད་གཞུང་དང་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་ཁག་ནས་རྒྱལ་སྤྱིའི་ཐོག་ཏུ་འབོད་སྐུལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་དགོས་པ་དང། བོད་ཕྱི་ནང་གཉིས་ནས་ཞི་རྒོལ་དེའི་ནང་དོན་སྐད་ཡིག་རིག་གནས་ཁོ་ནའི་ཆེད་དུ་ཡིན་པ་དེ་ཁོ་ན་གཙོ་བོར་འཛིན་དགོས་པ་ལས། ཆབ་སྲིད་སོགས་ཁ་ཕྱོགས་གཞན་དུ་སྒྱུར་མི་རུང་བ་ནི་འཕྲལ་ཕུགས་གཉིས་ཐད་ནས་ཧ་ཅང་གལ་ཆེ་བར་མཐོང་།།
{jcomments on}