རྒྱ་ནག་གི་ཕྱི་སྲིད་སྤེལ་སྟངས་སྐོར་ལ་རགས་ལྟ། ༡

འུ་ཚོས་ཤེས་གསལ་ལྟར། རྒྱ་ནག་གུང་ཁྲན་ཏང་ལ་རྒྱ་ནག་སྐམ་ས་ཆེན་མོའི་རྒྱལ་ཁབ་བརྒྱད་ཀྱི་མཉམ་འབྲེལ་དམག་དང་། འཇར་པན་གྱི་བཙན་མནོན། ཏང་ཁག་གཉིས་བར་གྱི་འཐབ་རྩོད་དང་དམག་འཁྲུག་བཅས་ཕྱོགས་ཁ་ཤས་ནས་རྒྱལ་ཁ་ཐོབ་རྗེས། པེ་ཅིན་སྲིད་གཞུང་གིས་དུས་ནམ་ཡང་ཕྱི་ཕྱོགས་ཀྱི་རྒྱལ་ཁབ་ཁག་ལ་ཐེ་ཚོམ་འདྲ་མིན་སྐྱེས་བཞིན་ཡོད། དེ་ནི་རྒྱ་ནག་མི་རིགས་འདི་ཉིད་དུས་ཡུན་རིང་བོར་བཙན་གནོན་དང་མི་སེར་སྤེལ་ཡུལ་དུ་གྱུར་བའི་ཤུགས་རྐྱེན་དང་བག་ཆགས་བཅས་ཀྱི་ངོས་ནས་གླེང་ཐུབ།

 

སྐབས་དེའི་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཚོའི་བསམ་བློའི་འདུ་ཤེས་ཁྲོད། ཕྱི་གླིང་རྒྱལ་ཁབ་ཁ་ཤས་ཀྱིས་རྒྱ་ནག་གི་ཉེ་རབས་ལོ་རྒྱུས་ཀྱི་བྱུང་རིམ་ཁྲོད་བཟོས་ཟིན་པའི་རྨ་ཁ་རྣམས་དུས་ནམ་ཡང་བརྗེད་ཐབས་གཏན་ནས་མེད་པ་མ་ཟད། ནུབ་ཕྱོགས་རྒྱལ་ཁབ་དུ་མའི་སྟོབས་ཤུགས་འོག་རྒྱལ་སྤྱིའི་དམར་ཕྱོགས་སྤྱི་ཚོགས་ཆེ་ཤོས་ཨུ་རུ་སུ་ཡང་རྩ་འཐོར་དུ་སོང་བ་དང་། དེ་བཞིན་ཨ་རི་དང་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་གཙོས་པའི་དམངས་གཙོའི་རྒྱལ་ཁབ་མང་པོ་ཞིག་ལ་རྒྱ་ནག་གི་སྟོབས་ཤུགས་ཁ་འཐོར་དུ་གཏོང་རྒྱུའི་དམིགས་ཡུལ་ཡོད་པའི་ལྟ་ཚུལ་འཛིན་པའི་ཐོག དུས་ནམ་ཡང་ནུབ་ཕྱོགས་དགྲ་ཟླའི་སྟོབས་ཤུགས་ལ་ཁ་གཏད་གཅོག་གང་ཐུབ་བྱེད་གྱི་ཡོད།

དེ་དག་གི་རྐྱེན་པས། རྒྱག་ནག་གི་དྲིལ་བསྒྲགས་དང་གསར་འགྱུར་རྒྱུད་ལམ་ཁག ཀློག་བརྙན་དང་བྱིས་སྒྲུང་ཚུན་ཆོད་དུའང་། ནུབ་ཕྱོགས་དགྲ་ཟླའི་སྟོབས་ཤུགས་ཀྱིས་རྒྱ་ནག་གི་མི་མང་དང་སྲིད་ཇུས་ཁག་ལ་ཐེ་གཏོགས་དང་བཙན་གནོན་བྱེད་རྒྱུར་ཉེན་ཁ་ཤིན་ཏུ་ཆེ་ཚུལ་དང་།  རྒྱ་ནག་མི་མང་ནི་འཛམ་གླིང་མི་མང་གི་མདུན་དུ་སོམ་སོ་བྱེད་ཆོག་པའི་མི་རིགས་ཤིག་ཡིན་ཚུལ་སོགས་ཀྱི་རྗོད་སྟངས་འོག རྒྱ་ནག་མི་མང་གི་སེམས་སུ་ནུབ་ཕྱོགས་རྒྱལ་ཁབ་དང་དམངས་གཙོའི་རྒྱལ་ཁབ་ཀྱི་མིང་ཙམ་ལའང་དགྲ་ཟླའི་འདུ་ཤེས་སྐྱེས་སུ་བཅུག་ཡོད། དོན་ངོ་མ་དེ་ནི་རྒྱ་ནག་གི་སྟོབས་ཤུགས་ཆེ་ཤོས་དེ་ཡིན་ལ། ད་སྔ་ད་དུང་རྒྱ་ནག་སྲིད་ཇུས་གང་མང་ལ་འགྱུར་བ་འགྲོ་མི་ཐུབ་པའི་གནད་དོན་གཙོ་བོ་ཡང་འདིར་ཐུག་ཡོད། དེ་བས་རྒྱ་ནག་གཞུང་གིས་གདེང་ཚོད་ཆེན་པོས་ངང་རྒྱ་ནག་མི་མང་གི་སྟོབས་ཤུགས་འདི་ཁྱེར་ཏེ། ཕྱི་འབྲེལ་དང་ནུབ་གླིང་རྒྱལ་ཁབ་ཁག་ལ་ཁ་གཏད་གཅོག་གི་ཡོད་པ་མ་ཟད། སྒོས་སུ་ཁ་བྲལ་རིང་ལུགས་པར་བསྙད་པའི་བོད་དང་ཡུ་གུར་མི་རིགས་ཀྱི་འཐབ་རྩོད་དག་ལའང་མི་མང་གི་སྟོབས་ཤུགས་ཁྱེར་ནས་ཁ་གཏད་གཅོག་གིན་ཡོད།

འདི་ནས་དཔེ་མཚོན་གཅིག་གིས་གསལ་བོ་ཤེས་ཐུབ་པ་ནི། སྤྱི་2008ལོའི་བོད་ཀྱི་ཞི་རྒོལ་སྐབས་རྒྱ་ནག་གཞུང་གིས་གང་མགྱོགས་ངང་བོད་ཀྱི་ཞི་རྒོལ་གྱི་ངོ་བོ་དེ་ཉིད་མི་རིགས་གཉིས་ཀྱི་གནད་དོན་གྱི་ངོ་བོར་བསྒྱུར་བ་དང་། མི་རིགས་གཉིས་ཀྱི་འཁོན་སེམས་ཀྱི་ངོ་བོར་བསྒྱུར་ཅི་ཐུབ་བྱས་པའི་རྒྱབ་ལྗོངས་ཀྱང་ཞི་རྒོལ་གྱིས་རྒྱ་ནག་མི་མང་ཁོང་ཁྲོ་སློང་དུ་འཇུག་གི་ཡོད་པ་དང་།  གལ་སྲིད་སྲིད་ཇུས་སྤེལ་ཕྱོགས་དེས་མི་རིགས་གཉིས་བར་གྱི་འཁོན་འཛིང་དང་མི་རིགས་གཉིས་བར་གྱི་གནདདོན་ཞིག་ཏུ་བསྒྱུར་ཐུབ་པ་ཡིན་ན། བོད་དོན་གྱིས་རྐྱེན་པས་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་གླེང་སློང་ཇི་ལྟར་བྱུང་ཡང་། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་གནོད་ཤུགས་ཇི་ཙམ་སྤྲད་ཀྱང་། རྒྱ་ནག་གཞུང་ལ་དེ་ཙམ་གྱི་འཇིགས་སྣང་དང་དོགས་སྣང་ཆེན་པོ་བྱེད་མི་དགོས་ཤིང་། རྒྱ་ནག་མི་མང་གི་སྟོབས་ཤུགས་གཅིག་ཏུ་སྤུངས་ཏེ་གུང་ཁྲན་ཏང་གི་རྒྱབ་རྩར་ཤུགས་ཀྱིས་ལངས་ཡོང་རྒྱུ་ཡིན་པའི་ངོས་འཛིན་བྱེད་གྱི་ཡོད།

མུ་འགོད།

Leave a Reply

Your email address will not be published. Required fields are marked *