བོད་ཡིག་ནི་བོད་མི་ས་ཡ་དྲུག་གི་སྲོག་རྩ་རེད།
རྩོམ་ཡིག་འདི་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་ཁྲེན་དབུས་ཅན་གྱིས་(boxun.com/news) བོ་ཤུན་དྲ་རྒྱའི་ནང་ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༢༦ འགོད་སྤེལ་བྱས་འདུག་ཅིང་བུ་རྫོང་ལྷ་མོ་ཚང་ཚེ་རིང་དབང་ཕྱུག་ནས་བོད་བསྒྱུར་ཞུས་པའོ།
ཕྱི་རྒྱལ་ཡུལ་དུ་སྐྲ་ནག་པོ་དང་ཤ་མདོག་སེར་པོ་ཡིན་པའི་རྒྱ་མི་མི་ཉུང་བ་ཞིག་ཡོད་པ་དེ་དག་གིས་རྒྱ་སྐད་རྒྱག་མི་ཤེས་པ་དང་རྒྱ་ཡིག་འབྲི་ཤེས་ཀྱི་མེད། ཁོང་ཚོས་རྒྱ་ནག་གི་རིག་གནས་བྱུང་རབས་སྐོར་ལའང་ཤེས་རྟོགས་ཧ་ཅང་སྐྱོ་པོ་ཡིན་སྟབས། མི་རྣམས་ཀྱིས་ཁོང་ཚོར་ “ངང་ལག་གི་མི་BANANA” ཞེས་འབོད་ཀྱི་ཡོད་པ་རེད། “རྒྱ་ནག་གི་ས་ཁོངས་སུ་”བོད་མི་ས་ཡ་དྲུག་ལྷག་ཙམ་ཡོད་པའི་ནང་བོད་མི་རིགས་གནས་སའི་སོ་སོའི་ས་ཆའི་ནང་དུའང་ད་ཆ་བོད་ཡིག་དང་བོད་སྐད་མ་ཤེས་པའི་“ངང་ལག་གི་མི་”ལྟ་བུར་གྱུར་དང་འགྱུར་བཞིན་པ་རེད། ཉེ་ཆར་མཚོ་སྔོན་ཞིང་ཆེན་སློབ་གསོའི་སྡེ་ཚན་ནས་བོད་རིགས་ས་ཁུལ་དུ་སློབ་གསོ་བསྒྱུར་བཅོས་ཀྱི་ལས་འགུལ་སྤེལ་ཏེ་བོད་ཡིག་དང་དབྱིན་ཡིན་ཕུད། དེ་བྱིངས་སློབ་དེབ་ཆ་ཚང་རྒྱ་ཡིག་བེད་སྤྱོད་བྱ་དགོས་པ་དང་སློབ་ཚན་ཡང་རྒྱ་སྐད་ཐོག་ཁྲིད་དགོས་ཞེས་རེ་བ་བཏོན་འདུག དེར་བརྟེན་མདོ་སྨད་མཚོ་སྔོན་གྱི་བོད་རིགས་སློབ་ཕྲུག་དང་དགེ་རྒན་སྟོང་ཕྲག་འགའ་ཞིག་གིས་ངོ་རྒོལ་སྐད་འབོད་བྱས་ཡོད་པ་མ་ཟད། ཁོང་ཚོའི་བྱ་སྤྱོད་འདི་རྒྱ་ནག་གི་རྒྱལ་ས་པེ་ཅིན་བར་དུ་ཁྱབ་གདལ་ཕྱིན་སྟེ། ཕལ་ཆེར་ཀྲུང་བྱང་མི་རིགས་སློབ་གྲྭའི་སློབ་ཕྲུག་གྲངས་བཞི་བརྒྱ་ལྷག་ཙམ་གྱིས་སློབ་གྲྭའི་ནང་སྐད་འབོད་རྔམ་སྟོན་བྱས་པ་དང་ཁོང་ཚོའི་ལག་ཏུ་“མི་རིགས་ཀྱི་སྐད་ཡིག་ལ་སྲུང་སྐྱོབ་བྱས་ཏེ་རྒྱ་ནག་གི་དཔལ་ཡོན་དར་སྤེལ་”གཏོང་དགོས་ཞེས་བྲིས་པའི་འཕྲེད་དར་ཡང་ཕྱར་ཡོད་པ་རེད།
ང་ཚོས་ཤེས་གསལ་ལྟར། མི་རིགས་ཤིག་འཛམ་གླིང་གི་མི་རིགས་ཁྱུ་ཚོགས་ཀྱི་དཀྱིལ་དུ་རྒྱུད་མི་སྟོང་པར་མུ་མཐུད་གནས་ཐུབ་པའི་གཞི་རྟེན་ནི་མི་རིགས་དེའི་སྐད་དང་ཡི་གེ་ཡིན་ཞིང༌། ལྷག་དོན་དུ་དེང་གི་འཛམ་གླིང་ནང་ལམ་ལུགས་གཅིག་གིས་ལམ་སྲོལ་བྱེད་པའི་དུས་རབས་སུ་མི་རིགས་གཅིག་གི་སྐད་ཡིག་དེ་བས་གལ་ཆེན་པོར་མངོན་གྱི་ཡོད་པ་ནིེ། མི་རིགས་དེ་འཆི་གསོན་གྱི་རྒྱུ་རྐྱེན་འབའ་ཞིག་ཏུ་གྱུར་ཡོད། བོད་ཡིག་ནི་མཚོ་བོད་གངས་ལྗོངས་ས་མཐོའི་རང་དབང་ཅན་གྱི་སྐད་ཡིག་ཅིག་ཡིན་པ་དང་རྒྱལ་རབས་ཆོས་འབྱུང་ནང་གསལ་ལྟར་ན་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བློན་པོ་ཐོན་མི་སཾ་བྷོ་ཊས་རྒྱ་གར་གྱི་ལེགས་སྦྱར་ཡི་གེར་དཔེ་བླང་ཏེ་གསར་གཏོད་གནང་ནས། ད་བར་ལོ་གཅིག་སྟོང་སུམ་བརྒྱ་ལྷག་ཕྱིན་པའི་ལོ་རྒྱུས་ཡོད་པའི་ཡིག་རིགས་འཐུས་སྒོ་ཧ་ཅང་ཚང་བ་ཞིག་ཡིན་ཞིང༌། ཡི་གེ་དེས་རྒྱ་ཆེ་གཏིང་ཟབ་ཀྱི་བོད་བརྒྱུད་ནང་བསྟན་གྱི་རིག་གཞུང་ཐོན་ཡོད་པ་མ་ཟད། མཚར་སྡུག་ལྡན་པའི་བོད་རིག་གི་རྩོམ་རིག་སྒྱུ་རྩལ་ཐོན་ཡོད་པ་སྟེ། འཛམ་གླིང་ནང་རིང་ཤོས་ཡིན་པའི་གེ་སར་རྒྱལ་པོའི་སྙན་སྔགས་ཀྱི་གཏམ་རྒྱུད་དང༌། ྋརྒྱལ་མཆོག་སྐུ་ཕྲེང་དྲུག་པ་ཚང་དབྱངས་རྒྱ་མཚོའི་འགུལ་གླུ་སོགས་སྙན་པར་གྲགས་པའི་སྙན་རྩོམ་མང་ཐག་ཐོན་ཡོད། འཛམ་གླིང་གི་གཞི་ཁྱོན་གྱི་ཆ་ནས་གླེང་ན། བོད་ཡིག་སྟེ་སྐད་ཡིག་ཆུང་གྲས་ཀྱི་ཁུངས་གཏོགས་ཤིག་ཡིན་ནའང༌། འཛམ་གླིང་གི་སྐད་ཡིག་རིག་གནས་ནང་དམིགས་བསལ་གྱི་ནུས་པ་ཐོན་ཡོད།
ནུས་པ་འདི་ཇི་ལྟར་ཐོན་པ་རེད་ཅེ་ན། རྒྱ་ནག་དམར་གཞུང་གི་བཙན་གནོན་དབང་བསྒྱུར་འོག་བོད་མི་སྟོང་ཕྲག་མང་པོ་རྒྱ་གར་ནང་བཙན་བྱོལ་དུ་སླེབས་རྗེས། ཁོང་ཚོས་རང་མི་རིགས་ཀྱི་སྐད་དང་ཡི་གེ་མཚོན་པའི་རིག་གནས་རྣམས་ཉམས་པ་སླར་གསོ་བྱས་པ་དང༌། ཁྱད་བར་དུ་ྋགོང་ས་ཏཱ་ལའི་བླ་མ་མཆོག་ཕྱི་རྒྱལ་ཡུལ་གྲུ་གང་སར་ཞབས་བཅགས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ནང་ཞི་བདེ་དང༌། ཁོར་ཡུག་སྲུང་སྐྱོབ། མི་དང་མིའི་དབར་བྱམས་སྙིང་རྗེ་དང་བཟོད་བསྲན་བྱེད་པའི་ནང་པའི་ཆོས་ཀྱི་ལྟ་གྲུབ་དར་སྤེལ་གཏོང་གནང་མཛད་པ་ནུབ་ཕྱོགས་ཀྱི་མི་མང་ཆེ་བས་དང་ལེན་ཞུས་པ་མ་ཟད། གོམ་གང་མདུན་སྤོས་ཀྱིས་དར་ཁྱབ་ཕྱིན་པ་བརྒྱུད་ནུབ་ཕྱོགས་ཀྱི་མང་གཙོའི་སྤྱི་ཚོགས་དང་མང་གཙོའི་རིག་གནས་དང་གཅིག་ཏུ་འདྲེས་ཏེ། སྐད་ཡིག་དེ་འཕེལ་རིམ་གསར་པ་བྱུང་སྟེ་དུས་རབས་ཀྱི་གོམ་བགྲོད་དང་མཐུན་པའི་ཚེ་སྲོག་གསར་པ་ཞིག་བསྐྱེད་བསྲིངས་བྱུང་ཡོད། འོན་ཀྱང༌། འདི་ལྟ་བུའི་སྐད་ཡིག་དེ་བོད་རིགས་ས་ཁུལ་ནང་རྒྱ་དམར་གཞུང་གི་སྲིད་བྱུས་འོག་སྟོང་ལ་ཉེ་བའི་གནས་སུ་གྱར་ཡོད་པ་རེད།
རྒྱ་ནག་དམར་གཞུང་གིས་བོད་ལ་ཕུགས་རྒྱང་རིང་པོའི་རྩ་མེད་བཟོ་བའི་ཐབས་ཇུས་ཤིག་བཟུང་ཡོད་པ་དེ་ནི། བོད་ཀྱི་སྐད་དང་ཡི་གེ་རིམ་པས་རྩ་མེད་བཟོས་ཏེ་བོད་ལ་དབང་བསྒྱུར་སྲ་བརྟན་ཡོང་ཐབས་བྱེད་པའི་དམིགས་ཡུལ་བསྒྲུབ་རྒྱུ་འདི་རེད། ཁོ་པ་ཚོའི་ཐབས་ཇུས་ཀྱི་གོམ་སྟབས་དང་པོ་དེ་ནི་རྒྱ་མི་འབོར་ཆེན་བོད་ནང་གནས་སྤོ་བྱས་ཏེ། བོད་དུ་བསྐྱོད་པའི་འགྲིམས་འགྲུལ་དེང་རབས་ཅན་ཏུ་གྱུར་ནས་འགྲོ་ལམ་དོག་པོ་བདེ་ལམ་དུ་གྱུར་རྗེས། རྒྱ་མི་འབོར་ཆེན་བོད་ནང་གནས་སྤོ་དང་ཆབས་ཅིག་ཁོང་ཚོས་ཁྱེར་ཡོང་བའི་རྒྱ་མི་རིགས་ཀྱི་གོམ་སྲོལ་རིག་གནས་དེ་གཙོ་བོར་གྱུར་ནས་བོད་མི་རིགས་ཀྱི་རིག་གནས་ཟུར་དུ་འབུད་པ་འམ་མཐའ་ཁུལ་རིགས་གནས་ཀྱི་གནས་སུ་གྱར་ཡོད།
གོམ་སྟབས་གཉིས་པ་སྟེ། རྒྱ་ཡིག་ཐོག་སློབ་གསོ་རྒྱག་རྒྱུ་དར་སྤེལ་བཏང་སྟེ། རྒྱའི་སྐད་ཡིག་ཐོག་ནས་གསར་འགྱུར་བརྒྱུད་ལམ་ཁག་དྲིལ་བསྒྲགས་བྱ་རྒྱུ་དེ་རེད། རྒྱ་ནག་དམར་གཞུང་གིས་བོད་ལ་དབང་བསྒྱུར་བྱས་པའི་རྗེས་སུ། དམའ་རིམ་དང་འབྲིང་རིམ་སློབ་གྲྭའི་ནང་བོད་དང་རྒྱའི་སྐད་ཡིག་གཉིས་ཀྱི་སློབ་གསོ་སྤྲོད་རྒྱུ་ལག་བསྟར་བྱས་ཡོད་ཀྱང༌། རིག་གནས་གསར་བརྗེ་སྐབས་བོད་ཡིག་གི་སློབ་གསོ་གཏོང་ཕྱོགས་མཚམས་འཇོག་བྱས་ཡོད། འོན་ཀྱང་ཕྱི་ལོ་ ༡༩༨༠ ལོའི་ནང་ཧུ་ཡའོ་ཕང་གི་སྲིད་ཇུས་སྐྱོང་སྐབས་གཞི་ནས་བོད་ཡིག་གི་སློབ་སྦྱོང་སྤྲོད་ཕྱོགས་སླར་གསོ་བྱས་ཡོད་ཀྱང༌། ཕྱི་ལོ་ ༡༩༩༧ ལོ་ནས་བཟུང་དམའ་རིམ་སློབ་ཆུང་འཛིན་གྲྭ་དང་པོ་ནས་འགོ་བཙུགས་ཏེ་རྒྱ་ཡིག་སློབ་གསོ་གཙོ་གཉེར་བྱེད་པའི་སྲིད་བྱུས་ལག་བསྟར་བྱས། མཐོ་རིམ་སློབ་གསོ་གཏོང་ཕྱོགས་ཐད་སྔར་ནས་ད་བར་རྒྱ་ཡིག་ཁོ་ནས་སློབ་སྦྱོང་སྤྲད་ཡོད། བརྙན་འཕྲིན་དང༌། རླུང་འཕྲིན། གསར་ཤོག་དུས་དེབ་སོགས་གཉེར་ཕྱོགས་ཐད་རྒྱ་ཡིག་གཙོ་བོ་དང་བོད་ཡིག་ཕལ་པའམ་ཞོར་ཐོན་ལྟ་བུའི་གནས་སུ་ལྷུངས་ཡོད། མདོར་ན་བོད་ཀྱི་སྐད་ཡིག་གི་མཚོན་པའི་རིག་གནས་མཐའ་འདི་ལྟར་ལྷུངས་ཡོད་པར་རྒྱ་ནག་དམར་གཞུང་ད་དུང་ཡང་འདོད་པ་མ་ཚིམས་པར། ཕྱི་ལོ་ ༢༠༠༨ ལོའི་བོད་ས་ཡོངས་རྫོགས་ཞི་རྒོལ་ཆེན་པོའི་དོན་རྐྱེན་བྱུང་རྗེས་སུ། རྒྱ་ནག་དམར་གཞུང་གིས་བོད་ཀྱི་རིག་གནས་རྩ་སྟོང་བཟོ་བའི་གོམ་བགྲོད་མགྱོགས་སུ་བཏང་སྟེ། མཚོ་སྔོན་ཞིང་ཆེན་གྱིས་སློབ་དེབ་དང་སློབ་ཁྲིད་ཡོ་ཆས་ཚང་མ་རྒྱ་ཡིག་བེད་སྤྱོད་བྱ་དགོས་པའི་རེ་བ་བཏོན་པ་དེའི་རྒྱབ་ལྗོངས་འོག་ནས་བོད་ཡིག་རྩ་སྟོང་བཟོ་བའི་སྲིད་བྱུས་དེ་བཏོན་པ་རེད། དེ་ཡང་བོད་རིགས་ས་ཁུལ་ཡོངས་སུ་རྫོགས་པར་སྲིད་བྱུས་དེ་ཁྱབ་གདལ་གཏོང་རྒྱུའི་ཚོད་བལྟ་ཞིག་ཀྱང་ཡིན་པ་རེད། གཞི་རྐང་རྒྱལ་ནང་དུ་བོད་ཀྱི་གནད་དོན་ཞིབ་འཇུག་བྱེད་མཁན་བློ་གཟུ་བོར་གནས་པ་ཁག་ཅིག་གིས་ད་ལྟའི་བོད་ལ་འཛིན་པའི་སྲིད་བྱུས་དེས་གྲུབ་འབྲས་ཡག་པོ་ཐོན་རྒྱུ་མིན་པ་ཤེས་རྟོགས་ཡོད་ཀྱང༌། བོད་ཀྱི་གནད་དོན་འདི་བོད་མི་རང་གི་རིག་གནས་ཤིག་ཡིན་དུས་རང་གི་རྩོད་ལེན་བྱེད་དགོས་ཀྱང༌། རེངས་པོར་གྱུར་བའི་དཔོན་རིགས་ཀྱི་མ་ལག་དེས་སྔར་བཞིན་རང་བསམ་རང་བྱེད་ཁོ་ནས་ཟད།
ྋགོང་ས་ཏཱ་ལའི་བླ་མ་ཆོག་ནས། “གལ་ཏེ་བོད་འདི་ད་མུས་བཞིན་མུ་མཐུད་གནས་ཚེ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་དེ་ལོ་བཅོ་ལྔའི་ནང་ཚུད་སྟོང་གི་རེད་”ཅེས་བཀའ་བསྩལ་མྱོང་ཡོད། སྐད་དང་ཡི་གེ་ནི་མི་རིགས་གི་ངོས་ནས་བཤད་ན་འཆི་གསོན་གྱི་གནད་དོན་ཆེན་པོ་རེད། བོད་མི་རིགས་ལ་ ༢༠༠༨ ལོའི་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་པ་དུས་ད་ལྟའང་སེམས་ནང་གྲང་ཤུར་ཤུར་དུ་བསྡད་ཡོད་ཀྱང༌། ཁོང་ཚོས་ད་དུང་ཡང་དཔའ་ངར་ཞུམ་མེད་ངང་ཁྲོམ་གཞུང་དུ་བསྐྱོད་དེ་ངོ་རྒོད་སྐད་འབོད་བྱེད་བཞིན་ཡོད། ཐེངས་འདིའི་“བོད་སྐད་སློབ་གསོའི་”ཆེད་དུ་བྱས་པའི་གཞི་རྒྱ་ཆེ་བའི་ངོ་རྒོལ་སྐད་འབོད་དེར། རྒྱ་ནག་དམར་གཞུང་གི་ཉེན་རྟོགས་པ་ས་གནས་སུ་འབྱོར་ནས་ལྟ་རྟོགས་བྱས་ཀྱང་ལག་པ་བཀྱག་ཏེ་དྲག་གནོན་བྱས་མེད། དོན་རྐྱེན་བྱུང་རྗེས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་ནས་ཀྱང་སྲིད་བྱུས་དེ་ལག་བསྟར་བྱ་རྒྱུ་དུས་འགྱངས་བྱས་པ་སོགས་རྒྱ་ནག་གཞུང་གིས་གནད་དོན་དེར་དོ་ནན་གྱིས་ཐག་གཅོད་བྱས་ཡོད་པ་དེ་འགོ་བཙུགས་ས་ཡག་པོ་ཞིག་ལ་ལྟ་ཆོག བོད་མི་རྣམས་ལ་སོ་སོའིགོམ་གཤིས་ལྟར་འཚོ་བ་བསྐྱལ་མཇུག་པ་བརྒྱུད་སོ་སོའི་ཐུ་མོང་མ་ཡིན་པའི་རིག་གནས་ལོངས་སུ་སྤྱོད་རྒྱུ་དེ་ནི་བོད་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུའི་རྩ་བའི་གནད་དོན་རེད། བོད་མི་ས་ཡ་དྲུག་རྣམས་མི་རབས་ནས་མི་རབས་བརྒྱུད་པའི་རང་གི་སྐད་དང་ཡི་གེ་རྒྱུན་གནས་བྱ་རྒྱུ་དེ་བོད་མི་ས་ཡ་དྲུག་གཅིག་པུའི་དགའ་བ་སྐྱེས་པའི་དོན་ཆེན་ཞིག་མ་ཡིན་པར་ས་ཁོངས་བདག་ཁྱོན་གཅིག་ནང་མཉམ་དུ་འཚོ་བ་བསྐྱལ་བཞིན་པའི་རྒྱ་མི་རིགས་དུང་ཕྱུར་བཅུ་གསུམ་གྱི་དོན་ཆེན་ཞིག་དང་འཛམ་གླིང་རིགས་གནས་ཧྲིལ་པོའི་དོན་ཆེན་ཞིག་ཀྱང་ཡིན་ནོ།། །།{jcomments on}