བཙན་བྱོལ་ནང་དུ་རང་སྣང་གང་ཤར་རེད་དམ།

སོག་ཤོད་དར་རྒྱས།

ཉེ་ཆར་བོད་ནང་དུ་སློབ་ཕྲུག་ཚོས་རྒྱ་ནག་གཞུང་ལ་ཞུ་འབོད་ཁྲོམ་སྐོར་གཞི་རྒྱ་ཆེན་པོ་ཞིག་བྱས་ནས། མཐོ་རྒྱ་མིའི་ཞིང་ཆེན་གྱི་དཔོན་པོ་ཡང་ས་གནས་རང་ལ་ཡོང་དགོས་པ་ཞིག་བཟོས་ནས་སྐད་ཡིག་གི་ཐོབ་ཐང་བརྩད་པ་རེད། བཙན་བྱོལ་ནང་དུའང་དེ་ལ་རྒྱབ་སྐྱོར་གྱི་རྣམ་པ་མཚོན་ཆེད་དུ་མར་མེའི་ཁྲོམ་སྐོར་ལྟ་བུ་ཐེངས་ཁ་ཤས་བྱས་པ་རེད།

དེ་དག་ནི་རྣམ་འགྱུར་སྟོན་ཆེད་ཙམ་རེད། དོན་ངོ་མའི་རྒྱབ་སྐྱོར་ཞིག་ཆགས་ཀྱི་ཡོད་མེད་བཤད་ཁག་པོ་རེད། གང་ཡིན་ཟེར་ན། བཙན་བྱོལ་ནང་དུ་རང་དབང་ཡོད་སྟབས། སྐད་ཡིག་དང་རིག་གཞུང་སོགས་ཀྱི་ཐོག་ལ་མི་འབོར་ལ་དཔག་པའི་ཚད་གཞི་ཞིག་ལ་སླེབས་དགོས་ངེས་ཡིན་ཡང་ད་ལྟ་གང་ཞིག་ལ་སླེབས་ཡོད་མེད་དང་། གང་ཞིག་ཏུ་ཁ་ཕྱོགས་འགྱུར་བཞིན་པ་སྒེར་སོ་སོ་ལ་མཛུབ་མོ་འཛུགས་རྒྱུ་རེད།    གནད་དོན་དེའི་སྐོར་བོད་ནང་ནས་དགེ་རྒན་ངོ་ཤེས་པ་ཞིག་གིས་འདི་ལྟར་བཤད་ཀྱི་འདུག བཙན་བྱོལ་ནང་གི་དྲ་རྒྱ་འགའ་ཤས་ནང་ཁྱད་མཚར་དེ་འདྲ་བྲིས་འདུག དོན་ངོ་མ་ནི། ལོ་སྔོན་མ་ནས་རྒྱ་ནག་སློབ་གསོ་པུའུ་ཟེར་བས་ཁྲིམས་ལུགས་གསར་པ་ཞིག་བཟོས་ཏེ། གྲངས་ཉུང་མི་རིགས་ས་ཁུལ་ནས་སོ་སོའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལས་གཞན་གྱི་སློབ་ཚན་མཐའ་དག་རྒྱ་ཡིག་ནང་འཁྲིད་དགོས་པའི་གྲོས་གཞི་བཏོན་པ་ལྟར། སློབ་གྲྭ་སོ་སོར་སོང་ནས་གྲོས་འགོ་འདོན་ཁུལ་ཙམ་བྱེད་སྐབས་བོད་ཁུལ་གྱི་ས་ཁུལ་མང་པོ་ཞིག་གིས་དེ་ལ་མོས་མཐུན་མེད་པའི་རྣམ་འགྱུར་གསལ་པོ་བསྟན་ཡོད་ན་ཡང་། ཡུལ་ལུང་བྱེ་བྲག་པ་རེ་འགས་དེ་ལ་མོས་མཐུན་བྱས་ཡོད་པ་རེད། ད་ལོ་ཁྲིམས་ཡིག་དངོས་སུ་བསྒྲགས་ཏེ་ལོ་ལྔའི་ནང་ཚུན་དུ་སློབ་དེབ་མཐའ་དག་ངེས་པར་དུ་བསྒྱུར་དགོས་པར་བྱས་སྟབས། རིམ་བཞིན་ཞུ་འབོད་ཁྲོམ་སྐོར་གྱི་ལས་འགུལ་དེ་དག་བྱུང་བའི་སྐོར་བཤད་ཀྱི་འདུག

ད་དུང་ཁོང་གིས། བཙན་བྱོལ་ནང་དུ་འཇམ་ཐིང་ངེར་བསྡད་པ་བློ་ཕམ་བྱུང། མར་མེའི་ཁྲོམ་སྐོར་ཟེར་བ་སོགས་ནི་རྣམ་འགྱུར་ཙམ་རེད། བོད་ནང་དུ་བོད་ཀྱི་སྐད་ཡིག་མ་གཏོགས་སློབ་ཚན་གཞན་དག་རྣམས་རྒྱ་ཡིག་ནང་དུ་འཁྲིད་དགོས་ཟེར་དུས། དེ་ལ་མོས་མཐུན་མེད་པར་སྐད་འབོད་བྱས་པ་རེད། བཙན་བྱོལ་ནང་དུ་སློབ་གྲྭ་ཕལ་ཆེ་བའི་ནང་བོད་ཀྱི་སྐད་ཡིག་མ་གཏོགས་སློབ་ཚན་གཞན་རྣམས་དབྱིན་སྐད་ནང་དུ་འཁྲིད་བཞིན་པ་རེད་འདུག དེ་ཁྱད་མཚར་རེད། ད་ལྟ་བར་དུ་མི་ལོ་ལྔ་བཅུའི་རིང་བོད་པའི་སློབ་གྲྭ་ཟུར་དུ་བཙུགས་ནས་སློབ་ཚན་ཚང་མ་བོད་ཡིག་ནང་སློབ་ཁྲིད་བྱེད་མི་ཐུབ་པ་ག་རེ་རེད། ཡང་ན། བཙན་བྱོལ་ནང་དུ་རང་དབང་ཡོད་དུས་རང་སྣང་གང་ཤར་རེད་དམ། ད་དུང་བོད་ནང་གི་སློབ་མ་ཚོར་རྒྱབ་སྐྱོར་གྱི་རྣམ་པ་ག་འདྲ་ནས་མཚོན་ཐུབ་ཀྱི་རེད་ཅེས་དགེ་རྒན་ཁོ་རང་ཙམ་མིན་པར་བོད་ནང་གི་སློབ་མ་ཁག་ཅིག་གི་བསམ་ཚུལ་དེ་ལྟར་ཡོང་གི་ཡོད་པའི་སྐོར་བཤད་ཀྱི་འདུག

ང་ཚོས་གནད་དོན་འདི་ཚོའི་ཐོག་བསམ་བློ་བཏང་ན། བཙན་བྱོལ་ནང་ནས་བསམ་བཞིན་དུ་སྣང་མེད་བཏང་བ་ཡིན་གྱི་མ་རེད་ལ། བོད་ནང་གི་བོད་མི་ཚོར་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཡོད་པའང་བཤད་མི་དགོས་པ་རེད། འོན་ཀྱང་གོང་གི་གནས་ཚུལ་འདིའི་ཐོག་བསམ་བློ་ཞིབ་ཕྲ་ཞིག་གཏོང་རྒྱུ་འདུག བཙན་བྱོལ་ནང་དུ་བོད་ཡིག་གི་གནས་སྟངས་ག་འདྲ་རེད། བོད་ཡིག་གིས་གོ་ས་ག་ཚོད་ཟིན་གྱི་འདུག མཐོང་ཆེ་ཆུང་ག་འདྲ་འདུག བཙན་བྱོལ་བོད་པ་ཚོའི་བོད་ཡིག་གི་གནས་ཚད་ག་འདྲ་རེད། དེ་དག་རེ་རེ་བཞིན་ཞིབ་འཇུག་བྱེད་དགོས་ཀྱི་འདུག འཐུས་ཤོར་ག་འདྲ་བྱས་ནས་བྱུང་འདུག རེ་རེ་ལ་བསམ་བློ་ཞིག་བཏང་ནས་བཙན་བྱོལ་དུ་ཡོད་པ་ཚོས་ཁ་སྟབས་ལ་དཔག་པའི་སྲ་ཐག་ཐག་ཅིག་མ་བཟོས་ན། བོད་ནང་ནས་འུར་ཟིང་རེ་བྱུང་དུས་འདི་ནས་ལད་ཟློས་རེ་བྱེད་བཞིན་བསྡད་པ་ཡིན་ན་གནད་དོན་ངོ་མར་ཕན་མི་ཐོགས་པ་ཞིག་ཏུ་འགྱུར་འགྲོ་བ་འདུག་གོ །

{jcomments on}

Leave a Reply

Your email address will not be published. Required fields are marked *