རྒྱ་དམར་དབུས་གཞུང་གི་ངན་ཇུས་རེད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༣༠༥

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་མིང་ཐོག་ནས་༼༢༠༡༠-༢༠༢༠ལོའི་མཚོ་སྔོན་ཞིང་ཆེན་གྱི་དུས་ཡུན་འབྲིང་རིང་གི་སློབ་གསོའི་བཅོས་བསྒྱུར་དང་འཕེལ་རྒྱས་འཆར་འགོད་རྩ་གནད༽ ཅེས་པ་ཞིག་ལག་བསྟར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་དང། མཚོ་སྔོན་ཞིང་ཆེན་ཁོངས་ཀྱི་བོད་རིགས་སློབ་མ་གང་མང་ཞིག་གིས་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བར་བརྟེན།

བཙན་བྱོལ་བོད་པའི་སྤྱི་ཚོགས་ནས་ཀྱང་དེ་དང་འབྲེལ་བའི་ལས་འགུལ་སྣ་མང་སྤེལ་བཞིན་ཡོད་པ་རེད། མང་ཆེ་བ་ཞིག་གིས་མཚོ་སྔོན་ཞིང་ཆེན་ཁོ་ནའི་སྲིད་ཇུས་ཤིག་ཡིན་པ་ཙམ་ལ་ངོས་འཛིན་བྱེད་བཞིན་འདུག་པ་དང། ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་སྐབས་མང་ཆེ་བས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་དག་ལ་སྐྱོན་བརྗོད་བྱེད་པ་ལས། རྒྱ་དམར་དབུས་གཞུང་ལ་སྐྱོན་བརྗོད་བྱེད་མཁན་དཀོན་པོ་འདུག དོན་དངོས་ཐོག་སྲིད་བྱུས་འདི་རྒྱ་ནག་དབུས་གཞུང་གི་སྲིད་བྱུས་ཡིན་པ་ལས། མཚོ་སྔོན་ཞིང་ཆེན་ཁོ་ནས་རང་སྣང་གང་དྲན་གྱིས་བཅོས་བསྒྱུར་བྱས་པ་ཞིག་མིན་པ་ཧ་ཅང་གསལ་པོ་རེད། མཚོ་སྔོན་སློབ་གསོ་ཐེན་ཟེར་བའི་འགོ་འཛིན་ཝང་གིས་སྲིད་བྱུས་དེ་ནི། “མཐུན་པ་གསུམ”སྟེ་དབུས་གཞུང་གི་དགོངས་དོན་དང་མཐུན་པ། རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་མཐུན་པ། མང་ཚོགས་ཀྱི་གཞི་རྩའི་ཁེ་བཟང་འདོད་བློ་དང་མཐུན་པ་ཞིག་ཡིན་ཚུལ་བརྗོད་ཡོད་ཀྱང། དོན་དངོས་ཐོག་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་མི་མཐུན་པ་སློབ་གསོའི་སྐོར་གྱི་གཞུང་ཞབས་ཟུར་པ་ཁག་ཅིག་གིས་རྒྱ་གཞུང་ལ་ཕུལ་བའི་ཡིག་ཆའི་ནང་གསལ་ལྟར་ཡིན། མང་ཚོགས་ཀྱི་གཞི་རྩའི་ཁེ་བཟང་དང་འདོད་བློར་མི་མཐུན་པ་ས་གནས་མང་པོའི་སློབ་ཕྲུག་ཚོས་ངོ་རྒོལ་བྱས་པ་དེས་གསལ་པོ་བསྟན་ཡོད་ལ། དབུས་གཞུང་གི་དགོངས་དོན་དང་མཐུན་པ་ཟེར་བ་དེ་གཅིག་པུ་དངོས་ཡོད་གནས་ཚུལ་དུ་གྱུར་ཡོད། བོད་རང་སྐྱོང་ལྗོངས་ཟེར་བར་སྐད་ཡིག་ཙམ་ལས་ད་ལྟའི་ཆར་བོད་ཡིག་གི་ཐོག་ནས་སློབ་ཚན་ཡོད་པ་སྔོན་མ་ལས་ཀྱང་ཉུང་དུ་སོང་ཡོད་པ་དང། སི་ཁྲོན་ཞིང་ཆེན་ཟེར་བའི་ཁོངས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཟེར་བ་རུ་ཡང་བོད་ཡིག་གི་ཐོག་ནས་སློབ་ཚན་ཡོད་མཁན་ཕལ་ཆེར་མེད་པ་ལྟ་བུར་གྱུར་ཡོད། ད་ལྟའི་ཆར་བོད་ཀྱི་སྐད་ཡིག་གི་ཐོག་ནས་སློབ་ཚན་ཁྲིད་རྒྱུའི་ལམ་སྲོལ་རྒྱུན་འཛིན་བྱེད་ཐུབ་ཡོད་པ་གཅིག་པུ་མཚོ་སྔོན་ཞིང་ཆེན་ཡིན་པ་དང། མཚོ་སྔོན་ཕྱོགས་ཀྱི་སློབ་གྲྭ་ཁག་ནས་བོད་ཀྱི་རིག་གནས་ལ་མཁས་པའི་མི་སྣ་གང་མང་ཞིག་ཐོན་ཡོད། དེར་བརྟེན་རྒྱ་ནག་གཞུང་གིས་བོད་མི་རིགས་ཀྱི་ངོ་བོ་རྩ་བརླག་ཏུ་གཏོང་ཆེད་སྐད་ཡིག་རིག་གནས་ཉམས་ཆག་ཏུ་གཏོང་རྒྱུའི་ལས་གཞི་དེ་མཚོ་སྔོན་ནས་འགོ་བཙུགས་པ་རེད། དེར་བརྟེན་སྲིད་བྱུས་འདི་རྒྱ་ནག་དབུས་གཞུང་གི་ཡིན་པ་ལས་མཚོ་སྔོན་ཞིང་ཆེན་གཅིག་པུའི་འཆར་གཞི་ཞིག་གཏན་ནས་མིན།

ཉེ་ཆར་བོད་ནང་དུ་ཞི་རྒོལ་བྱེད་དགོས་པའི་རྒྱུ་རྐྱེན་དེ་”རྒྱའི་སྐད་ཡིག་གཙོ་བོ་དང་བོད་ཀྱི་སྐད་ཡིག་ཕལ་བར་བཞག་སྟེ་རྒྱའི་སྐད་ཡིག་སློབ་ཁྲིད་ཀྱི་སྐད་ཡིག་ཏུ་བདམས་ཡོད་པར་མ་ཟད། ད་དུང་རྒྱའི་སྐད་ཡིག་དེ་སློབ་ལོ་མ་སོན་པའི་བུ་བཅོལ་ཁང་དུའང་བཀོད་སྒྲིག་བྱས་འདུག་ལ། དེའི་ཁར་སློབ་མ་དང་ཁྱིམ་བདག་སོགས་འདུ་བའི་ཁེ་གྱོང་འཁུར་མཁན་ཚོགས་སྡེའི་ལུགས་མཐུན་རེ་ཞུར་ཁ་ཡ་མི་བྱེད་པར་ཨུ་ཚུགས་ཀྱིས་ལག་ལེན་དུ་བསྟར་བཞིན་ཡོད”པས་བཙན་བྱོལ་ནང་དེ་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཀྱི་ཆེད་དུ་དོན་དངོས་དང་མཐུན་པའི་ལས་འགུལ་ག་རེ་སྤེལ་དགོས་པ་རེད་ཅེ་ན། གལ་ཆེ་ཤོས་དེ་བཙན་བྱོལ་བོད་གཞུང་གི་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་གྱི་སྲིད་བྱུས་ཤིག་གཏན་འབེབས་ཟིན་པ་དེ་ལག་བསྟར་ངེས་པར་དུ་བྱེད་དགོས་པ་དང། དེ་ལྟར་མ་བྱས་པར་རྒྱ་གཞུང་ལ་ཁ་རྡུང་བཏང་བ་ནི་འོས་འཚམས་གཏན་ནས་མེད་པ་ཞིག་ཏུ་གྱུར་པ་རེད། བཙན་བྱོལ་བོད་པའི་སློབ་གྲྭ་ཁག་མང་པོ་ཞིག་གི་ནང་དུ་སློབ་གྲྭའི་དབུ་འཛིན་དང་དགེ་རྒན། དེ་བཞིན་ཕ་མ་བཅས་མང་ཆེ་བས་ཁ་གཡང་ཙམ་ལས་བོད་ཀྱི་སྐད་ཡིག་དང་རིག་གནས་ལ་དོ་སྣང་བྱེད་དགོས་པའི་དོན་གྱིས་སྐུལ་འདེད་བྱེད་མཁན་དཀོན་པོ་ཡིན་པ་འདིའི་ཐོག་ནས་བསམ་བློ་བཏང་ན། བོད་ནང་གི་བོད་མི་ཚོས་རང་གི་སྐད་ཡིག་གི་ཆེད་དུ་ཚེ་སྲོག་ལ་ཐུག་ཀྱང་ཞི་རྒོལ་བྱེད་བཞིན་པ་འདི་ལ་བཙན་བྱོལ་ནང་ནས་ག་རེ་བྱེད་ཐུབ་ཀྱི་ཡོད་པ་རེད། བཙན་བྱོལ་ནང་བོད་ཀྱི་སྐད་ཡིག་རིག་གནས་སྦྱང་རྒྱུ་ལ་དཀའ་ངལ་གང་ཡང་མེད་ཀྱང། གནས་སྐབས་ཀྱི་ཁེ་ཕན་ཆུང་ཙག་རིགས་ལས་མི་རིགས་ཀྱི་ངོ་བོ་རྩ་བརླག་ཏུ་འགྲོ་རྒྱུའི་ཉེན་ཁ་སོགས་ཕུགས་རྒྱང་གི་བསམ་བློ་གཏོང་མ་ཐུབ་པ་རེད། བོད་ནང་ནས་ཀྱང་གནས་སྐབས་ཀྱི་ཁེ་ཕན་ཆུང་ཙག་ལས་ཀའི་ཁོར་ཡུག་མང་བ་ལྟ་བུར་རྒྱ་ཡིག་ཁོ་ནས་སློབ་ཁྲིད་བྱས་ན་ཕན་པ་ཆེ་བ་ནི། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་གཞན་གྱི་སྐད་ཡིག་ཁོ་ན་སྦྱངས་པ་དང་གཅིག་མཚུངས་ཡིན་ཀྱང་མི་རིགས་ཀྱི་ཆེད་དུ་ཁེ་ཕན་ཆུང་ཙག་རིགས་བློས་གཏོང་བྱེད་སྟངས་མི་འདྲ་བ་རེད། ལྷག་པར་དུ་བཙན་བྱོལ་ནང་གི་སློབ་གྲྭ་ཁག་གི་དབུ་འཛིན་སོགས་འབྲེལ་ཡོད་རྣམས་ཀྱིས་བོད་ནང་ནས་བོད་ཀྱི་རིག་གནས་སྦྱང་བརྩོན་བྱ་རྒྱུའི་གོ་སྐབས་མ་རག་པར་བཙན་བྱོལ་ནང་འབྱོར་བའི་སློབ་ཕྲུག་དེ་དག་ལ་བོད་ཀྱི་རིག་གནས་རྣལ་མ་ཞིག་སྦྱང་རྒྱུའི་གོ་སྐབས་དམ་འཛིན་བྱེད་མ་ཐུབ་ན། གཞིས་ལུས་རྒྱ་ཆེའི་མི་མང་ལ་ངོ་གནོངས་དགོས་པ་དང། ཁོང་ཚོ་དང་ཁོང་ཚོའི་ཕ་མའི་རེ་བ་མ་འགྲུབ་པ་ཞིག་ལ་ངོས་འཛིན་མི་བྱེད་ཀ་མེད་རེད། དེར་བརྟེན་བོད་ནང་གི་ཞི་རྒོལ་དང་རྒྱ་གཞུང་གི་བྱེད་སྟངས་དེ་རིགས་ལ་དོན་དངོས་ཀྱི་རྒྱབ་སྐྱོར་དགོས་པ་ལས། མར་མེའི་ཁྲོམ་སྐོར་དང་སྐད་འབོད་སོགས་རྣམ་འགྱུར་ཙམ་གྱིས་དེ་ཙམ་ཕན་ཐོགས་ཡོད་མེད་ལ་བསམ་གཞིག་ངེས་པར་དུ་བྱེད་དགོས་པ་ཞིག་རེད།།{jcomments on}

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།