བོད་ཀྱི་ཞི་བའི་ལས་འགུལ་གྱི་ཟབ་སྦྱོང་ཞིག་ཡིན།
སྐད་ཡིག་སྲུང་སྐྱོབ་ཆེད་བོད་ནང་དུ་དཀའ་ལས་བརྒྱབ་ནས་ནུས་པ་འདོན་གྱི་ཡོད་པ་རེད། བཙན་བྱོལ་སྤྱི་ཚོགས་ནང་དུ་ཡང་ནུས་པ་བཏོན་ནས་བོད་པའི་རིག་གཞུང་ཉར་ཚགས་བྱས་ཡོད་པ་རེད་མོད། ད་ལྟ་ཉར་ཚགས་གཅིག་པུས་འགྲིག་གི་མི་འདུག འཕེལ་རྒྱས་གཏོང་རྒྱུ་དང་། གཞོན་སྐྱེས་ཚོས་བེད་སྤྱོད་མང་ཙམ་གཏོང་ཐུབ་པ་བྱེད་དགོས་ཀྱི་འདུག་ཅེས་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་རྗོད་སོང་།
བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་སུ་བཅར་འདྲི།
དྲི་བ། ཉེ་བའི་ཆར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་ཚོ་དྷ་སར་ཡོང་ནས་ལས་འགུལ་སྤེལ་སྟངས་རིགས་ལ་ཟབ་སྦྱོང་དེ་གཙོ་བོ་ག་རེ་ཡི་སྐོར་རེད།
ལན། ཉིན་ལྔའི་རིང་ལ་གཞོན་སྐྱེས་༤༥ ལ་“བོད་ཀྱི་ཞི་བའི་ལས་འགུལ་གྱི་ཟབ་སྦྱོང་”སྤྲད་པ་རེད། སྤྱིར་བཏང་ཞི་བའི་ལས་འགུལ་གྱི་སྐོར་ཤེས་རྟོགས་ཡོང་ཐབས་དང་། བདག་ཉིད་ཆེན་མོ་གྷན་དྷི་ཡི་ཞི་བའི་ལས་འགུལ་སྤེལ་སྟངས། ལས་འགུལ་ལ་འཆར་འགོད་བྱེད་སྟངས། མི་མང་བསྡུ་སྟངས། གསར་འགོད་པར་འབྲེལ་བ་བྱེད་སྟངས་སོགས་ཀྱི་སྐོར་ལ་སྦྱོབ་སྦྱོང་བྱས་པ་རེད། བོད་པ་ཚང་མ་འཐབ་རྩོད་པ་ཡིན་པས། ལས་འགུལ་སྐབས་འབྲས་བུ་ཆེན་པོ་ཡོང་ཐབས་སུ་ཡིན། དེ་རྗེས་ཉིན་བཞི་རིང་ལ་དེང་དུས་ཀྱི་འཕྲུལ་ཆས་ཀྱི་རིགས་བེད་སྤྱོད་བྱས་ཏེ། ཕན་ཚུན་འབྲེལ་ལམ་བྱེད་ཕྱོགས་སྐོར་ལ་ཟབ་སྦྱོང་སྤྲད་པ་རེད།
དྲི་བ། མ་འོངས་པར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་དང་། ཁྱེད་རང་འགན་འཛིན་གསར་པ་ཡིན་པའི་ངོས་ནས། ལས་འགུལ་སྤེལ་ཕྱོགས་ཀྱི་འཆར་གཞི་ག་རེ་ཡོད།
ལན། ལས་འགུལ་ཁ་ཤས་མུ་མཐུད་ནས་འགྲོ་ཡི་ཡོད་པ་རེད། ལས་འགུལ་ཁ་ཤས་འགྲོ་བ་མིའི་ཐོབ་ཐང་གི་ཐོག་ནས་ཆབ་སྲིད་བཙོན་པ་གློད་གྲོལ་ཡོང་ཐབས་རེད། ཆབ་སྲིད་བཙོན་པ་ཚོས་བོད་རྒྱལ་ཁབ་ཆེད་དུ་དཀའ་ལས་བརྒྱབ། ཞི་བའི་ལས་འགུལ་སྤེལ་ནས་བཙོན་ཁང་དུ་ཚུད་པ་རེད། ཁོང་ཚོ་གློད་གྲོལ་ཡོང་ཐབས་དེ་ང་ཚོས་གནད་འགག་ཆེན་པོར་བརྩི་ཡི་ཡོད། དེ་བཞིན་བོད་ནང་དུ་དཀའ་ངལ་རྙིང་པ་རེད་མོད། ད་ལྟ་ཛ་དྲག་ཆགས་པ་དེ་གཏེར་ཁ་སྔོག་འདོན་གྱི་སྐོར་རེད། རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་འདོན་བྱས་པ་དེས་རྩ་བའི་བོད་ཀྱི་ཐོན་ཁོངས་བཅོམ་གྱི་ཡོད་པ་མ་ཟད། བོད་ལ་གནོད་ཆེན་པོ་སྐྱེལ་གྱི་ཡོད་པ་རེད། ཁོར་ཡུག་གཏོར་བཤིག་བཏང་ནས་དེར་སྡོད་མཁན་གྱི་མི་དང་སྒོ་ཕྱུག་སེམས་ཅན་མང་པོར་སྲོག་སྐྱོན་བཏང་བ་དང་། ན་ཚ་འབྱུང་བ་སོགས་འབྱུང་གི་ཡོད་པས། གཏེར་ཁ་སྔོག་འདོན་བཀག་འགོག་ཆེད་དུ་ལས་འགུལ་སྤེལ་རྒྱུ་དེ་ཉེ་ཆར་ནས་འགོ་བཙུགས་ཚར་བ་རེད། དེ་བཞིན་བོད་ནང་དུ་“ལྷག་དཀར་”ཞེས་ཞི་བའི་ལས་འགུལ་རྒྱ་ཆེན་པོ་ཞིག་སྤེལ་གྱི་ཡོད་པ་རེད། དུས་རྒྱུན་སོ་སོའི་སྐད་ཡིག་ལ་དང་འདོད་བྱེད་པ་དང་། རིག་གཞུང་ལ་དང་འདོད་བྱེད་པ། རེས་གཟའ་ལྷག་པ་རྩ་ཆེན་པོར་བརྩིས་ནས། ཉིན་དེར་བོད་སྐད་གཙང་མ་བཤད་པ་དང་། དཀར་ཟས་ཟ་བ། བོད་ཆས་གྱོན་པ། བོད་ཟས་ཟ་བ། བོད་པའི་ཚོང་ཁང་དང་ཟ་ཁང་དུ་འགྲོ་བ་ལ་སོགས་ཀྱི་ལས་འགུལ་དེར་ང་ཚོས་ཕྱི་ལོག་ནས་རྒྱབ་སྐྱོར་བྱེད་དགོས་པ་རེད། ཕུགས་རྒྱང་རིང་པོར་བསམ་བློ་བཏང་ན་ལས་འགུལ་དེ་བོད་པའི་རིག་གཞུང་ཙམ་མ་ཡིན་པར། རྩ་དོན་ལ་ཕན་ཐོགས་ཆེན་པོ་ཡོད་པའི་ལས་འགུལ་ཞིག་རེད།
དྲི་བ། སྐུ་ཉིད་བོད་དོན་ལས་འགུལ་བ་ཞིག་ཡིན་པའི་ངོས་ནས། ཕྱིར་ལྟས་ཤིག་བྱས་ན། འཐུས་ཤོར་གཙོ་བོ་ག་རེ་ཡི་སྐོར་རེད་དགོངས་ཀྱི་ཡོད།
ལན། ཉི་མ་ཉི་མར་འཐུས་ཤོར་འགྲོ་ཡི་ཡོད་པ་རེད། དཀའ་ལས་ཀྱང་རྒྱག་གི་ཡོད་པ་རེད། སྤྱིར་བཏང་བཤད་ན། ལོ་ལྔ་བཅུའི་རིང་བོད་པས་དཀའ་ལས་བརྒྱབ་ནས། འབྲས་བུ་ཐོན་འདུག རྒྱལ་སྤྱིའི་ནང་བོད་དོན་དེ་ཤུགས་ཆེན་པོ་ཁྱབ་ནས་རྩ་ཆེན་པོ་དང་གནད་འགག་ཆེན་པོར་བརྩི་རྒྱུ་ཞིག་ཆགས་པ་རེད། རྒྱ་ནག་གཞུང་ལ་དེས་གནོད་སྐྱེལ་གྱི་ཡོད་པ་རེད། རྒྱ་ནག་གཞུང་གིས་སྲིད་ཇུས་ངན་པ་ཞིག་འཐེན་ཡོང་སྐབས། མཚམས་རེར་ང་ཚོས་གནས་སྐབས་ཁུ་སིམ་པོར་བསྡད་ན་ཡག་པོ་མེད་འགྲོ་བསམ་པ་དང་། རྒྱ་ནག་གི་དཔོན་རིགས་དེ་ཚོར་སྐད་འབོད་ངོ་རྒོལ་མ་བྱེད་རོགས་ཟེར་བ་ལྟ་བུའི་སྐབས་ང་ཚོས་འཐུས་ཤོར་ཅུང་ཙམ་ཤོར་གྱི་ཡོད་པ་རེད། ཡིན་ནའང་བསྒྱུར་བཅོས་གཏོང་རྒྱུ་མེད་པ་ཞིག་མ་རེད།
དྲི་བ། ད་ལྟ་བོད་ནང་དུ་སྐད་ཡིག་གི་སྐོར་ལ་ལས་འགུལ་ཤུགས་ཆེན་པོ་ཞིག་སྤེལ་ཡོང་སྐབས། བཙན་བྱོལ་སྤྱི་ཚོགས་ནང་བོད་ཡིག་སྲུང་སྐྱོབ་ཆེད་ག་རེ་གནང་ཐུབ་ཀྱི་རེད།ལན། སྐད་ཡིག་སྲུང་སྐྱོབ་ཆེད་བོད་ནང་དུ་དཀའ་ལས་བརྒྱབ་ནས་ནུས་པ་འདོན་གྱི་ཡོད་པ་རེད། བཙན་བྱོལ་སྤྱི་ཚོགས་ནང་དུ་ཡང་ནུས་པ་བཏོན་ནས་བོད་པའི་རིག་གཞུང་ཉར་ཚགས་བྱས་ཡོད་པ་རེད་མོད། ད་ལྟ་ཉར་ཚགས་གཅིག་པུས་འགྲིག་གི་མི་འདུག འཕེལ་རྒྱས་གཏོང་དགོས་ཀྱི་འདུག འཕེལ་རྒྱས་གཏོང་རྒྱུར་བོད་ཡིག་གི་རང་དབང་རྒྱ་ཆེ་རུ་བཏང་ནས། གཞོན་སྐྱེས་ཚོས་བེད་སྤྱོད་མང་ཙམ་གཏོང་ཐུབ་པ་བྱེད་དགོས་ཀྱི་འདུག ད་ལྟའི་ཆར་བོད་པའི་གཞོན་སྐྱེས་མང་པོ་ཞིག་གིས་བོད་ཡིག་ཤེས་ཀྱི་ཡོད་པ་རེད་དམ་ཟེར་ན། ཤེས་ཀྱི་ཡོད་པ་རེད་མོད། བེད་སྤྱོད་གཏོང་གི་ཡོད་པ་མ་རེད། ཡག་པོ་ཤེས་ཀྱི་ཡོད་པ་རེད་ཟེར་ན། ཤེས་ཀྱི་ཡོད་པ་མ་རེད། ཁ་ནས་བོད་སྐད་བཤད་ཀྱི་ཡོད་པ་རེད། ལག་ནས་དབྱིན་ཡིག་འབྲི་ཡི་ཡོད་པ་རེད། དེ་འདྲ་ཀླད་པའི་ནང་དུ་མང་པོ་ཞིག་འཁྲུག་བསྡད་ཡོད་པས། ཁ་ནས་བཤད་པ་བཞིན་ཡི་གེ་འབྲི་བ་དང་ཀློག་པ་ལ་ཡང་བོད་ཡིག་བེད་སྤྱོད་དགོས་ཀྱི་འདུག ཀློག་དེབ་དང་། སྒྲུང་དེབ། བརྙན་དེབ་སོགས་ཡག་པོ་མང་པོ་ཡོད་ན། ཕྲུ་གུ་ཆུང་ཆུང་ཡིན་སྐབས་ནས་དེབ་ཀློག་རྒྱུའི་གོམས་གཤིས་འཇགས་ཀྱི་རེད། དེབ་ཀློག་རྒྱུའི་གོམས་གཤིས་འཇགས་ན་སྐད་ཡིག་དེ་ཡར་རྒྱས་ཡོང་བ་གཏན་ཁེལ་བ་ཡིན་པས། ལོ་བཅུ་དང་བཅོ་ལྔའི་ནང་བོད་ཀྱི་སྐད་ཡིག་དེ་ད་ལྟ་ལས་ལྷག་ཅིག་ཡོང་སྲིད་པ་རེད།།
{jcomments on}