ད་ལྟ་བཙན་བྱོལ་བོད་མིའི་མང་གཙོ་ནི་ཕྱི་མཛེས་ནང་སྟོང་ཙམ་མིན་པར་ཕྱི་གསལ་ནང་གསལ་གྱི་དྲང་པོའི་གཞུང་ཞིག་ཡིན།

ཨ་ཀ་ཚང་སྤེན་པ་ཚེ་རིང།
ཉེ་ཆར་བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༣༠༢, ༣༠༣, ༣༠༤, བཅས་སུ་བཀོད་པའི་རྒྱ་རྡུང་ཚེ་དབང་གིས་༼བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་མང་གཙོ་ནི་ཕྱི་ཚུལ་གྱི་རྣམ་པ་ཞིག་རེད་དམ།༽ ཞེས་པའི་ཏུའུ་ཞིས་ཡུས་ཀྱིས་༼ཏཱ་ལའི་རུ་ཚོགས་ཀྱི་མང་གཙོ་ནི་ཕྱི་མཛེས་ནང་སྟོང་ཙམ་རེད།༽ ཟེར་བར་དགག་ལན་ཞིག་མཐོང༌། མགོ་ནས་མཇུག་བར་ཐེངས་ཤིག་བཀླགས་ཀྱང་ཏུའུ་ཞིན་ཡུས་ཀྱི་རྩོམ་ཡིག་དེར་གནད་ལ་ཁེལ་བའི་ལན་ཞིག་ཡོད་པ་ནི་མཐའ་མཇུག་དེར།

“ཏང་ཡོན་བྱེ་བ་འགའ་ཤས་ཡོད་པ་དང༌། ཕུལ་བྱུང་འགོ་ཁྲིད་མི་སྣ་ཁྲི་ཕྲག་མང་པོ་ཡོད་ཟེར་ཁ་ཕོ་བཤད་ཀྱང་དོན་དངོས་སུ་རྒྱ་དམར་གཞུང་གི་སྤྱི་ཁྱབ་དྲུང་ཆེའི་འོས་གཞིར་ཧུའུ་ཅིན་ཐའོ་མི་སྣ་གཅིག་པུ་དེ་ལས་མེད་པའི་གནས་ཚུལ་དང་བསྡུར་ན། བཙན་བྱོལ་བོད་མི་འབུམ་གཅིག་ལྷག་ཙམ་ལས་མེད་ཀྱང་། ལོ་རྗེས་མའི་བཀའ་བློན་ཁྲི་པའི་འོས་གཞིར་དངོས་སུ་དེབ་སྐྱེལ་མིང་འཁོད་བྱས་པ་མི་གྲངས་༢༡ སླེབས་ཡོད་པ་འདི་ནི་དངོས་གནས་སྲིད་དོན་ཚོགས་པ་ཁག་ལ་དབྱེ་བ་མེད་པར། འདྲ་མཉམ་ངང་འགྲན་རྩོད་ཀྱི་ཐོབ་ཐང་ཡོད་པའི་ཆབ་སྲིད་མང་གཙོར་ལོངས་སུ་སྤྱོད་ཀྱི་ཡོད།”ཅེས་པའི་ཚིག་དུམ་དེ་ལས་གཞན་མ་མཐོང༌།

ད་དུང་རྒྱ་དུང་གིས་“ཨ་ཕས་མ་ཁྲལ་མནའ་མར་བཀལ་”ཟེར་བ་ལྟར། དགོས་མེད་ཨ་ལོ་ཆོས་མཛད་ཀྱི་སྐོར་ལ་འདྲ་མིན་ཞིག་བྲིས་ཡོང་དུས་“མདའ་མོ་འཕེན་འདོད་མིན་པར། གཞུ་མོ་བཅག་འདོད་”མིན་ནམ་སྙམ་བྱུང༌། དོན་དངོས་ཐོག་ཨ་ལོ་ཆོས་མཛད་ཚེ་རིང་རྡོ་རྗེ་ནི་བོད་མི་རིགས་འདི་ཉིད་ལ་ཤ་ཞེན་དང་ལྷག་བསམ་གྱིས་ཕྱུག་པའི་ཤེས་འཇོན་གཉིས་ལྡན་གྱི་མི་བུ་ཞིག་རེད། འོན་ཀྱང༌། “ཤ་ཞིམ་པོ་ལ་ཁའི་སྤྱང་ཀིས་ཟོས། ཁག་ངན་པ་ཨ་ཅེ་ཝ་མོར་བཀལ།” ཟེར་བ་ལྟར། བར་ལམ་ཞིག་ནས་སྤྱི་ཚོགས་སུ་སྐད་ཆ་འདྲ་མིན་ཞིག་གིས་ཁྱབ་ཡོད་ཀྱང༌། དུས་རབས་འདིར་བོད་ཕྱི་ནང་གཉིས་ཀའི་མཐོ་དམན་བར་གསུམ་གྱི་མི་སྣ་ཀུན་གྱིས་བསྔགས་བརྗོད་དང་ཡི་རང་བྱ་ཡུལ་འབའ་པ་ཕུན་ཚོགས་དབང་རྒྱལ་གྱི་《བོད་མི་གསར་བརྗེ་བ་》ཞེས་པའི་དེབ་ནང་“ཕྱི་ལོ་༡༩༥༢ ལོར། བོད་ཀྱི་གྲོས་མཐུན་དོན་ཚན་༡༧ ལ་ངོ་རྒོལ་བྱེད་མཁན་མི་དམངས་འཐུས་མི་ཚོགས་འདུ་ཞེས་པའི་འགན་འཁུར་མི་སྣ་གཙོ་བོ་ཨ་ལོ་ཆོས་མཛད་ནི།”ཞེས་གསུངས་པ་ལྟར། སྡེ་པ་གཞུང་གིས་དངུལ་དཱ་ཡང་ཆར་པ་འབབ་འབབ་རེད། ཟེར་བའི་སྐབས་དེ་དུས་ནས་ཨ་ལོ་ཆོས་མཛད་ཀྱིས་རྒྱ་དམར་གྱི་ལྐོག་ཇུས་“བལ་འཇམ་འོག་ཏུ་རལ་གྲི་”ཡོད་པ་ཤེས་ནས། ལྷ་སར་མི་དམངས་ཚོགས་འདུ་བཙུགས་ཏེ་བཅིངས་འགྲོལ་དམག་མི་ལ་ངོ་རྒོལ་དང༌། ལྷག་པར་དུ་གྲོས་མཐུན་དོན་ཚན་༡༧ ལ་ངོ་རྒོལ་ཐོག་མར་བྱས། རྒྱུ་མཚན་དེའི་རྐྱེན་པས་ཨ་ལོ་ཆོས་མཛད་དང༌། འབུམ་ཐང་དྲུང་ཡིག ལྷབ་ཕྱུག་པ་གསུམ་བཀའ་ཤག་གིས་བཙོན་ཁང་དུ་ལོ་ཕྱེད་ཙམ་བཅུག་པས་ལྷབ་ཕྱུག་པ་སྐབས་དེར་བཙོན་ཁང་དུ་གྲོངས་པ་དང༌། ཁོང་གཉིས་གདན་ས་གསུམ་གྱི་ཁས་ལེན་འོག་གློད་གྲོལ་ཐོབ་པ་རེད། ང་ཚོས་བསམ་བློ་ཞིག་ཐོངས་དང་ཨ་ལོ་ཆོས་མཛད་ནི་སྐབས་དེ་དུས་གཞུང་ཞབས་མ་རེད་ལ། སྐུ་དྲག་ཡང་མ་རེད། བླ་མ་མ་རེད་ལ། ཧ་ཅང་ཕྱུག་བདག་ཚང་གི་བུ་ཡང་མ་རེད། འོན་ཀྱང་ཁོང་ཚོང་པ་དཀྱུས་མ་ཞིག་གིས་ག་རེ་བྱས་ནས་རྒྱ་གུང་ཁྲན་ཕ་མའི་ཕ་མ་རེད་མ་ལབ་པ་དང༌། ག་རེ་བྱས་ནས་དངུལ་དཱ་ཡང་ཆར་པ་འབབ་འབབ་རེད་མ་ལབ་པ་རེད། ད་དུང་རྒྱ་མི་ལ་ངོ་རྒོལ་དང་གྲོས་མཐུན་དོན་ཚན་༡༧ ལ་ག་རེ་བྱས་ནས་ལག་པ་འཆང་བ་རེད། རྒྱུ་མཚན་དེས་ཨ་ལོ་ཆོས་མཛད་ཀྱི་རྣམ་དཔྱོད་དང༌། ལྷག་བསམ། འཇོན་ཐང་བཅས་རྟོགས་ཐུབ། ཨ་ལོ་ཆོས་མཛད་ཀྱིས་མི་དམངས་ཚོགས་འདུའི་དམིགས་ཡུལ་བརྗོད་གསལ་“བོད་ཀྱི་གནད་དོན་སྐོར་སོ་སོ་རང་གི་ལྟ་ཚུལ་ཞིག་ཡོད། ༡༩༤༩ ལོར། བཅིངས་འགྲོལ་གཏོང་ལ་ཉེ་བའི་སྐབས། ཁོ་བོས་བསམ་ཚུལ་གཅིག་ནི་བོད་དེ་རང་བཙན་རྒྱལ་ཁབ་ཅིག་ཡིན་པར་འདོད། བཅིངས་འགྲོལ་དམག་བོད་དུ་ཡོངས་ན་རང་བཙན་ཤོར་གྱི་རེད་བསམ་བྱུང༌། བསམ་ཚུལ་གཉིས་པ་ནི། ཁོ་བོས་ཆོས་ལུགས་དེ་རྩ་ཆེན་པོར་བརྩི་ཡི་ཡོད། འོན་ཀྱང་གུང་ཁྲན་ཏང་ནི་ཆོས་ལུགས་ལ་དད་འདུན་མེད་མཁན་ཞིག་ཡིན་པས་གུང་ཁྲན་ཏང་བོད་དུ་ཡོང་ན་ཆོས་ལུགས་རྩ་མེད་བཟོ་ཡི་རེད་བསམ་སྟེ། ངས་ངོ་རྒོལ་བྱེད་དགོས་པའི་རྒྱུ་མཚན་གཙོ་བོའང་དེ་ཡིན། བསམ་ཚུལ་གསུམ་པ་ནི། བོད་ནི་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་ཤིག་ཡིན་ཞིང༌། མང་གཙོ་སྤུ་ཙམ་ཡང་མེད་སྟབས། བོད་དེ་མང་གཙོ་ཅན་དུ་བསྒྱུར་བའི་རེ་བ་ཤུགས་ཆེན་པོ་ཡོད། རྒྱུ་མཚན་དེ་གསུམ་ནི་མི་དམངས་ཚོགས་འདུ་འཛུགས་དགོས་པའི་དམིགས་ཡུལ་ཡིན།”ཞེས་རྒྱ་མིའི་གསར་འགོད་པར་བཤད་ཡོད།

ད་དུང་རྒྱ་རྡུང་གིས་“མཇུག་མཐར་ཨ་ལོ་ཆོས་མཛད་འུ་ཐུག་ཐབས་ཟད་ཀྱི་གནས་སྟངས་འོག་བོད་ལ་ལོག་པ་རེད།”ཅེས་བཤད་འདུག རེད། ཨ་ལོ་ཆོས་མཛད་འུ་ཐུག་བཅུག་མཁན་སུ་རེད། ཐབས་ག་རེ་བྱས་ནས་ཟད་པ་རེད། ཨ་ལོ་ཆོས་མཛད་བཙན་བྱོལ་དུ་སླེབས་ནས་རླབས་ཆེན་གྱི་ཕྱག་ལས་མང་པོ་གནང་ཡོད་ཀྱང༌། མཐར་འུ་ཐུག་དོན་ནི་ཁོང་གིས་སྦེལ་ཀོབ་སུ་བཟོ་གྲྭ་གསར་པ་བཙུགས་ཏེ་རྩམ་པ་སོགས་ཕྱི་རྒྱལ་ལ་ཚོང་འབྲེལ་བྱས། རྗེས་སུ་སྦེལ་ཀོབ་གཞིས་ཆགས་མཉམ་འབྲེལ་དང་ལྷན་དུ་བྱས་ཏེ། གཞིས་ཆགས་ཀྱི་སྐུ་དྲག་ལས་བྱེད་ཅིག་དང་མ་མཐུན་པ་བྱུང་ཡོད། ཁོང་ནི་བཀས་བཀོད་རྒྱུད་འཛིན་དང་སྐུ་དྲག་ལམ་ལུགས་ལ་སྔ་ས་ནས་ཞེ་ལོག་མཁན་ཞིག་ཡིན་པས། རྒྱ་གར་མང་གཙོ་དང་རང་དབང་ལུང་པའི་ནང་སྐུ་དྲག་ཞིག་གི་གཉའ་གནོན་འོག་ཏུ་དོན་མེད་མགོ་བོ་མ་བསྒུར་བར་སྐུ་དྲག་དེར་རྡུང་རྡེག་ཀྱང་བཏང་ཡོད། དེའི་རྐྱེན་གྱིས་ཁོང་ལ་ནག་ཉེས་ཀྱི་ཞྭ་མོ་གཡོག་འགོ་བཙུགས་འདུག ཁོང་ནི་བོད་རང་བཙན་གཙང་མ་དགོས་ལབ་མཁན་ཞིག་ཡིན་པས། སྐབས་འཚོལ་བ་ཚོས་ཨ་ལོ་ཆོས་མཛད་ཀྱིས་༧རྒྱལ་བ་རིན་པོ་ཆེའི་བཀའ་ལ་བརྩི་ཡི་མི་འདུག གང་ཡིན་ཟེར་ན་༧རྒྱལ་བ་རིན་པོ་ཆེས་རང་བཙན་མི་དགོས་པར་རང་སྲིད་རང་སྐྱོང་གསུངས་ཀྱི་ཡོད་པ་རེད། འོན་ཀྱང་ཨ་ལོ་ཆོས་མཛད་ཀྱིས་རང་བཙན་ཟེར་གྱི་འདུག ད་དུང་གཞིས་ཆགས་ཀྱི་ལས་བྱེད་ནི་༧རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་རེད། ཁོས་དེ་ལ་ལག་པ་བཀྱག་འདུག་ཅེས། བཙན་བྱོལ་འདིའི་ནང་ཨ་ལོ་ཆོས་མཛད་རྩོད་གཞིར་གྱུར་ཏེ། མཐར་ཨ་ལོ་ཆོས་མཛད་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་ལོ་གཉིས་གསུམ་ལ་རང་བཙན་ལག་དེབ་ཀྱི་དཔྱ་ཁྲལ་ཡང་མ་སྤྲད་པར་ངོ་རྒོལ་བྱས་ཡོད། འདིའི་གྲལ་དུ་ད་ལྟ་གདན་ས་གསུམ་གྱི་མཁན་ལས་ཟུར་དང་གནས་བརྟན་བགྲེས་སོང་མང་པོ་ཞིག་ཡོད། གནས་ཚུལ་དེ་དང་དེ་འདྲ་བའི་མགོ་བོ་གཏད་ས་ནས་ཀླད་པ་ཕུག་པའི་གནས་སྟངས་མང་པོ་ཞིག་བྱུང་བ་ནི་དངོས་ཡོད་གནས་ཚུལ་ཡིན་པས། ཁྱོད་ཀྱིས་རྒྱ་ལ་སྦ་གསང་ཐུབ་ཀྱང་བོད་ལ་སྦ་གསང་མི་ཐུབ། ང་ཚོས་རང་ཉིད་དང་རང་ཉིད་ཤོག་ཁག་གི་བྱ་བ་ཡོད་ཚད་ལེགས་བྱས་སུ་འཛིན་པའི་བསམ་བློ་དག་དོར་ཏེ། གཟུ་བོར་བློ་ཡིས་ཡིན་མིན་གནས་ལུགས་དཔྱད་དེ་བདེན་པ་བརྡར་དགོས་པ་ལས། “ངའི་ཨ་མའི་ཕོར་པ་གཙང་མ་ཡིན་”ཟེར་བ་ཙམ་ལས་མེད། རྒྱ་རྡུང་ཁྱེད་ཀྱིས་དྲང་མོ་མདའ་འདྲ་བའི་སྐད་ཆ་ཞིག་ནི་“མི་ཚེ་གང་བོ་དཀའ་སྡུག་མྱོང་བའི་རྒས་འཁོགས་གཅིག་གི་སེམས་ནང་གི་བདེ་སྡུག་སྐད་ཆ་ཤོད་ས་མེད་པར་གྲོགས་མེད་གཅིག་པུར་ཁེར་རྐྱང་དུ་ལུས་”ཞེས་པ་དེ་རང་རེད། འདི་འདྲ་བ་ནི་ཨ་ལོ་ཆོས་མཛད་གཅིག་པུ་མིན་པར། ད་དུང་མཚན་གཞི་མང་པོ་བགྲང་རྒྱུ་ཡོད། ཁོང་ཚོའི་མི་ཚེ་གང་བོར་སྡུག་དཀའ་ལས་སུའི་ཆེད་དུ་མྱོང་བ་རེད་ལ། སྡུག་དཀའ་ལས་ག་རེ་བྱས་ནས་བརྒྱབ་པ་རེད། ཚེ་མཇུག་སྐྱིད་པོའི་ངང་བསྐྱལ་རྒྱུ་མ་བྱུང་བར་སེམས་ནང་གི་བདེ་སྡུག་ཞུ་ས་མེད་པ་སུས་བྱས་པ་རེད། འདི་འདྲ་བའི་ང་ཚོའི་བྱེད་སྟངས་དེ་རྒྱ་རྡུང་ཁྱོད་ཀྱིས་“རང་ཚོད་ཟིན་མ་ཐུབ་པའི་མི་མང་ཁག་ཅིག་གི་བྱ་སྤྱོད་དང་”ཟེར་བའི་རང་ཚོད་མ་ཐུབ་པའི་མི་འགའ་ཤས་ཤིག་ཡིན་ན་ཁོང་ཚོ་གྲོགས་མེད་ཁེར་རྐྱང་དུ་ག་རེ་བྱས་ནས་ལྷག་དགོས་པ་རེད། འདི་ནི་ངས་བལྟས་ན་བོད་མི་རིགས་ལ་ལྷག་བསམ་དང་འཇོན་ཐང་བྱེད་ཕོད་པའི་བློ་ཁོག་ཡོད་པའི་བོད་མི་མང་པོ་ཞིག་ལ་མགོ་བོ་གཏད་ས་ནས་ཀླད་པ་ཕུག་ཡོང་དུས་གྲོགས་མེད་ཁེར་རྐྱང་ཡིན་པའི་ཚོར་སྣང་སླེབས་ཀྱི་ཡོད་པ་རེད།

དེར་བརྟེན་ཁོང་ཚོ་རང་བཞིན་གྱིས་སྤྱི་ཚོགས་འདི་ནས་གཏན་བྲལ་དུ་འགྲོ་དགོས་རྒྱུ་ལས་གཞན་མེད། འདི་ནི་བཤད་སྟངས་ཤིག་ལས་སྤྱི་ཚོགས་འདི་ནས་རྒྱང་ཕུད་བཏང་བ་རེད་ལ། དཔེ་མཚོན་ནི། ཐག་རིང་པོ་ཤི་བོའི་མགོ་སློང་མི་དགོས་པར་ད་ལྟ་བཞུགས་བཞིན་པ་མཁས་དབང་འཇམ་དབྱངས་ནོར་བུ་དང༌། ྋསྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་ལྟ་བུ་འདས་གསོན་གཉིས་ཀའི་ནང་ནས་མང་པོ་ཡོད། ནམ་རྒྱུན་ང་ཚོའི་མ་རབས་ཀྱི་དཔེ་དང༌། བྱས་ལུགས་ངན་པ་ཚང་མ་རྒྱ་ནག་ལ་དཔེ་འཇོག་གི་ཡོད། འོན་ཀྱང། ང་དང་ང་འདྲ་བའི་གཞོན་སྐྱེས་མང་པོ་ཞིག་གིས་བཙན་བྱོལ་ནང་གི་བྱེད་སྟངས་མང་པོ་ཞིག་ལ་ཕྱི་མིག་སློག་ཏེ་རྒན་རབས་ཚོའི་ངག་ནས་ཐོས་པ་དང་དེབ་ཐེར་ཚོའི་ནང་ནས་མཐོང་བ་བཅས་མང་པོ་ཞིག་ལ། གཞོན་སྐྱེས་ཚོའི་སྙིང་ལ་ན་ཚ་སྐྱེད་དགོས་པ་དེ་འདྲ་ཡང་ཡོད། འོན་ཀྱང་གཞོན་སྐྱེས་ཚོས་སྔར་གྱི་མ་འགྲིག་པ་རྒྱུ་མཚན་དུ་བྱས་ནས་འཁོན་ལན་དང་ངན་སེམས་མེད་པར་སྔར་བཤད་ཀྱི་བྱེད་སྟངས་དེ་འདྲ་མི་ཡོང་བའི་རེ་བ་དང་འབད་བརྩོན་བྱེད་ཀྱི་ཡོད་ལ། སྔར་བྱས་རྣམས་ཀྱང་དྲང་པོའི་ལམ་ནས་ཐེར་འདོན་བྱས་ཏེ་༧གོང་ས་མཆོག་གི་དབུ་ཁྲིད་འོག་མང་གཙོ་ཡང་དག་པ་ཞིག་ལ་བསྐྱོད་དང་སྐྱོད་བཞིན་པ་འདི་ལ་ཡིད་ཆེས་དང་རྒྱབ་སྐྱོར་བྱེད་རྒྱུ་ནི་ང་ཚོའི་ལས་འགན་ཞིག་ཀྱང་རེད། ད་དུང་དགུང་ལོ་༧༣ ལ་ཕེབས་པའི་བོད་མི་རྒས་འཁོགས་ཤིག་ལ་བོད་གཞུང་གི་ལས་ཁུངས་མ་ལག་དང་བཅས་པ་ཡོད་པའི་གངས་ཅན་སྐྱིད་གཤོངས་སུ་རྡུང་རྡེག་དང་འཐབ་རྩོད་བྱེད་དུས་རྒྱ་རྡུང་གིས་“བདེ་སྲུང་ལས་བྱེད་ཀྱིས་བཀག་སྡོམ་བསླབ་བྱ་ག་ཚོད་བྱས་ཀྱང་དེ་ལ་མ་ཉན་པར།”ཞེས་བཤད་འདུག་ཀྱང༌། “ཁྱི་རྐུན་ཐམས་ཅད་འོ་ཟངས་ཁ་ནས་མཐུན་”ཟེར་བ་ལྟར་ཡིན་པ་ལས། བདེ་སྲུང་ལས་བྱེད་ཅིག་གིས་དེ་ལྟར་སྲུང་སྐྱོབ་མ་ཐུབ་ན་བདེ་སྲུང་ཞེས་པའི་ཚིག་འབྲུ་གཉིས་ཀྱི་གོ་དོན་ཡང་བོར་བ་མ་རེད་དམ། དེ་ཙམ་དུ་མ་ཟད་ད་དུང་ཡང༌། རྒྱ་རྡུང་གི་གཏམ་དཔེ། “རང་གསང་མཁས་ན་མི་བཤད་མཁས།”ཟེར་བ་བགྲང་འདུག་ཀྱང་དེ་ནི་ཏག་ཏག་ཁྱེད་རང་ལ་ཡང་གནད་ལ་ཁེལ་མི་འདུག་གམ། ཁྱོད་ཀྱིས་“རང་ཚོད་ཟིན་མ་ཐུབ་པའི་མི་མང་ཁག་ཅིག་གི་བྱ་སྤྱོད་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་དམངས་གཙོ་དང་འབྲེལ་བ་མེད།”ཟེར། ཁྱད་མཚར་རེད། ཏུའུ་ཞིན་ཡུས་ཀྱིས་བགྲང་པའི་ཁང་དཀར་ཚུལ་ཁྲིམས་དང༌། ཨ་ཐར་ནོར་བུ། གུང་ཐང་ཚུལ་ཁྲིམས། གསུམ་གྱི་གཙོས་པའི་འདི་རིགས་མང་པོ་ཞིག་ཡོད་པས་དེ་ཚོ་ཚང་མ་རང་ཚོད་ཟིན་མ་ཐུབ་པའི་མི་དམངས་ཁག་ཅིག་གིས་བྱས་པ་རྐྱང་པ་རེད་དམ། འོ་ན་རྒྱ་གཞུང་གིས་ཁྱོད་ཀྱིས་བཤད་པའི་ཀྲང་ཆིང་ལི་ཡང་ཁོ་རང་གིས་རང་ཚོད་བྱས་ཏེ་བྱས་པ་རེད་ཟེར་ན། ཁྱོད་ལ་ལན་ཅི་ཡོད། ཏུའུ་ཞིན་ཡུས་ཀྱིས་གདེང་ཚོད་དང་སྤོབས་པ་ཆེན་པོའི་ངང་ལོ་རབས་བརྒྱད་ཅུ་དང་དགུ་བཅུའི་གནས་ཚུལ་རྣམས་བགྲང་ནས་ཏཱ་ལའི་རུ་ཚོགས་ཀྱི་མང་གཙོ་ནི་ཕྱི་མཛེས་ནང་སྟོང་ཙམ་རེད་ཅེས་ཚིག་ཐག་བཅད་དེ་བཤད་དུས། རྒྱ་རྡུང་ཁྱེད་ཀྱིས་ཏཱ་ལའི་རུ་ཚོགས་ཀྱི་མང་གཙོ་ཟེར་བ་དེ་བཙན་བྱོལ་བོད་མི་མང་གཙོ་རུ་བསྒྱུར་བ་དེ། ཕྱི་ཚུལ་གྱི་རྣམ་པ་ཞིག་རེད་དམ་ཞེས་ཉམས་དམའ་བོའི་དྲི་ཚིག་ཅིག་ལས། ཕྱི་མཛེས་དང་ནང་སྟོང་ཙམ་མ་རེད་ཅེས་ཚིག་ཐག་བཅད་མ་ཐུབ་པ་ནི། རྒྱ་རྡུང་ཁྱེད་རང་མི་རབས་རྒན་པ་ཞིག་ཡིན་པས་ལོ་རབས་བརྒྱད་ཅུ་དང་དགུ་བཅུ་ཡི་གནས་ཚུལ་རྣམས་ཡིད་ལ་འཆར་བས་མིན་ནམ་སྙམ་བྱུང༌།

ད་ལྟ་བཙན་བྱོལ་བོད་མིའི་མང་གཙོ་ནི་ཕྱི་མཛེས་ནང་སྟོང་ཙམ་མིན་པར་ཕྱི་གསལ་ནང་གསལ་གྱི་དྲང་པོའི་གཞུང་ཞིག་ཡིན། ཨ་ལོ་ཆོས་མཛད་ཀྱི་སྐོར་ལ་སྦེལ་ཀོབ་བྱམས་པ་གླིང་ཕ་ཡུལ་གཙང་ནས་ཡིན་པའི་སྤོ་བོ་ཞིག་གིས་“ཨ་ལོ་ཆོས་མཛད་ནི་དཔེ་མི་སྲིད་པའི་ང་ཚོ་ལ་བཀའ་དྲིན་ཆེན་པོ་ཡིན་ང་ཚོ་བཙན་བྱོལ་དུ་ཐོག་མར་སླེབས་དུས་ནས་ཁོང་གིས་ཕྱོགས་གང་ས་ནས་དཀའ་ལས་ཞེ་དྲག་བརྒྱབ་ཡོད་པ་རེད། ལྷག་པར་དུ་ལྷོ་ཕྱོགས་གཞིས་ཆགས་ཁག་ལ་དེ་བས་ཀྱང་དཀའ་ལས་བརྒྱབ་པ་རེད། ད་ལྟ་སྦེལ་ཀོབ་གཞིས་ཆགས་སྲ་ཐག་ཐག་དེ་ཁོང་གི་ཇུས་འགོད་དང་བཀའ་དྲིན་རེད། མ་ཟད་ཁོང་ནི་བོད་མི་སྐྱོ་པོ་ལ་ཧ་ཅང་གི་བྱམས་པོ་བྱེད་མཁན་དང་སྐུ་དྲག་ལ་སྤྲེལ་ལད་མེད་མཁན་ཞིག་རེད།”ཟེར། ད་དུང་དེ་དང་དེ་འདྲ་བ་མང་པོ་ཞིག་ཡོད་ཀྱང་གནས་སྐབས་མང་དོགས་ནས་མ་བྲིས་སོ།།{jcomments on}

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།