རྒྱ་རྒྱུག་པས་རྡུང་ནས། ངུ་བོད་པར་ཤོར་སོང༌།
རྒྱ་རྡུང་དང་ཨ་སྤེན་གྱི་གླེང་མོལ་ལ་ཉན་ཞིབ་བྱེད་པ།
ཤར་ཕྱོགས་ཁུར་རྟ།
བང་ཆེན་འདོན་ཐེངས་ ༣༠༧ ནང་ཨ་ཀ་ཚང་སྤེན་པ་ཚེ་རིང་(གཤམ་དུ་ཨ་སྤེན་ཞེས་བྲིས་ཡོད)གིས་ཁ་བྱང་དང་བརྗོད་བྱར་རིང་ཐུང་ཤོར་བའི་བསམ་ཚུལ་ཞིག་སྤེལ་འདུག རྒྱ་རྡུང་གིས་གཞི་རྩའི་རྒྱ་ནག་གི་རྒྱུད་སྐུལ་དྲིལ་བསྒྲགས་ལ་དགག་ལན་ཚ་ནན་བྱས་པ་ཞིག་ཡིན་ཡང༌། ཨ་སྤེན་གྱིས་མིག་གིས་ཐད་ལྟ་བྱས་ཏེ་རྒྱུད་སྐུལ་དྲིལ་བསྒྲགས་ལ་རོགས་རམ་བྱས་པ་ནི་ཅུང་ཡ་མཚན་པ་ཞིག་བྱུང༌། དེ་མ་ཐག་བཙན་བྱོལ་ལོ་རྒྱུས་ལྟ་ཞིབ་ཀྱི་ཤོག་ལྷེ་རྙིང་པའི་ནང་གི་ཨ་ལོ་ཆོས་མཛད་ཅེས་ཐོས་ཤིང་མཐོང་མྱོང་བ་དེ་ཡིད་ལ་བསྐྱར་དུ་བཏབས། དེ་ནི་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་རླུངས་ཡམས་ཆེན་པོའི་དུས་སྐབས་ཀྱི་མི་མང་ཚོགས་འདུའི་ནང་གི་རྒྱལ་ཞེན་པ་ཨ་ཆོས་ནས། ལོ་རབས་བརྒྱད་བཅུའི་ནང་གི་མགོ་འདོག་པ་ཨ་ཆོས་ཡིན་པ་དྲན་པའི་ཡུལ་དུ་སླེབས།
ང་བཙན་བྱོལ་དུ་འབྱོར་བ་དང༌། གུང་ཐང་ཚུལ་ཁྲིམས་དང་ལི་ཐང་ཨ་ཐར་སོགས་ཀྱི་དམངས་ཁྲོད་ངག་རྒྱུན་སྣ་ཚོགས་ཤིག་ཐོས་པ་གཉིས་དུས་མཉམ་ཡིན། ངག་རྒྱུན་བཤད་ཡམས་འདི་དག་གང་ནས་བྱུང་མིན་དང༌། ཅི་ལྟར་དཀྲོགས་བཞིན་པ་ཁོ་བོར་གསལ་ཆ་མེད་ནའང༌། ཤར་ཀམ་པོ་རྐང་པས་བརྫུས་མྱོང་མཁན་དག་གིས་སྒྲུང་གཏམ་འདི་དག་ལ་རྣ་བ་གཏོད་བཞིན་པ་ཁོ་བོས་དངོས་སུ་རིག
༢༠༠༤ འི་ལོ་མཇུག་དང་ ༢༠༠༥ འི་ལོ་མགོར་ངའི་ལག་ཏུ་རྒྱ་ནག་གཞུང་གིས་བྲིས་པའི་སྟོད་སྨད་གཉིས་ཅན་གྱི་བོད་ཀྱི་ལོ་རྒྱུས་གོ་བབ་དཔྱད་ཞིབ་ཟེར་བ་ཞིག་ཐོབ། དེབ་དེ་སྐྱག་རྫུན་སྤུངས་ནས་བླུན་པོ་གད་མོ་ཤོར་བ་རྐྱང་རྐྱང་མིན་པའི་ཚོར་བ་བྱུང་སྟབས། སླར་ཡང་དེབ་ཁག་ཅིག་ཐབས་ཤེས་ཀྱིས་ྋགོང་ས་མཆོག་གཙོས་དབུ་ཁྲིད་མང་དག་ཅིག་ལ་དེའི་སྐོར་ཞུས་པ་དང་འབུལ་རྒྱུ་བྱུང༌། ད་དུང་གསལ་བོ་དྲན་པ་ཞིག་ལ་དེབ་འདིའི་མཇུག་གི་ཤོག་གྲངས་ལྔ་བཅུ་རྩ་གྲངས་ཅན་གྱི་བཙན་བྱོལ་བོད་གཞུང་སྐོར་གྱི་གནས་ཚུལ་དེ་དག་བསྐྱར་བཤུས་ཀྱིས། སྐུ་སྒེར་དྲུང་ཆེ་བསྟན་འཛིན་དགེ་བྱེད་ལགས་སུ་ལྷོད་ཞུ་ཞུས་དོན་ཡང༌། གསར་འབྱོར་བ་ཚོའི་རྣ་བར་ལྡུགས་པའི་བཙན་བྱོལ་ནང་གི་གསལ་ལ་མ་གསལ་གྱི་བཤད་ཡམས་དེ་དག་ལ་ཤིན་ཏུ་རིག་པས་ཡིན། ཐ་ན་ཇ་ཁ་ཆང་ཁ་མང་པོ་ཞིག་ནས་ཀྱང་སྒྲུང་གཏམ་འདི་དག་ང་དང་འདྲ་བའི་ཡི་གེ་བ་རེ་འགས་གླེང་བཞིན་པ་དག་གིས་ངས་གླེང་གཞི་འདི་དག་དོན་དངོས་ཅི་ཞིག་ཡིན་མིན་དང༌། སུ་ཞིག་གིས་འདིའི་སྐོར་ང་ལ་གསལ་བོ་གསུང་གི་ཡོད་ཨང་བསམ་ནས་རེ་བ་འདྲ་བརྒྱབས་ནས་བསྡད་པ་ཡིན། ལོ་འདི་དག་ལ་ད་དུང་དེ་ལས་ཀྱང་ཁང་དཀར་ཚུལ་ཁྲིམས། ཀུན་བཟང་བླ་མ། ཨ་ལོ་ཆོས་མཛད་ཟེར་བའི་བཤད་ཡམས་དག་གིས་ངས་ཅི་ཞིག་ཤེས་འདོད་ལ་ངལ་བ་བྱིན།
དེ་ལས་ཀྱང་ཡ་མཚན་པ་ཞིག་ལ་ལོ་སྔོན་མར་བདག་གི་འདི་ཕྱིའི་གཏན་གྱི་སྐྱབས་གནས་ྋཀུན་གཟིགས་བཅུ་པའི་མཛད་རྣམ་པར་བཞག་པའི་ནང༌། སྔ་མོར་ཆེན་པོ་རློམ་པ་རེ་ཟུང་གིས་ཀུན་གཟིགས་མཆོག་ལ་བལ་ཡུལ་དུ་དར་ཆ་ནག་པོས་ངོ་རྒོལ་བྱས་པས་ད་ནི་འགྱོད་བཤགས་བྱས་ན་འོས་པ་དང༌། མིང་ཡང་འདོན་རྒྱུ་ཡོད་ཅེས་ཅུང་ཆ་འཇོག་བྱེད་དགོས་པའི་ལས་དོན་ལྟེ་གནས་ཁང་ཟེར་བ་དེས་བྲིས་འདུག ྋཀུན་གཟིགས་ཐམས་ཅད་མཁྱེན་པ་ཁོང་ཚོ་དང་བསྲེས་བ་མིན་ལ། ལྟེ་གནས་ཁང་གིས་ཁུངས་ལུངས་གསལ་དུ་མ་བཏོན་པས་སྤྱི་ཚོགས་ལ་བདེ་འཇགས་སྟེར་མིན་གྱི་དོགས་པ་གཅིག་དང༌། བཤད་ཡམས་གཅིག་ཏུ་སོང་གཤིས། ང་ལ་ཅི་ཞིག་ཤེས་འདོད་ཀྱི་རྨ་ཁ་ཆེ་རུ་འགྲོ་བ་ནི་ཆོས་ཉིད་ཅིག་རེད།
དོན་དངོས་བཤད་ཡམས་འདི་དག་གིས། མང་ཚོགས་ནང་རྣམ་རྟོག་སྣ་ཚོགས་ཀྱི་སྡོམ་དྲ་ཅི་ཙམ་བར་བསླས་རྒྱུ་ནི་སུས་ཀྱང་བཤད་ཚོད་མ་ཐིག་ཀྱང༌། སྐྱག་རྫུན་གཅིག་ལན་བརྒྱར་སྨྲས་ན་བདེན་པར་འགྱུར་འགྲོ་བའི་མའོ་ཙེ་ཏུང་གི་ཉམས་མྱོང་དེའང་བསམ་བློ་ཞིག་མ་བཏང་ན། བཤད་ཡམས་འདི་དག་ལོ་རྒྱུས་ཡིན་མིན་ནམ་ཞིག་ཁུངས་སྐྱེལ་ར་སྤྲོད་ལས་ཤེས་ཐུབ་ཡང༌། རང་རེའི་སྤྱི་ཚོགས་ད་དུང་ཡང་བག་ཕེབས་སུ་མི་འཇུག་པ་ནི་ལོང་པས་ལྟོས་ཀྱང་རྒྱལ་ཁམས་ཀྱི་དཔེ་ཟླར་སོང་འདུག བཤད་ཡམས་འདི་དག་ལ་འཇུས་ནས་རྒྱ་ནག་གཞུང་གིས་ཀྱང་བཙན་བྱོལ་ལོ་ལྔ་བཅུའི་འགོ་མཇུག་བར་གསུམ་དུ་དཀྲུགས་ཤིང་སྣ་ཚོགས་སྤེལ་འདུག་ལ། རྒྱ་རྡུང་གིས་དགག་པའི་རྒྱ་རིགས་ཏུའུ་ཞུན་ཡུས་ནི་ཟླ་སྔོན་མའི་ནང་བྱུང་བའི་བཤད་ཡམས་དེ་དག་ཁྱབ་སྤེལ་བྱེད་མཁན་གསར་ཤོས་དེ་རེད།
ལོ་ངོ་འདི་དག་ལ་བཤད་ཡམས་འདི་དག་ཐད་སོ་སོའི་ལྟ་ཚུལ་སྦ་གསང་མེད་པར་ལྗགས་རྩོམ་གནང་བཞག་པའི་བོད་རིགས་དཔའ་བོ་གསུམ་ངའི་མིག་ལམ་དུ་གྱུར་ཞིང༌། དེ་ནི་བཀའ་ཟུར་བདེ་གྲོང་རྡོ་རྗེ་དབང་འདུས་དང༌། བཀའ་ཟུར་ཞེ་བོ་བློ་བཟང་དར་རྒྱས་མཆོག རྩོམ་པ་པོ་སྐུ་ཞབས་རྒྱ་རྡུང་གསུམ་རེད། ཁོང་གསུམ་གྱིས་བཤད་ཡམས་རླུང་གི་སྤུ་གྲི་སྣང་མེད་དུ་བཞག་ནས། སྐད་ཆེན་པོས། སོ་སོའི་མཐོང་ཚུལ་དམར་རྗེན་དུ་བྲིས་ཡོད། ཁ་ཡི་ལྕེ་ལུ་ཅི་ལྟར་གཡུག་ཀྱང༌། སེམས་ཀྱི་ཚོར་བ་ཅི་ལྟར་བརྡར་ཡང༌། ཉེ་རབས་བཤད་ཡམས་ཁྲོད་ཀྱི་གུང་ཐང་ཚུལ་ཁྲིམས། ཀུན་བཟང་བླ་མ། ཨ་ཆོས་སྐོར་ཐེངས་དང་པོ་ཡིག་ཐོག་ནས་འདི་དང་འདི་རེད་ཟེར་མཁན་ཐོག་མ་ཁོང་གསུམ་པོ་ཡིན་པས། ཁོང་རྣམས་ཀྱི་སྤོབས་པར་ང་ཧ་ལས་བྱུང་ལ། ད་དུང་མང་གཙོའི་ཁེ་དབང་ལོངས་སུ་སྤྱད་ནས་བྲིས་འདུག་པ་དེས་བཙན་བྱོལ་ལོ་རྒྱུས་ལའང་འགན་ཁུར་བླ་མེད་བླངས་ཡོད་པར་སེམས། ཡིན་ནའང་གང་ནས་ཡོང་མིན་མི་གསལ་བའི་བཤད་ཡམས་དེ་དག་སྤེལ་མཁན་གྱི་ཕྱོགས་ནས་ད་བར་ཅི་ཡང་མི་སྨྲའི་རྟུལ་ཞུགས་དང་དུ་བླངས་ཡོད་པ་ནི་ཀུན་ལ་མངའ་གསལ་ལྟར་ཡང༌། ཉིན་འགའི་སྔོན་ཨ་ཆོས་ལ་སྐུ་དྲག་ལམ་ལུགས་འོག་མ་ཉེས་ཁ་གཡོག་ཐེབས་ཚུལ་སྦུག་སྦུག་གིས་བཤད་མཁན་ཨ་སྤེན་ཟེར་བ་ཞིག་སླེབས་པར་ང་རང་དོ་སྣང་གསར་བ་ཞིག་བྱུང༌། དོན་དམ་བོད་སྤྱིའི་དམ་ཚིག་གམ་ཆིག་སྒྲིལ་གྱི་ངོས་ནས་བཤད་ནའང༌། བཤད་ཡམས་འདི་དག་གསལ་བོ་ཆགས་དགོས་པ་ཞིག་རེད་ལ། ལོ་རྒྱུས་ཀྱི་ངོས་བཤད་ནའང་དེ་ལྟར་རེད། རྒྱ་ནག་གི་བྱས་ཉེས་ལ་བཟོད་པ་བསྟེན་པའི་མི་རིགས་ཤིག་གིས། གལ་སྲིད་ནང་གི་བཤད་ཡམས་འདི་དག་གསལ་བོ་ཆགས་རྒྱུར་བཟོད་བསྲན་འདྲ་བསྟེན་དགོས་བྱུང་ཀྱང༌། དེ་ལ་དཀའ་ངལ་འདྲ་ནམ་ནམ་ཞར་ཞར་དུ་ཨེ་ཡོད་སྙམ་ནས། བབ་དོན་རྒྱ་རྡུང་དང་ཨ་སྤེན་གྱི་ཚགས་པར་ངོ་གདོང་གི་གླེང་མོལ་ལ་དབྱེ་ཞིབ་ཅུང་ཙམ་བྱེད་འདོད་བྱུང༌།
སྐུ་ཞབས་རྒྱ་རྡུང་གིས་རང་གཞུང་གི་མང་གཙོ་ཕྱི་གསལ་ནང་གསལ་ཡིན་པར་སྒྲུབ་པ། ཨ་སྤེན་ལྟར་ན་ལན་ཐེབས་མེད་དབང་དུ་བཏང་ཡང༌། རྒྱལ་སྤྱིའི་གྲོགས་པོ་ཚོ་དང་སྐམ་ས་ཆེན་མོར་གནས་པའི་རྒྱ་རིགས་མི་མང༌། ལྷག་ཏུ་གཞིས་ལུས་བོད་མི་ཚོའི་མཐོང་ཐོས་ཀྱི་གཞི་རུ་བཙན་བྱོལ་བོད་མི་རེ་འགའི་དངོས་མིང་འདོན་སྤྱད་ཀྱིས་རྩོམ་ཡིག་སྤེལ་བ་དེ་ནི། རིག་པ་ཅན་གྱི་སྐྱག་རྫུན་བཤད་སྟངས་ཤིག་ལ་སོང༌། དངོས་དོན་མི་ཤེས་མཁན་ལ་རེ་དོགས་དང་སྤྱི་ཚོགས་ནང་བཤད་ཡམས་འབྱུང་གཞིར་དམིགས་ནས་དུས་ཐོག་ལན་འདེབས་གནང་བ་ནི་ “མདའ་མོ་འཕེན་འདོད་ལས་” “གཞུ་མོ་གཅོག་འདོད”་ རྩ་བ་ནས་མ་རེད། གང་ཡིན་ཞེ་ན། སྐུ་ཞབས་རྒྱ་རྡུང་གིས་རྩོམ་ལན་རྒྱ་ཡིག་གི་དྲ་རྒྱ་ཆེ་ཤོས་བུའུ་ཞུན་གཙོས་དྲ་རྒྱ་མང་པོར་བཀོད་འདུག་པ་དང༌། ལན་འདེབས་གནང་རེས་ཀྱིས་མཐའ་མར་སྐུ་ཞབས་རྒྱ་རྡུང་གིས་ཕྱོགས་གཉིས་ཀྱི་རྩོམ་ཡིག་དྲ་ངོས་གཅིག་ཏུ་བཞག་སྟེ། འཛམ་གླིང་གི་གཟུ་བོར་གནས་པའི་མིག་ལམ་དུ་སྟོན་ཐུབ་བམ་སོགས་ལན་འདེབས་ཚ་ནན་གནང་འབྲས། མཐའ་མར་རྒྱ་རིགས་ཏུའུ་ཞུན་ཡུས་ཀྱིས་དོན་འདིར་རྩོད་གླེང་བྱེད་རྒྱུའི་སྤྲོ་བ་མི་འདུག་ཅེས་སྡུག་སྐད་དང་བཅས་གཡོལ་ཐབས་བྱེད་སྐབས། བཙན་བྱོལ་ནང་གི་རྒྱ་ཡིག་གསར་ལམ་ཁག་གི་ལས་བྱེད་པར་སྐུ་ཞབས་རྒྱ་རྡུང་སུ་ཡིན་མིན་རྩད་གཅོད་བྱེད་མཁན་དང༌། ང་ཚོ་དངོས་གནས་གསལ་བོ་ཆགས་སོང་ཟེར་མཁན་གྱི་རྒྱ་རིགས་གྲོགས་པོ་ཅི་ཙམ་བྱུང་མིན་གྱིས་དོན་ལ་ལན་ཐེབས་མིན་ར་སྤྲོད་བྱས་འདུག་ཀྱང༌། ཨ་སྤེན་ལ་གནས་ཚུལ་དེ་དག་འབྲེལ་མེད་དོན་གཞན་ཡིན་པ་ནི་ཁོང་གིས་རྒྱ་རྡུང་གི་ལན་བཏབས་པའི་ནང་ནས་མཇུག་གི་ཚིག་དུམ་གཅིག་ཇི་བཞིན་བཀོད་འདུག་པ་དེ་ལས། གཞན་དག་ཚང་མ་ལན་ཐེབས་བྱེད་དུ་རྩིས་མེད་པས་ཡིན།
“ཨ་ཆོས་ནས་དུས་རབས་གོང་མའི་ལོ་རབས་ལྔ་བཅུའི་ནང་རྒྱ་གཞུང་གི་ “བལ་འཇམ་འོག་གི་རལ་གྲི་“ངོས་ཟིན་མ་ཟིན་དང་འཐུས་མི་གནང་མ་གནང། སྐབས་དེ་ནས་ལུགས་བསམ་དུ་མཉམ་སྦྲེལ་གྱིས་མ་རྨོས་ལོ་ཏོག་ལས་སྣོན་བཟོ་གྲྭའི་མཐའ་མའི་འགལ་ཟླ་བྱུང་ཚུལ་ནས་རྒྱ་ལ་མགོ་བཏགས་པ་དང་བཀོལ་སྤྱོད་འོག་ཕྱིན་ཚུལ། ཡ་མེད་ཁྲེལ་བཙོང་གིས་ཕྱིར་རྒྱ་གར་དུ་འབྱོར་ནས་ནག་མོ་མང་པོས་རུབ་རྡུང་བྱས་ཚུལ་”རྒྱ་རྡུང་གིས་གསལ་བོ་བཟོས་འདུག་པ་དང༌། འདིའི་ཐད་ཨ་སྤེན་ཡང་མི་མཐུན་ས་ཡོད་པར་ཚགས་པར་ངོ་གདོང་དུ་བཀོད་མི་འདུག ཡིན་ནའང་ཨ་སྤེན་གྱིས་”ཤ་ཞིམ་པོ་སྤྱང་ཀིས་ཅི་ལྟར་ཟོས་ཚུལ”་ དང་ “ཁ་ངན་པ་ཝ་མོར་ཅི་ལྟར་གཡོག་ཚུལ”་གཏམ་དཔེ་ཙམ་དང༌། སྦུག་སྦུག་རབ་རིབ་དུ་བཞག་གནང་བ་དེས་ངའི་ཤེས་འདོད་ཀྱི་བཤད་ཡམས་རྒྱ་བསྐྱེད་པ་དང༌། རྒྱ་རྡུང་གིས་ཨ་ཆོས་ཀྱི་ངོ་ལོག་པའི་བྱ་སྤྱོད་གསལ་རྗེན་བྱས་པར། ལན་དུ་བཟློ་བ་ཡིན་ན་ནི་དེ་ནི་ནམ་ཡང་རིག་པ་དང་འགལ་བའི་གྲུབ་མཐའ་ཁས་བླངས་བ་དང་འདྲ། ཡང་ཨ་སྤེན་གྱིས་རྩོམ་མིང་དྲང་པོའི་གཞུང་ཞེས་སྙན་མོར་བྲིས་ན་ཡང༌། བརྗོད་དོན་བག་མེད་ཤ་ལ་རོལ་བའི་སྤྱང་ཀིའི་གཟིགས་སུ་བྲིས་འདུག་པ་དེས། བཤད་ཡམས་ཀྱི་མེ་ལ་སྣུམ་བླུགས་འདུག་ཅིང༌། བྱས་བ་ཅན་ལ་དྲིན་དུ་བཟོས་མེད་ཁར། རྒྱ་རིགས་ཏུའུ་ཞུན་ཡུས་ལ་དཔའ་དར་རང་འཐེན་འདུག
རྒྱ་རྡུང་གི་དམིགས་གཟས་ཨ་ཆོས་མིན་ཡང༌། ཨ་སྤེན་གྱི་ར་མདའ་ཏུའུ་ཞུན་ཡུན་དང་འགྲོགས་ནས་སླེབས་པའང༌། དོན་ལ་ཨ་ཆོས་ཀྱི་དངོས་སྒྲུང་བསྐྱར་འཁྲབ་བྱས་པ་དང་མཚུངས་ལ། རྒྱ་རྡུང་གིས་ཨ་ཆོས་འུ་ཐུག་ངང་མགོ་འདོག་ཏུ་ཕྱིན་ཚུལ་གསུངས་བ་ནི་དོན་དངོས་ཡིན་ཡང༌། ཨ་ཆོས་འགྱེལ་སར་ལངས་སྟངས་ཀྱི་བྱུང་རབས་ནག་པོ་མ་རེད་ཅེས་ནམ་ནམ་ཞར་ཞར་དུའང་བྲིས་མི་འདུག་ལ། བསམ་ཀྱང་མི་སྲིད་པས། ཨ་སྤེན་ལྟ་བུའི་གཞོན་རབས་ཚོའི་སྙིང་སྟོབས་ལ་དོ་ཕོག་མི་འགྲོ་བའང་རྒྱ་རྡུང་གིས་འགན་ལེན་བྱས་འདུག་བསམ། ད་དུང་ཨ་ཆོས་ཀྱི་བུ་མོའི་ཁྱོ་ག་དོན་གཅོད་གང་རུང་གི་དྲུང་ཆེ་གནང་མུས་སོགས་ཀྱིས་སྐབས་དེའི་རང་གཞུང་གི་ལམ་ལུགས་མི་མཐོང་ཅི་ལ་སྲིད་ཀྱང༌། ཨ་ཆོས་ཀྱི་ནང་མིས་བོད་གཞུང་ལ་གུན་གསབ་ཕུལ་དུས་ཀྱང༌། ཨ་ཆོས་ཀྱི་པེད་ཤག་ཡིན་ན་ལེན་རྒྱུ་མིན་ཚུལ་ཐག་གིས་བཅད་པས་ཀྱང༌། ཕ་རུལ་ན་བུ་རུལ་མེད་པའི་དཀྱེལ་ཆེ་གུ་ཡངས་ཀྱི་ལམ་ལུགས་དེ་དག་ནི་དོན་དངོས་ཐོག་ཕྱི་གསལ་ནང་གསལ་ཡིན་པའང་ཨ་སྤེན་གྱིས་ད་དུང་མཁྱེན་འདོད་མེད་པ་འདྲ།
ཡིན་ནའང༌། ཨ་སྤེན་གྱིས་ཨ་ཆོས་དཔལ་འབྱོར་ལས་ཁུངས་ཀྱི་འགན་འཛིན་དང་སྙོག་གླེང་བྱུང་བ་ནི། བཀས་བཀོད་རྒྱུད་འཛིན་སྐུ་དྲག་ལམ་ལུགས་ཀྱིས་བྱས་འབྲས་ཡིན་པར་སྨྲས་པ་དེས། མེ་སོར་དུ་ཨ་ཆོས་ཀྱིས་མཉམ་སྦྲེལ་དང་གཅིག་སྒྲིལ་གྱིས་རྨར་ཀན་བཟོ་གྲྭ་འཛུགས་རྒྱུར་བསྟོད་བསྔགས་དང་ལམ་སྟོན་ཆོག་མཆན་གནང་མཁན་དེའང༌། བཀས་བཀོད་རྒྱུད་འཛིན་དང་སྐུ་དྲག་ལམ་ལུགས་ཀྱི་འགོ་བ་ཡིན་པར་ཕུགས་ན་བསྟན་འདུག་པར་གོ་བ་མི་ལེན་མཁན་ཡོད་དམ། ད་དུང་ཆབ་སྲིད་ཀྱི་བློ་མིག་ཡོད་མདོག་གིས་ཨ་ཆོས་ལ་རུབ་འཛིང་བྱེད་མཁན། རང་ཚུགས་མ་ཟིན་པའི་མི་མང་ཁག་ཅིག་དང་ཀྲང་ཆིང་ལི་མཉམ་སྦྱར་བྱས་ནས་ཨུ་ཚུགས་ཅན་གྱི་རྣམ་དཔྱོད་ངོམས་པ་ནི། ཀྲང་ཆིང་ལི་རྒྱ་ནག་གཞུང་གི་བོད་ཐོག་འཛིན་པའི་སྲིད་བྱུས་བསྒྱུར་བཅོས་དང་གཏན་འབེབས་མཛད་མཁན་གྱི་ཚོགས་མི་ཡིན་པའང་མ་མཁྱེན་པས་རེད་དམ། ཡང་ན་ཨ་སྤེན་གྱི་ཕྱི་ནང་མི་དགོས་པའི་ཆབ་སྲིད་ཀྱི་སྣང་བ་མཐོ་དྲགས་པས་ཡིན་ནམ།
ལར་ནས། དྲང་པོའི་གཞུང་ཞེས་ཁ་བྱང་སྙན་མོ་ཞིག་བཏགས་མ་བཏགས་ཀྱིས། བློ་མིག་ལྡན་པ་རྣམས་ལམ་ལོག་ཏུ་འདེད་མི་ཐུབ་པ་མ་ཟད། ཨ་ཐར་ནོར་བུ་དང༌། ཁང་དཀར་ཚུལ་ཁྲིམས། གུང་ཐང་ཚུལ་ཁྲིམས་སོགས་ཀྱི་མི་ཚེའི་བགྲང་བྱ་རེ་རེར་དབྱེ་འབྱེད་ཀྱིས་འོས་སར་བསྔགས་པ་དང༌། ངན་སར་གཤེ་བ་ནི་རྒྱུ་འབྲས་ཀྱི་ཆོས་ཉིད་ཞིག་ཀྱང་རེད་ལ། འོན་ཏེ་ཨ་སྤེན་ལ་བཤད་ཡམས་འདི་དག་གི་མདུད་པ་གྲོལ་བའི་རྣམ་དཔྱོད་ཡོད་ན། མང་གཙོའི་སྤྱི་ཚོགས་ནང༌། ཕྱིར་ལྟོས་དང་ཕྱོགས་བསྡོམས་བྱེད་དབང་ཨ་སྤེན་གྱི་བགོ་སྐལ་དུ་བཞག་ཡོད་པ་རེད། རང་ཚོད་ཟིན་མ་ཐུབ་པ་མི་མང་ཁག་གཅིག་མིན་པ་དང་དེ་དག་གི་རྒྱབ་ཏུ་ཅི་ཞིག་ཡོད་མེད་བདེན་པའི་གསལ་རྗེན་བྱུང་ན། ང་ལྟ་བུའི་མི་རབས་གསར་བའི་ཡི་གེ་བ་ཚོས་གཟུ་བོའི་བློ་མིག་གིས་དཔྱད་ཞིབ་བྱེད་རྒྱུ་རེད་ལ། ཨ་ཆོས་དང་ཨ་སྤེན་མི་དད་སའི་ “རྒྱ་གར་མང་གཙོ་རང་དབང་ལུང་པའི་ནང་སྐུ་དྲག་ཞིག་གི་གཉའ་གནོན་” མྱོང་རྒྱུ་མཚམས་ཆོད་ངེས་རེད།
དེ་མིན་དཀར་མིན་ནག་མིན་དང༌། མགོ་མཇུག་ལྡོག་པ། དགོས་དམིགས་གང་ཡིན་མི་ཤེས་པའི་བསམ་ཚུལ་འདི་འདྲ་སྤེལ་ན། རྒྱ་རྡུང་ལྟར་རྒྱ་ལ་རྒོལ་མཁན་དང་རྡུང་མཁན་རྣམས་དོགས་པ་འབྱུང་རྒྱུ་རེད་ལ། སྔར་བཞིན་བཤད་ཡམས་ཀྱི་སྣེ་རུ་མི་འདོག་རང་འདོག་རེད། རྒྱ་རྡུང་གི་གཏམ་གྱི་མདོ་ཁ་བཙན་བྱོལ་བོད་མིའི་མང་གཙོ་གསལ་འགྲེལ་ཡིན་པ་ལས། ལྐོག་ལྐོག་སིལ་སིལ་བྱེད་རྒྱུ་དང༌། རང་ཁེ་ལས་གནས་ལུགས་དོར་བའང་མ་རེད་ལ། ཨ་སྤེན་དད་ས་ཨ་ཆོས་གླེང་རྒྱུ་རིན་དུ་མི་ཆེ་བའང་རྒྱ་རྡུང་གིས་མི་ཤེས་པ་ཅི་ལ་ཡོད་ཀྱང༌། ཨ་སྤེན་གྱིས་མཐའ་གཅིག་ཏུ་ཏུའུ་ཞུན་ཡུན་གྱི་ངལ་བ་དང་དུ་བླངས་ཁར། བང་ཆེན་གསར་ཤོག་གིས་ས་གཞི་ཁེབས་ཀྱིས་བསྐྲུན་པའང་ལོ་རྒྱུས་ནང་ཕྱིར་འཐེན་བྱེད་ཐབས་ཀྱང་ཡོད་ག་ལ་སྲིད།
དེས་ན། ཨ་སྤེན་ “བཀས་བཀོད་རྒྱུད་འཛིན་དང་སྐུ་དྲག་ལམ་ལུགས། ལོ་རབས་བརྒྱད་བཅུ་དང་དགུ་བཅུར”་ ཡིད་མ་རངས་པའི་བྱུང་བ་མཆིས་སོ་ཅོག དྲང་པོའི་གཞུང་གི་མདུན་ལམ་ཐད། དགེ་སྐྱོན་གསལ་འདོན་གྱིས་བྱུང་རབས་ཀྱི་བསླབ་བྱ་ཕྱུར་བུར་སྤུངས་ནུས་ན། དེས་གློ་བ་མི་སིམ་མཁན་གྱི་བོད་རིགས་ཤེས་ལྡན་ཞིག་སྲིད་ན་མཆིས་སམ། འོན་ཏེ་ཨ་སྤེན་ཨ་ཆོས་ཙམ་ལ་དུངས་སྣང་གིས་ཚོར་བའི་ཚིག་ཙམ་བརྡོལ་ནས་འཇའ་བཞིན་ཡལ་སོང་ན་ཅི་འདྲིའི་ཞེ་རེ་ཕངས་པ་ཞིག་ཡིན་པའང་ཁོ་བོས་ད་ནས་སྨྲ་ནུས་ལ། སྐབས་དེར་ཏུའུ་ཞུན་ཡུས་ལ་ང་རྒྱལ་ལྷག་མ་ཞིག་ཀྱང་སྐྱེ་སྲིད་པ་རེད།
ད་ལྟ་ཕྱི་རྒྱལ་དུ་གནས་སྡོད་མཁན་སྐབས་དེའི་བདེ་སྲུང་ལས་ཟུར་རྒན་པོ་ཞིག་གིས། “ཨ་ལོ་ཆོས་མཛད་ལ་བོད་ནས་མགྲོན་གཉེར་ཕ་ལྷ་སོགས་ཀྱིས་གཟིགས་ཚུལ་དེབ་བཏོན་བཞག་ཤག ཕྱིས་སུ་རྒྱ་གར་ནས་ལས་དོན་ལམ་དུ་མ་ལྷོངས་པས། རྒྱ་མིར་མགོ་བཏགས། ཡང་ཚུར་རྒྱ་གར་དུ་སླེབས་སྐབས་གངས་སྐྱིད་དུ། ནག་མོ་མང་པོས་རུབ་འཛིང་བྱས་སྐབས། ངས་ཁོང་ཚོ་བཀག་ནས་སྟོད་གོས་ཕུ་ཐུང་གོར་སེ་བཤག་སོང༌། ད་དུང་ངའི་ལུས་སྟེང་ལ་མཆིལ་ཞགས་ཡང་མང་པོ་ཕངས་འདུག་ཟེར།” དེ་ཙམ་མ་ཟད་རྒྱ་རྡུང་དང་ད་ལྟའི་མདོ་སྟོད་སྤྱི་འཐུས་བསོད་ནམས་སྟོབས་རྒྱས་གཉིས་ནས་ཀྱང༌། བུད་མེད་དག་གི་མདུན་ནས་ལངས་ཏེ་མ་བྱེད་མ་རྡུང་ཞེས་ཁ་ཏ་བསླབ་བྱ་བྱས་སྐད་ཀྱང་འདུག་ན༌། དེང་གི་བཤད་ཡམས་ “སྐབས་དེར་ཨ་ཆོས་རུབ་འཛིང་བྱེད་མཁན་དག་ནི་ཨ་ཆོས་ཀྱི་དགའ་ཉེ་འབྲེལ་ཡོད་ཚོ་རེད་ཟེར་བ་” དེ་ཡང་ཉིན་མོ་དེ་ནས་འགོ་ཚུགས་པ་ཞིག་མིན་འགྲོ་བསམ་ལ། བདེ་སྲུང་མི་སྣ་དང་རྒྱ་རྡུང་སོགས་ནི་སྐབས་དེའི་ཁ་ཏ་བྱེད་མཁན་དང་བུད་མེད་འཇོན་པོ་དེ་ཚོ་འགོག་མཁན་ཡིན་འདུག་པ་ལས། ཨ་སྤེན་དང་ཨ་སྤེན་གྱིས་བཤད་པའི་་ “གདན་གསུམ་མཁན་ལས་ཟུར་གནས་བརྟན་བགྲེས་སོང་ཚོ་” མ་ཡིན་པའང་ཨ་ཆོས་རང་དང་རང་གི་ནང་མིར་ཞིབ་ཏུ་ངེས་ཤག་རེད།
ལར་ནས། ཨ་སྤེན་གྱིས་ཀྱང་” སྐད་ཆ་དྲང་མོ་མདའ་འདྲ་”ཞིག་བཤད་འདོད་ཡོད་ན། ཨ་ཆོས་འ་ཟད་འུ་ཐུག་ཏུ་གྱུར་བ་ལེ་ཁག་སུ་ལ་ཡོད་མེད་དང༌། མཐའ་མ་ཐབས་ཤེས་ཟད་མཚམས་རྒྱ་རྡུང་གིས་བཤད་ལ་ལྟར་”རྒྱ་ནག་གཞུང་ལ་མགོ་བཏགས་ཞུས་ཏེ་བཀོལ་སྤྱོད་འོག་ཕྱིན་པ་”དེའང་འགྲིག་ཡོད་མེད་དང༌། ལེ་ཁག་སུ་ལ་ཡོད་མེད་སོགས་ཨ་སྤེན་གྱི་ཞལ་ནས་བརྡོལ་བ་འདྲ་བྱུང་ན། བཤད་ཡམས་ཀྱི་མེ་རི་ཆུང་དུ་འགྲོ་རེ་དང༌། མང་གཙོའི་རྟོགས་པ་མཐོན་པོར་སླེབས་རྒྱུ། དབང་རྣོན་རྣམ་རྟོག་ཉུང་དུ་འགྲོ་རྒྱུ་བཅས་ལ་ཕན་ངེས་པ་མ་ཟད། ལོ་རྒྱུས་ཀྱི་བསླབ་བྱ་འང་ཐོབ་སྲིད་པ་རེད་ལ། གཞུང་མང་རྩ་དོན་ལ་འབུངས་པའི་ཤེད་ཤུགས་ཆེ་རུ་འགྲོ་རྒྱུ་རེད།
ཡི་གེ་འབྲི་མཚམས་འདིར་སླེབས་པ་ན། ཁོ་བོས་སྐད་གསེང་མཐོན་པོས་ྋགོང་ས་སྐྱབས་མགོན་ཆེན་པོའི་ཤེས་རབ་དང་གཅིག་ཏུ་འདྲེས་ཤིང་འབྲེལ་ཐབས་མེད་པ། བཙན་བྱོལ་གཞུང་གི་མང་གཙོའི་ལམ་ལུགས་དང༌། བྱུང་རབས། མདུན་བསྐྱོད་བཅས་ཀྱི་གེགས་སུ་གྱུར་བའི་བཤད་ཡམས་འདི་དག་ངང་པས་འོ་ཆུ་འབྱེད་པ་འདྲ་བྱུང་ན་སྙམ་པའི་རེ་བ་གསར་བ་ཞིག་ཀྱང༌། རང་རྒྱུད་ན་རླབས་ཕྲེང་མཁའ་རུ་འཕྱོ་བ་ལྟར་འདུག་པའང་རྟོགས་སོང༌།
༢༠༡༠། ༡༡། ༢༢། ཉིན།{jcomments on}