སྐད་ཡིག་དམར་གསོད་ནི་མི་རིགས་དམར་གསོད་དང་ཁྱད་པར་མེད།

ར་རྫི།   བོད་འབྱོར་རྩོམ་ཡིག།
རྒྱ་ནག་སྲིད་གཞུང་གིས་བླང་བྱ་དེ་བཏོན་པའི་རྗེས་སུ། བོད་མི་ཡོད་དོ་ཅོག་གི་སེམས་ཀྱི་རྨ་ཁ་སྔར་ལས་ཀྱང་ཇེ་ཟབ་ཏུ་བཏང་སོང། བོད་མི་རིགས་ཀྱི་འཆི་གསོན་གྱི་གདམ་གར་གྱུར་པའི་བླང་བྱ་དེ་བཏོན་པའི་རྗེས་སུ། ཇི་ལྟར་བཀབ་ཀྱང་སྲིད་གཞུང་ལ་བོད་ཀྱི་སྐད་ཡིག་དམར་གསོད་བྱ་བའི་འཆར་གཞི་ཡོད་པ་ཕྱི་གསལ་ནང་གསལ་རེད།

སྐད་ཡིག་ནི་མི་རིགས་གང་ཡིན་གྱི་བླ་སྲོག་ཡིན་པ་ནི་འཛམ་གླིང་སྒང་གི་སྐད་ཡིག་ཞིབ་འཇུག་པ་མང་པོའི་སྡོམ་ཚིག་ལྟར་ཡིན་ལ། དེ་དམར་གསོད་བྱེད་པ་ནི་ས་གནས་མི་རིགས་ཀྱི་འཚོ་བར་རགས་ཆེན་པོ་ལས་ཡོད་དེེ། ས་གནས་གང་དང་མི་རིགས་གང་ཞིག་གི་མངའ་ཁོངས་སུ་སྐད་ཡིག་བེད་སྤྱོད་བྱས་ཏེ་འཚོ་བར་རོལ་ཐབས་མེད་ཚེ་མི་རིགས་དེའི་རིག་གནས་ལ་བེད་སྤྱོད་ཀྱི་ཁེ་དབང་མ་སྤྲད་པ་དང་ཁྱད་པར་ཅི་ཞིག་ཡོད། ཡིག་ཆ་ལས་བཤད་པ་ལྟར་ན་བོད་ཀྱི་ན་གཞོན་དག་ལ་རྒྱ་ཡིག་གི་ཆུ་ཚད་དམའ་བ་སོགས་རྒྱུ་མཚན་དུ་དུ་བྱས་ཏེ། གཏན་འབེབས་བཟོས་པ་ཡིན་ཚུལ་བརྗོད་འདུག་ཀྱང། ངས་བལྟས་ན་བོད་ཀྱི་སྐད་ཡིག་མེད་པར་བཟོས་ཚེ་བོད་ཀྱི་ཤེས་ཡོན་པའི་སྡེ་མེད་པར་བཟོས་པ་ཡིན་ལ། བོད་ལ་སྙིང་ཉེ་བའི་དཔོན་པོ་དག་ཀྱང་ས་གནས་སུ་གོ་གནས་དང་དབང་ཆ་སོགས་མེད་པ་བཟོ་ཐུབ་པ་མ་ཡིན་ནམ། དེ་ནི་རིག་གནས་གསར་བརྗེ་དང་༡༩༥༨ ལོ་སོགས་དང་ཆ་འདྲ་བའི་རིག་གནས་མེད་བརླགས་དང་མི་རིགས་རྩ་འཇོམས་གཏོང་བའི་སྲིད་ཇུས་ཧམ་སེམས་ཅན་ཞིག་ལས། མི་རིགས་མཐུན་སྒྲིལ་མཉམ་གནས་དང་རིག་གནས་ལ་གདེང་འཇོག་གི་སྲིད་ཇུས་ཤིག་ག་ནས་ཡིན།

མི་ལོ་༥༠ དང་དེ་ལས་ཀྱང་སྔ་བའི་དུས་ཤིག་ཏུ་སྲིད་གཞུང་གིས་བོད་ཀྱི་རིག་གནས་ཐམས་ཅད་མེད་བརླགས་རྩ་གཏོར་དང་བོད་ཀྱི་ཤེས་ཡོན་པའི་སྡེ་དང་བླ་མ་སྤྲུལ་སྐུ་སོགས་མི་གྲངས་མེད་ཅིག་བེམ་རོར་བཟོས་ཤིང་མི་ཁྲག་གིས་རྒྱ་མཚོ་བསྐྱིལ་ཞིང། རིག་གནས་བཙན་འཛུལ་གྱི་ཆེད་དུ་རྒྱ་ནག་གི་ནང་ཁོག་རུལ་བའི་བསམ་བློའི་སློབ་སྦྱོང་བྱ་རུ་བཅུག་པ་དང། བོད་དུ་ཐ་ན་ཀ་ཁའི་དེབ་ཙམ་ཡང་ཉར་ཆོག་མིན་ལ་ཐེ་ཚོམ་ཟ་བའི་གནས་སུ་བརྫངས་སོང་བ།

དེ་རིང་བོད་ཡིག་ཟེར་ས་ཞིག་ཡོད་པ་དེའང་བཙོན་དུ་ལྷག་པའི་མཁས་པ་ཆེ་གྲས་ཁག་དང་བོད་རང་གི་མཁས་པ་ཁ་ཤས་ཀྱིས་གསར་དུ་སྤེལ་བ་ལས་རྒྱ་ནག་གིས་འདིའི་ཐད་དུ་རོགས་སྐྱོར་ཆེན་པོ་གནང་མྱོང་མེད་དེ། བོད་ཡིག་གི་ལམ་ནས་མང་ཚོགས་ལ་སློབ་གསོ་བཏང་བ་སྟེ། གུང་ཁྲན་ཏང་བཀའ་དྲིན་ཆེ་ལུགས་ཀྱི་སློབ་གསོ་རྫུན་མ་བསྒྱུར་སྒྲོག་བྱེད་མྱོང་བ་དེ་བོད་ཀྱི་སྐད་ཡིག་དར་སྤེལ་བཏང་བ་མིན་ན་གཞན་གང་ཡང་བགྲང་རྒྱུ་མེད།

རྒྱ་འོག་ནས་ནར་སོན་པའི་བོད་ཀྱི་ན་གཞོན་དག་ལ་མི་རིགས་འདུ་ཤེས་མེད་པ་དང་བོད་ཀྱི་རིག་གནས་ཅི་ཡང་མི་ཤེས་པའི་གནས་ཚུལ་དེ་སུ་ལ་གསང་ཨང་། དེ་ནི་རྒྱ་གཞུང་གིས་མི་རིགས་སློབ་གླིང་ཁག་ཏུ་བོད་ཀྱི་རིག་གནས་ཆ་ཚང་བ་གང་ཡང་བསླབ་རྒྱུ་མེད་པ་དང། ཨ་མའི་སློབ་གསོ་ལས་རག་མྱོང་མེད་པའི་བོད་ཀྱི་བྱིས་པ་དག་ལ་གཡོ་སྒྱུའི་བསམ་བློའི་མགོ་སྐོར་ཐེབས་ཀྱི་ཡོད་པ་སོགས་ནི་རིག་གནས་སྟེང་གི་མི་ལོ་ལྔ་བཅུའི་བཙན་འཛུལ་རེད།

ཡིན་ཡང་ད་རག་ཏུ་བོད་ཀྱི་ན་གཞོན་དག་བློ་རྣོ་ཞིང་རིག་པ་སྐྱེན་པས་རྒྱ་ནག་གི་སྐད་ཡིག་ཀྱང་རང་གི་རིག་གནས་ཀྱི་ཞོར་དུ་སློབ་མགོ་ཚུགས་ཏེ་ད་ལྟའི་དུས་སུ་བོད་ནང་གི་ལས་བྱེད་པ་ཞིག་དང། བོད་ཀྱི་མི་ཞིག་ཡིན་ཕྱིན་སྐད་གཉིས་སྨྲ་བ་ཡིན་པས་ཁྱབ་སོགས་འུད་བསྟོད་བྱེད་བཞིན་པ་དེའང་རྐྱེན་ངན་གྲོགས་སུ་ཤར་བ་ལས་བོད་ལ་གཅེས་དྲགས་ཏེ་དེ་ལྟར་གྲུབ་པ་མིན་ནོ།།

བོད་ཀྱི་རིག་གནས་མེད་པར་མ་བཟོས་ན་བོད་མི་རིགས་ཀྱི་རུས་གོག་མི་འཐོར་བ་ཤེས་པ་ནས་ཆེད་དམིགས་ཀྱིས། བོད་ཀྱི་ཤེས་ཡོན་པའི་སྡེ་མེད་པར་བཟོ་བའི་འཆར་གཞི་བཏོན་ཅིང་། བོད་ཀྱི་སྐད་ཡིག་གིས་གོང་མི་ཁུག་པར་བཟོས་ན་བོད་ཀྱི་ས་ཁོངས་ཀྱི་བདག་དབང་ཡང་རྒྱ་མི་སྤྲང་པོ་དག་ལ་དབང་སོང་བ་མིན་ནམ། དེ་བས། ངས་འདི་ལྟར་སྙམ་སྟེ། བོད་ཡིག་ཐིག་ཤར་གཅིག་ཀྱང་འདོན་མི་ཤེས་པའི་རྒྱ་མི་དག་ལ་བོད་ཀྱི་རིག་གནས་ལ་ངན་སྨོད་དང་དེའི་རིན་ཐང་གླེང་བའི་འོས་བབས་མེད་ལ། དམིགས་ཡུལ་ཉག་གཅིག་ནི། བོད་ཀྱི་སྐད་ཡིག་དམར་གསོད་བྱས་ཏེ་བོད་ཧྲིལ་པོ་མེད་པར་བཟོ་སྙམ་པ་དེ་རེད། དེ་བས་སྐད་ཡིག་དམར་གསོད་པ་ནི་མི་རིགས་དམར་གསོད་པ་དང་ཁྱད་པར་མེད་ཅེས་བདག་གིས་སྨྲ་བར་སྤོབས་སོ།།{jcomments on}

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།