སྐུ་ཞབས་བྱང་པ་གཅུང་ལགས་དགོངས་པ་རྫོགས།

ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ངོས་འཛིན་གནང་སྐབས། རླབས་ཆེན་གྱི་མཛད་རྗེས་འཇོག་མཁན་སྐུ་ཞབས་བྱང་པ་གཅུང་ལགས་གདན་ས་བཀྲ་ཤིས་ལྷུན་པོའི་ཉེ་འགྲམ་གཞིས་རྩེ་ཀླུ་ལྡིང་ས་ཁུལ་གྱི་སྐུ་མཆེད་ཅིག་གི་གཟིམ་ཁང་ནས་དགོངས་པ་རྫོགས་ཡོད་འདུག

བྱང་པ་གཅུང་ལགས་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་མ་ཐག ཕྱི་ཚེས་ ༡༤ ཉིན་ནས་པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་ལས་དོན་ལྟེ་གནས་ཁང་གིས་རྒྱ་གར་དང་བལ་ཡུལ་གྱི་གནས་ཆེན་ཁག་ལ་མཆོད་འབུལ་ཞུ་མགོ་བཙུགས་ཡོད་པའི་གནས་ཚུལ་སྐོར་བཀོད་དོན། ཉིན་དེ་ནས་བཟུང་རྒྱ་བལ་གྱི་གནས་ཆེན་ཁག་ལ་མཆོད་འབུལ་ཞུ་དགོས་རིགས་ཞུས་དང་ཞུ་བཞིན་པ་དང༌། དམ་པ་དེ་ཉིད་ཀྱི་ཐུགས་དགོངས་ཟབ་མོ་ཡོངས་སུ་རྫོགས་པའི་ཆེད་སྐུ་ཚིགས་ནམ་ཡིན་ལ་དགེ་འདུན་གྱི་འདུས་སྡེར་བསྙེན་བཀུར་དང་འབྲེལ་གསོལ་འདེབས་མཆོད་འབུལ་ཞུ་བཞིན་ལགས། སྐུ་ཞབས་བྱང་པ་གཅུང་ལགས་བོད་ཀྱི་བསྟན་སྲིད་དོན་དུ་སྐུ་ཚེའི་འཕེན་པ་རྫོགས་ཟིན་ཡང༌། གང་གིས་སྐུ་ཚེ་ཧྲིལ་པོར་བོད་མི་རིགས་ཀྱི་བདེན་དོན་ཆེད་དུ་ནམ་ཡང་འཇིགས་ཞུམ་བྲལ་བའི་སྒོ་ནས་བཞག་པའི་རླབས་ཆེན་གྱི་མཛད་རྗེས་རྣམས་ང་ཚོའི་སྙིང་དབུས་ནས་ནམ་ཡང་ཟུབ་ཐབས་མེད། ཅེས་བཀོད་འདུག

སྤྱི་ལོ་ ༡༩༣༩ ལོར་བོད་གཙང་ཁུལ་རོང་མཚོར་༼ རོགས་ཚོ ༽འཁྲུངས་ཤིང༌། ཆུང་དུས་ནས་བོད་ཀྱི་གདན་ས་བཀྲ་ཤིས་ལྷུན་པོར་ཆོས་བཞུགས་གནང་ནས་རྩེ་སློབ་གྲྭར་བོད་ཀྱི་བརྡ་སྤྲོད་རིག་གནས་ཀུན་ལ་སྦྱངས་པ་མཐར་ཕྱིན་མཛད་དེ་མཁས་པའི་ཡང་རྩེར་སོན། ལོ་རབས་བརྒྱད་ཅུའི་ནང་གཞིས་རྩེ་དགེ་འོས་སློབ་གྲྭའི་དགེ་རྒན་ཆེན་མོར་གདན་དྲངས། དེ་རྗེས་ཀུན་གཟིགས་ྋཔཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་བཀའ་དགོངས་བཞིན་བོད་གངས་རྒྱན་སློབ་གྲྭའི་མཛད་འགན་བཞེས། ཁོང་གིས་བོད་ནང་སེར་སྐྱ་སློབ་མ་སྟོང་ཕྲག་མང་པོར་བོད་ཀྱི་བརྡ་སྤྲོད་འཆད་འཁྲིད་མཛད་ནས་བོད་ཀྱི་རིག་གནས་ཉམས་པ་སླར་གསོར་སྨན་པའི་ཕྱག་ལས་རྒྱ་ཆེར་མཛད། ཀུན་གཟིགས་ྋཔཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་དགོངས་པ་རྫོགས་རྗེས་ཡང་སྲིད་འཚོལ་ཞིབ་ཀྱི་ལས་དོན་སྐོར་ཕྱག་ལས་གནང་མཁན་གཙོ་གྲས་ཤིག་ཆགས།

སྤྱི་ལོ་ ༡༩༩༥ ལོར་རྒྱ་ནག་གཞུང་གིས་སྤྱི་ནོར་ྋགོང་ས་མཆོག་གིས་ངོས་འཛིན་གསལ་བསྒྲགས་བསྐྱངས་པའི་ཀུན་གཟིགས་ྋཔཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་འཛིན་བཟུང་བཙན་ཁྲིད་བྱེད་སྐབས། རྒན་བྱང་པ་གཅུང་ལགས་ཀྱང་འཛིན་བཟུང་བཀག་ཉར་བྱས་ནས་ཞི་དྲག་གཉིས་ཀྱི་སྒོ་ནས་འདྲི་རྩད་ལན་མང་བྱས། ཉིན་གཅིག་རྐང་ལག་ལྕགས་སྒྲོག་གིས་བཅིངས་པའི་བྱང་པ་གཅུང་ལགས་གཞིས་རྩེའི་ཉེན་རྟོགས་དམག་མིས་གདན་ས་བཀྲ་ཤིས་ལྷུན་པོའི་ནང་འཁྲིད་ནས་མཐའ་མའི་འདྲི་རྩད་བྱེད་སྐབས། སྔར་བཞིན་ྋརྒྱལ་བ་རིན་པོ་ཆེར་ཡིག་འབྲེལ་བྱེད་མཁན་ང་རང་ཡིན། སྐུ་ཞབས་བྱ་བྲལ་རིན་པོ་ཆེར་ཐུགས་ཁག་རྩ་བ་ནས་མེད། གལ་སྲིད་ཉེས་པ་ཡོད་ན་ཚང་མ་ང་རང་གཅིག་པུས་བསགས་པ་ཡིན། ཁྱེད་ཚོས་ཆད་པ་ག་རེ་བཏང་ཡང་ང་ལ་གཏོང་རོགས་གནང་ཞེས་སྔར་བཞིན་ཚིག་ཐག་ཆོད་པོས་གསུངས་པར། མཐར་རྒྱ་ནག་གཞུང་གིས་ཁོང་ལ་རྒྱལ་ཁབ་ཀྱི་གསང་བ་ཕྱི་ལ་གྱར་མཁན་དང་ངན་འབྲེལ་ཡོད་པའི་ཉེས་མིང་འོག་ལོ་ངོ་བཞིའི་རིང་དུས་བཀག་བཙོན་འཇུག་དང༌། ལོ་ངོ་གཉིས་རིང་ཆབ་སྲིད་དབང་ཆ་འཕྲོག་པའི་ཁྲིམས་ཐག་བཅད་ནས་བཙོན་དུ་བཅུག

གོང་གསལ་བཙོན་འཇུག་གི་ལོ་ཚད་ཡོལ་ཀྱང་ལམ་སེང་ཀློད་གྲོལ་མ་བྱས་པར། དུས་ཡུན་རིང་པོའི་རྗེས་སུ་གཞི་ནས་བཙོན་ཁང་ནས་གློད། དེ་རྗེས་གཞིས་རྩེར་སྐུ་མཆེད་ཞིག་གི་གཟིམ་ཁང་དུ་བཞུགས་ཀྱང་གཞིས་རྩེ་ས་གནས་ཉེན་རྟོགས་པའི་ལྟ་སྲུང་བ་ཞིག་ཞབས་ཕྱི་ཡིན་ཁུལ་གྱིས་འབྲལ་མེད་བཞག་ཡོད་པས། ཁོང་ལ་ཕྱི་ཚུལ་ཙམ་ལས་དོན་དམ་གྱི་བཙོན་གྲོལ་ནམ་ཡང་ཐོབ་མེད། ཁོང་བཙོན་གྲོལ་རྗེས་ནམ་རྒྱུན་ཕྱི་མི་སུ་གང་དང་རང་དབང་གི་སྒོ་ནས་ཐུག་འཕྲད་གནང་རྒྱུའི་གོ་སྐབས་བྱུང་མེད་ལ་ཐུག་འདོད་ཀྱང་གནང་གི་མེད། ཁོང་བཙོན་ཁང་དུ་བཞུགས་རིང་རྡུང་རྡེག་དྲག་པོས་སྐུ་གཟུགས་ལ་གཅོང་ནད་ཚབས་ཆེན་ཕོག་པས་གཞིས་རྩེར་སྐུ་མཆེད་ལྷན་དུ་ལོ་ངོ་གསུམ་ལྷག་བཞུགས་ལོང་མ་བྱུང་བར་ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་གྱི་དགོང་དྲོའི་ཆུ་ཚོད་ ༨ ཐོག་དགོངས་པ་རྫོགས་ཡོད་འདུག

གནས་ཚུལ་པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་ལས་དོན་ལྟེ་གནས་ནས་འགྲེམས་སྤེལ་གནང་།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།