བོད་མིའི་འཐབ་རྩོད་ཀྱི་འགན་ལེན་སྟངས་གསར་པ་ཞིག་རེད།
ཆོས་ཉིད་འོད་ཟེར།
འགྲོ་བ་མི་བྱུང་བ་ནས་བཟུང་ཆབ་སྲིད་ཀྱི་ལམ་ལུགས་འདྲ་མིན་བྱུང་ཡོད་ལ། མང་གཙོའི་ངོ་བོ་ཆགས་སྟངས་ཡང་འདྲ་མིན་རེད། བོད་ལ་མཚོན་ན་༡༩༤༠ ལོ་ནས་བོད་ས་ཡོངས་ལ་རྒྱ་ནག་གིས་བཙན་འཛུལ་བྱས་ཏེ། བོད་ཀྱི་བདག་དབང་ཤོར་བ་མ་ཟད། མི་མང་གིས་བཙན་འཛུལ་འོག་དཀའ་སྡུག་མྱངས་ཏེ། ལོ་ལྔ་བཅུའི་རྗེས་སུ་ད་དུང་ཡང་མི་རིགས་འདི་ཤི་གསོན་ངེས་མེད་དུ་གྱུར་ཡོད། འོན་ཀྱང་བཙན་བྱོལ་བོད་མི་རྣམས་སྐྱབས་བཅོལ་དུ་ཡོང་སྟེ།
བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་དབུ་ཁྲིད་པའི་ཐོག་ནས་ཆབ་སྲིད་ལམ་ལུགས་མང་གཙོར་བསྒྱུར་བ་དང། བོད་ནང་གི་དཀའ་སྡུག་རྒྱལ་སྤྱིའི་ཐོག་ཏུ་གླེང་ཞོར་དང། སྐྱབས་བཅོལ་བོད་མིའི་འཚོ་གོས་མཐུན་རྐྱེན་འཚོལ་ཞོར་དུ་ད་ལྟ་བོད་མི་མི་མང་སྤྱི་འཐུས་སྐབས་བཅོ་ལྔ་པ་དང་། བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་བྱས་པ་སྐབས་གསུམ་པ་གྲ་སྒྲིག་བྱེད་བཞིན་ཡོད།
སྤྱིར་བཏང་མང་གཙོའི་རྒྱལ་ཁབ་ཁག་གིས་འོས་བསྡུའི་སྐབས་འོས་མིའི་ནང་ལངས་མཁན་ཚོས་འཆར་གཞི་ངེས་ཅན་བསྒྲིགས་ཏེ། མང་ཚོགས་ལ་ངོ་སྤྲོད་བྱེད་དུ་འགྲོ་ཡི་ཡོད་པ་དང། མང་ཚོགས་ཀྱིས་སོ་སོའི་ས་གནས་སུ་དབུ་ཁྲིད་སུས་མཐུན་རྐྱེན་ཡག་པོ་བསྐྲུན་ཐུབ་མིན་ལ་གཙོ་བོ་ལྟ་ཡི་ཡོད་པ་མ་ཟད། ཆབ་སྲིད་ཀྱི་ཤོག་ཁག་གང་ཡིན་ལ་ཡང་གསལ་པོ་ལྟ་ཡི་རེད། འོན་ཀྱང་བཙན་བྱོལ་བོད་མི་ཚོས་ཐེངས་འདིའི་སྔོན་འགྲོའི་འོས་ཤོག་འཕེན་སྐབས་དེ་གཉིས་ལ་གཙོ་བོ་བལྟས་མེད་པར་སྙམ། འོས་མ་བླུགས་པའི་སྔོན་དུ་མི་རྒན་པ་ཉམས་མྱོང་ཅན་ཞིག་དགོས་སྐོར་བརྗོད་མཁན་དང། གཞོན་སྐྱེས་གསར་གཏོད་པ་ཞིག་དགོས་སྐོར། དེ་བཞིན་སྐུ་དྲག་གི་རྒྱུད་པ་དང་ཁྱིམ་རྒྱུད་ཆེན་མོའི་རིགས་མི་དགོས་པའི་སྐོར་བརྗོད་མཁན་བྱུང་ཡོད་ལ། དེ་བཞིན་ཉམས་མྱོང་མེད་པའི་གཞོན་སྐྱེས་ཤིག་གིས་བྱེད་མི་ཐུབ་པའི་སྐོར། ཡང་སྔོན་མ་སྤྱི་ཚོགས་ནང་རྙོག་གྲ་ཡོད་མཁན་ཞིག་མི་དགོས་སྐོར་དང། སེར་མོ་བ་ཞིག་མི་དགོས་པའི་སྐོར་བརྗོད་མཁན་དང། ཡང་ཁག་ཅིག་རྒན་གཞོན་དང་ཁྱིམ་རྒྱུད། སྐྱ་སེར་སོགས་ལ་ཁྱད་པར་མེད་སྐོར་བརྗོད་མཁན་སོགས་མིའི་དབྱེ་བ་ཧ་ཅང་མང་པོ་བཤད་པ་ལས། དམིགས་ཡུལ་དངོས་གནས་བོད་ཀྱི་བདེན་མཐའ་གསལ་ཐབས་དང་བཙན་བྱོལ་བོད་མིའི་སྐྱིད་སྡུག་ལ་ལྟ་ཐུབ་མཁན་ཞིག་དགོས་པ་དང། ལྷག་བསམ་རྣམ་དག་དགོས་པ་རེད་ཅེས་རགས་རིམ་ཙམ་ལས། འཆར་གཞི་འདི་འདྲ་ཡོད་མཁན་ཞིག་དགོས་སྐོར་གླེང་མཁན་ཤིན་ཏུ་ཉུང་།
འོས་ཤོག་ནང་ལངས་མཁན་ཚོས་ཀྱང་འཆར་གཞི་འདི་འདྲ་ཞིག་གི་འོག་ནས་ལས་དོན་བྱེད་རྒྱུ་ཡིན་ཞེས་ལས་འཆར་དངོས་གནས་གཏན་འབེབས་བྱེད་མཁན་བྱུང་མེད་ལ། དེ་ནི་མི་མང་དང་འོས་མིར་ལངས་མཁན་གཉིས་ཀའི་ངོས་ནས་སོ་སོ་སྐྱབས་བཅོལ་བ་ཡིན་པ་དང། གཞན་དབང་སྟབས་བསྟུན་ཡིན་པའི་ཚོར་སྣང་ཆེན་པོའི་ཐོག་ནས་ཆ་རྐྱེན་ཆེན་པོ་འདོན་གྱི་མེད་ཚོད་རེད།
སྔོན་འགྲོའི་འོས་ཤོག་དངོས་སུ་བླུགས་རྗེས་ལྟ་སྐབས། འོས་ཤོག་མང་ཤོས་བློ་བཟང་སེང་གེ་(༢༢༤༨༩) དང། གཉིས་པ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་(༡༢༣༡༩)རེད། རྒན་གཞོན་ལ་ལྟ་མཁན་དང་། ཡང་ན་སྐུ་དྲག་གི་རྒྱུད་པའམ་མི་ཚང་ཆེན་མོའི་རྒྱུད་པ་དང། མི་ཚང་དཀྱུས་མིའི་རྒྱུད་པ་སོགས་ལ་ལྟ་མཁན་ཉུང་ཉུང་ཡིན་པ་འདི་གཉིས་ཀྱིས་གསལ་པོ་བཟོས་པ་ལྟ་བུ་རེད། ཁོང་གཉིས་ཀྱི་སུ་བཀའ་ཁྲིར་སླེབས་ནའང་རྒྱ་ནག་གཞུང་གི་རྫུན་གཏམ་ལ་ལན་ཞིག་སྤྲོད་ཀྱི་ཡོད་པ་རེད། ༡ བློ་བཟང་སེང་གེ་ལྟ་བུའི་མི་ཚང་དཀྱུས་མིའི་རྒྱུད་པ་དང་དེང་དུས་ཀྱི་སློབ་སྦྱོང་ཆ་ཚང་ཐོབ་མཁན་ཞིག་བཀའ་ཁྲིར་སླེབས་ན། རྒྱ་ནག་གཞུང་གིས་བཙན་བྱོལ་བོད་མིའི་ནང་སྤྱི་ཚོགས་རྙིང་པ་རོ་ལངས་རྒྱག་པ་ལས་མང་གཙོ་ཞིག་མ་རེད་ཅེས་བརྗོད་པ་དེར་རང་ཤུགས་ཀྱིས་ལན་འདེབས་ཆགས་པ་དང། ༢ བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལྟ་བུའི་༡༩༥༩ ལོའི་སྔོན་ནས་བོད་གཞུང་གི་སྐུ་དྲག་གི་རྒྱུད་པ་དང། བཙན་བྱོལ་དུ་ཡང་བཀའ་ཤག་ནང་ལས་ཀ་རྒྱུན་རིང་བྱེད་མྱོང་མཁན་ཞིག་བཀའ་ཁྲིར་འོས་འདེམས་བྱས་ན། རྒྱ་ནག་གཞུང་གིས་སྤྱི་ཚོགས་རྙིང་པའི་སྐབས་ཀྱི་འགོ་ཁྲིད་ཚོར་བོད་མི་མང་ཞེན་པ་ལོག་ནས་ཞིང་བྲན་ཁྲི་ཚོ་བརྒྱ་ཡར་ལངས་བྱས་པ་རེད་ཅེས་བརྗོད་ནའང། སྤྱི་ཚོགས་རྙིང་པའི་སྐབས་ཀྱི་དཔོན་རྒྱུད་དང་མི་མང་གི་བར་ཞེ་འཁོན་མེད་པ་གསལ་པོ་ཆགས་པ་རེད། འོན་ཀྱང་ལན་འདེབས་འདི་འདྲ་ཞིག་གིས་རྒྱ་ནག་གིས་ཧམ་བཤད་བྱས་པ་གསལ་པོ་ཆགས་པ་ཙམ་ལས། བོད་ཀྱི་བདེན་མཐའ་གསལ་མི་ཐུབ།
འོན་ཏེ། བཙན་བྱོལ་ནང་གི་མི་མང་གིས་བོད་སྤྱིའི་བདེ་སྡུག་ཆེད་འགན་ཁུར་སྟངས་ལ་རྣམ་པ་གསར་པ་ཞིག་མངོན་གྱི་ཡོད་ལ། སྐབས་འདིར་འོས་མི་ཚོ་མང་ཚོགས་ནང་གང་ཐུབ་ཅི་ནུས་ཀྱིས་ལས་ཀ་བྱེད་རྒྱུ་ཡིན་པའི་སྐད་ཆ་བཤད་དུ་སོང་བ་དང། དེ་བཞིན་མི་མང་གིས་ཀྱང་འོས་ཤོག་བླུགས་པའི་བརྒྱ་ཆ་སྔར་དང་བསྡུར་ན་མཐོ་རུ་སོང་ཡོད། འོས་ཤོག་བླུག་སྐབས་མང་གཙོའི་རྒྱལ་ཁབ་ཚད་ལྡན་ཚོའི་བྱེད་སྟངས་ལྟར། ཚ་ཚ་འུར་འུར་ངང་བཏམ་བཤད་དང་ལས་འགུལ་སྤེལ་བ་ལ་དགའ་སྣང་བྱེད་ཀྱི་ཡོད་པ་ཡང་གསལ་པོ་རེད། ད་ལྟ་ཡང་འོས་ཤོག་མཐོ་ཤོས་ཐོབ་མཁན་བློ་བཟང་སེང་གེ་རྒྱ་གར་ནང་གི་བོད་གཞིས་ཁག་ཏུ་སླེབས་ཟིན་ལ། འོས་ཤོག་བླུག་དགོས་པ་དང། བོད་དོན་ཆེད་དུ་མི་མང་ལངས་དགོས་པའི་སྐུལ་མ་བྱེད་བཞིན་པ་རེད། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱིས་ཀྱང་དེ་བཞིན་དུ་ལས་འགུལ་སྤེལ་རྒྱུའི་འཆར་གཞི་ཡོད་པའི་སྐད་ཆ་གོ་བས། འོས་སུ་ལ་ཐོབ་མིན་དང། གྲུབ་འབྲས་ག་ཚོད་ཐོན་མིན་ལ་མ་ལྟོས་པར། བོད་མིའི་ཆེད་དུ་ལས་ཀ་བྱེད་རྒྱུར་དཀའ་ལས་རྒྱག་གི་ཡོད་པ་རེད། འདི་བོད་མིའི་འཐབ་རྩོད་ཆེད་རྨང་གཞི་འཇོག་སྟངས་ཀྱི་རྣམ་པ་གསར་པ་དང་འགན་ཁུར་ལེན་སྟངས་གསར་པ་ཞིག་ཀྱང་རེད།
སྤྱིར་བཏང་མི་སུ་ཡིན་ཡང་སོ་སོའི་ཕྱོགས་ཁག་ལ་ཤ་ཞེན་ཡོད་པ་ནི་སྨོས་མེད་རེད་མོད། སྐབས་འདིའི་བཀའ་ཁྲིའི་འོས་བསྡུའི་ནང་ཆོལ་ཁ་དང། རྒན་གཞོན། ཆོས་ལུགས་སོགས་དབྱེ་འབྱེད་ཀྱི་ཤུགས་རྐྱེན་མེད་པ་མིན་མོད། མི་འབོར་ལ་དཔག་ན་ཧ་ཅང་ཉུང་ཉུང་ཡིན་པ་གསལ་པོ་རེད། དེ་བཞིན་ཆིག་སྒྲིལ་དགོས་པ་རེད་ཅེས་མཐོ་དམན་ཀུན་གྱིས་སྒྲོག་བཞིན་པ་དེར་ཡང་དངོས་ནས་དགའ་ཞེན་ཡོད་པར་སྣང། འོས་གྲངས་མཐོ་ཤོས་གཉིས་ཀར་ལས་དོན་དངོས་སུ་ལག་བསྟར་བྱེད་རྒྱུའི་ལས་འཆར་གང་ཡང་མེད་ནའང། བློ་བཟང་སེང་གེས། “ཆིག་སྒྲིལ་དང། གསར་གཏོད། རང་མགོ་རང་ཐོན་དགོས་པ་རེད་”ཅེས་འབོད་ཚིག་དེས་མི་མང་པོར་ཡིད་དབང་འཕྲོག་ཡོད་ཚོད་རེད། དེ་བཞིན་བློ་བཟང་སེང་གེས་“ལྟ་གྲུབ་ཀྱི་ཐོག་ནས་བཀའ་ཤག་གི་འགན་ལྔ་དང། བཀའ་བློན་བསྐོ་སྟངས་དེ་ཆིག་སྒྲིལ་གྱི་བཀའ་ཤག་དང་མི་མང་གི་བཀའ་ཤག་”ཞེས་པའི་འབོད་ཚིག་དེ་ཡང་སྣང་བར་འགྲོ་བོ་ཞིག་ཆགས་པ་རེད།
བསྟན་འཛིན་རྣམ་རྒྱལ་གྱིས། དྷ་སར་བགྲོ་གླེང་ཆེན་མོའི་སྐབས། “ང་ཚོ་འདིར་འཛོམས་པ་བོད་མི་མང་ཆེད་དུ་ག་རེ་བྱེད་རྒྱུ་ཡོད་མེད་ཀྱི་ཆེད་དུ་རེད།” དེ་སྔོན་ལས་དོན་མང་པོ་ཞིག་བྱས་པ་དང། མ་འོངས་པར་བོད་མི་མང་ལ་ཞབས་ཕྱི་ཞུ་རྒྱུའི་འདུན་པ་ཡོད་སྐོར་དང། “རྒྱལ་ཁབ་ཡོད་པ་བཞིན་ད་ལྟ་ཁས་ལེན་མང་པོ་ཞིག་བྱས་ནའང་བསྒྲུབ་མི་ཐུབ་པའི་ཉེན་ཁ་ཡོད་པ་རེད། དེ་མིན་ལས་ཀ་མ་བྱས་པར་སྡོད་ས་ཡོད་པ་མ་རེད། མགོར་༧གོང་ས་མཆོག་ཡོད་པ་དང། དེ་བཞིན་གྲོས་ཚོགས་ཡོད་པས་ལས་དོན་མ་བྱས་པར་སྡོད་ས་ཡོད་པ་མ་རེད་”ཅེས་བརྗོད་ཡོད་པ་རེད། དེ་བཞིན་ཁོང་གིས་བང་ཆེན་ཚགས་པར་གྱི་བཅར་འདྲི་དང་ལེན་སྐབས། “བོད་རྒྱ་འབྲེལ་མོལ་ལ་ཐབས་ལམ་གསར་པ་ཞིག་དགོས་ཀྱི་འདུག་”ཅེས་བརྗོད་པ་དེ་ཡང་སྐད་ཆ་ཅུང་དམིགས་བསལ་ཞིག་རེད། འོན་ཀྱང་བགྲོ་གླེང་ཆ་ཚང་ཚར་རྗེས་གཏམ་བཤད་ཀྱི་ནུས་པས་བློ་བཟང་སེང་གེའི་འོས་ཤོག་མང་དུ་སོང་ཡོད་པ་ཡང་གསལ་པོ་རེད།
ད་ལྟ་ཁོང་གཉིས་ལས་གཞན་བཀའ་ཁྲི་ཞིག་མེད་པས། སྨྱུག་འཛིན་པ་ཚོས་དོན་མེད་ཀྱི་སྐྱོན་བརྗོད་རིགས་བྱེད་མཚམས་བཞག་ནས། མི་མང་གིས་ཁོང་གཉིས་ཀྱི་ནང་ནས་སུ་ཡག་སུ་བཟང་ལ་དབྱེ་ཞིབ་ཚད་ལྡན་བྱེད་པའི་དུས་ལ་བབ་པ་རེད། ངེས་པར་དུ་བྱེད་དགོས་པ་དང་བྱེད་ཐུབ་པ་ཞིག་ཡོད་པ་ནི་སློབ་གྲྭ་ཁག་གི་མཐུན་རྐྱེན་བཟང་དུ་གཏོང་བ་དང། སློབ་མ་ཚད་ལྡན་ཞིག་གསོ་སྐྱོང་བྱེད་རྒྱུ་དེ་ཡིན་པས། གནད་དོན་འདིའི་ལས་འཆར་ཐོག་བཀའ་ཁྲིའི་འོས་མི་ལ་མང་གིས་འཆར་གཞི་ཞིག་དགོས་ཀྱི་འདུག་བརྗོད་ནའང་མ་ཆོག་པ་མེད་པར་སྙམ།།{jcomments on}