༧གོང་ས་མཆོག་བགྲེས་ཡོལ་ལ་ཕེབས་དོན་དགོངས་པ་འཚོམས་ནས་ཡིན་ནམ།

ནགས་ཕྲན་པ་བསོད་ནམས་ཚེ་རིང་།
ཕྱི་ཟླ་༡༡ ཚེས་༢༢ ཉིན་རྒྱ་གར་ལྷོ་ཕྱོགས་མེ་སོར་ཁུལ་དུ་རྒྱ་གར་དུས་བབ་གསར་ཤོག་སོགས་བརྒྱུད་ལམ་ཁག་ཏུ་༸གོང་ས་མཆོག་གིས་འབྱུང་འགྱུར་གྱི་ཟླ་དྲུག་ནང་བོད་མི་མང་སྤྱི་འཐུས་ལ་གྲོས་བསྡུར་བརྒྱུད་བགྲེས་ཡོལ་ཆ་ཚང་གནང་རྒྱུ་ཐག་གཅོད་འོང་ཐུབ་པའི་རེ་བ་ཡོད་སྐོར་གསུངས་པའི་གནས་ཚུལ་ཐོན་ཡོད་པ་དང། གནས་ཚུལ་དེ་ལ་བརྟེན་ནས་མི་མང་ནང་བློ་འཚབ་ཆེན་པོ་བྱུང་སྟེ་གང་སར་བགྲོ་གླེང་དང་། འགན་ཡོད་མི་སྣ་ཚོ་ཚོགས་འདུ་འཚོགས་ནས་༸གོང་ས་མཆོག་ལ་བགྲེས་ཡོལ་ཆ་ཚང་གི་དགོངས་པ་མི་བཞེས་རྒྱུའི་གསོལ་འདེབས་སྙན་ཞུ་འབུལ་གྱི་ཡོད་པ་རེད།

གནས་ཚུལ་དེའི་རྐྱེན་པས་མི་མང་རྣམས་གློ་བུར་གཉིད་ལས་སད་པ་བཞིན་༸གོང་ས་མཆོག་ཅིའི་ཕྱིར་བགྲེས་ཡོལ་ཆ་ཚང་གནང་གི་ཡོད་མེད་སྐོར་ལ་ཡང་དོགས་པ་སྣ་ཚོགས་བྱུང་སྟེ་བསམ་ཚུལ་འདྲ་མིན་བརྗོད་བཞིན་ཡོད་པ་དང་། དེ་ཡང་བར་ལམ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་སྦེལ་ཀོབ་ཁུལ་དུ་ཐེངས་མང་ཆེད་ཕེབས་གནང་བ་དང་། མི་མང་ནང་དེང་སྐབས་སྤྱི་ཚོགས་ཀྱི་ནང་ལ་༸སྐྱབས་མགོན་རིན་པོ་ཆེས་མུ་མཐུད་ནས་ཆབ་སྲིད་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་གནང་བ་ལ་འགྲིག་གི་མི་འདུག་ཟེར་ནས་བཤད་མཁན་མང་དུ་འགྲོ་བཞིན་ཡོད་པ་དང་། ༸གོང་ས་མཆོག་དང་མང་གཙོ་གཉིས་གང་གལ་ཆེན་ཡིན་མིན་སྐོར་གྱི་རྩོམ་ཡིག་ཡང་ཐོན་བཞིན་ཡོད་པར་མི་མང་ཚོར་སྣང་མེད་པ་ལྟར་བསྡད་པ་ཡིན་ན། ཉིན་ཞིག་༸སྐྱབས་མགོན་རིན་པོ་ཆེ་བགྲེས་ཡོལ་ཆ་ཚང་དུ་ཕེབས་རྒྱུའི་ཉེན་ཁ་ཡོད་སྐོར་སོགས་བཀའ་སློབ་ཁ་ཤས་གནང་ཡོད་པར་བརྟེན། སྦེལ་ཀོབ་ཁུལ་གྱི་མང་ཚོགས་ནང་ལོ་སྔོན་མར་གྲོས་ཚོགས་ཚོགས་དུས་བརྒྱད་པའི་གནས་ཚུལ་དང་། ཉན་ཞིབ་ཚོགས་འདུའི་འབྱུང་རྐྱེན། ད་དུང་གཞུང་དང་བསམ་ཚུལ་མི་མཐུན་པའི་ལངས་ཕྱོགས་འཛིན་མཁན་གྱིས་རྩོམ་ཡིག་བྲིས་པ་འདི་འདྲའི་གནས་ཚུལ་ལ་བརྟེན་ནས་༸གོང་ས་མཆོག་དགོངས་པ་འཚོམས་ནས་བགྲེས་ཡོལ་ཆ་ཚང་ཞུ་རྒྱུའི་ཐུགས་འདུན་འཁོར་བར་ངོས་འཛིན་བྱེད་མཁན་དང་བསམ་ཚུལ་གླེང་མཁན་ཡང་འབྱུང་བཞིན་ཡོད་པ་རེད། མ་ཟད་༸གོང་ས་མཆོག་གི་སྐོར་ལ་གཞུང་དང་ལངས་ཕྱོགས་མི་མཐུན་པའི་རྩོམ་ཡིག་འབྲི་མཁན་ཚོར་ལན་འདེབས་འབྲི་མཁན་གྱི་ཚོགས་ཆུང་བཟོ་བཞིན་པའི་གནས་ཚུལ་ཡང་ཐོན་བཞིན་འདུག གནས་ཚུལ་འདི་འདྲའི་རྐྱེན་པས་མི་མང་ནང་སྐབས་འཚོལ་རིང་ལུགས་པ་རེ་ཟུང་ལ་སྒེར་ཕན་ཚུན་དགའ་མི་དགའི་གནས་ཚུལ་ལ་འཁོན་ལན་རྩོད་རྒྱུའི་གོ་སྐབས་ལོན་པ་དང། སྤྱི་ཚོགས་ནང་བརྡབ་གསིག་གཏོང་བའི་གནས་ཚུལ་ཡང་ཐོན་མི་སྲིད་པ་ག་ལ་ཡིན། དེ་མིན་མི་གཅིག་གཉིས་ཤིག་གིས་༸གོང་ས་མཆོག་ལ་ཟུར་ཟའི་ནང་དོན་ཅན་དང་གཞུང་གི་ལངས་ཕྱོགས་དང་འགལ་བའི་རྩོམ་ཡིག་རེ་འགའ་ཐོན་བཞིན་པ་འདི་ཆེད་དུ་གླེང་ནས་མི་མང་ལ་ཚོར་བ་བསླང་པ་ཡིན་ན། མང་གཙོའི་སྤྱི་ཚོགས་ནང་ཆེས་གལ་ཆེན་དུ་འཛིན་པའི་གཞུང་དང་ལངས་ཕྱོགས་མི་མཐུན་པ་དང་། བསམ་ཚུལ་མི་མཐུན་པའི་སྨྲ་བརྗོད་ཀྱི་རང་དབང་ལ་ཡང་དོ་ཕོག་འགྲོ་སྲིད་པ་ཞིག་ཏུ་སྣང་། གང་ལྟར་ད་ལྟའི་ཛ་དྲག་གི་གནས་ཚུལ་འདིའི་སྐབས།  སྒང་ནས་བཀའ་སློབ་གནང་མཁན་དང་། འོག་ནས་བཀའ་སློབ་ཉན་མཁན། ཟུར་ནས་བསམ་ཚུལ་གླེང་མཁན་སུ་ཡིན་ཡང་། དོན་དངོས་ཐོག་༸གོང་ས་མཆོག་བགྲེས་ཡོལ་ཆ་ཚང་གནང་རྒྱུའི་རྒྱུ་མཚན་ནི་༸གོང་ས་མཆོག་གིས་ཞལ་དྲོན་པོ་ནས་གསུངས་པ་དེ་རང་ལ་ངོས་འཛིན་དང་ཡིད་ཆེས་བྱེད་དགོས་པ་ལས། དེ་མིན་༸གོང་ས་མཆོག་གིས་གསུང་རྒྱུ་གཅིག་གསུངས་པ་ལས་དོན་དངོས་གཞན་ཞིག་ཡིན་པའི་གླེང་ཕྱོགས་བཟོས་པ་ཡིན་ན། འདི་ཡང་༸གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ལ་ཆེད་དུ་དམའ་འབེབ་བྱས་པ་ཞིག་ཏུ་འགྱུར་ངེས་པ་མ་ཟད། ཆེད་བཟོའི་གནས་ཚུལ་དེའི་རྒྱབ་ལྗོངས་ཅི་ཡིན་ལ་དོགས་པ་མི་བྱེད་ཐབས་མེད་དུ་གྱུར་ཡོད་པར་འདོད།

༸གོང་ས་མཆོག་གིས་ཁོང་བགྲེས་ཡོལ་གནང་དགོས་པའི་རྒྱུ་མཚན་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོའི་མཇུག་བསྡོམས་ཚོགས་འདུའི་ཐོག་བཀའ་གསལ་པོ་གསལ་རྐྱང་བསྩལ་ཡོད་པ་དེ་རེད་ལ། ལྷག་པར་༸གོང་ས་མཆོག་གིས་“འདས་པའི་ལོ་སུམ་ཅུའི་གོང་ངོས་ཀྱིས་ྋརྒྱལ་བ་རིན་པོ་ཆེ་མེད་པ་ནང་བཞིན་འགན་ལེན་དགོས་ཞེས་བཤད་ཡོད། ང་ཚོའི་ལས་ཁུངས་ཁག་དང་འགོ་ཁྲིད་ཚོས་འགན་ཆ་ཚང་ཁྱེར་ནས་བྱས་པ་ཡིན་ན། ང་ལ་དུས་ཚོད་ཕྲན་བུ་ལྷག་པ་དེ་དག་བོད་སྤྱི་པའི་དོན་དག་ལ་བསམ་བློ་བཏང་ནས་སྡོད་པ་ལས་བསམ་བློ་མ་བཏང་བར་སྡོད་ཀྱི་མ་རེད། ཆོས་ཕྱོགས་ནས་བྱས་ན་ལས་དང་སྨོན་ལམ་གྱི་འབྲེལ་བ་ཡོད་པས་ང་རང་མ་ཤི་བར་བོད་སྤྱི་པའི་ལས་དོན་ལ་བསམ་བློ་གཏོང་གི་རེད། ཡིན་ནའང་ང་ཚོར་སྒྲིག་འཛུགས་ཤིག་ཡོད་པ་དེས་ལས་བགོས་བརྒྱབ་པ་ལྟར་འགན་གཙང་མ་འཁྱེར་དགོས།”ཞེས་གསུང་ཡོད་པའི་གནས་ཚུལ་འདིའི་ཐོག་ནས་ཀྱང་ང་ཚོས་༸གོང་ས་མཆོག་ཁོང་གིས་རྒྱུན་རིང་པོའི་སྔ་རོལ་ནས་བགྲེས་ཡོལ་གནང་རྒྱུའི་ཐད་རླབས་ཆེའི་དགོངས་བཞེས་དང་། གྲ་སྒྲིག་འཐུས་ཚང་གནང་བ་ཞིག་ལས་འཕྲལ་དང་འཕྲལ་གྱི་རྐྱེན་རེ་འགའ་ལ་བརྟེན་ནས་དེ་ལྟར་གནང་བ་ཞིག་མིན་པ་གསལ་པོ་ཤེས་ཐུབ། དེ་འདྲའི་གནས་ཚུལ་ཐད་ང་ཚོས་༸གོང་ས་མཆོག་ལ་ཡིད་ཆེས་བྱེད་མི་ཐུབ་པའི་རྒྱུ་མཚན་ཅི་ཞིག་ཡོད།

འོན་ཀྱང་ང་ཚོས་བོད་གཞིས་བྱེས་གཉིས་ཀྱི་ཕྱོགས་ཡོངས་ཀྱི་གནས་བབ་ལ་བལྟས་ནས་ད་དུང་མུ་མཐུད་ནས་ཆབ་སྲིད་ཀྱི་དབུ་ཁྲིད་དུ་བཞུགས་དགོས་པའི་གསོལ་བ་འདེབས་རྒྱུ་དང་། ལྷག་པར་ཁོང་གི་གཞལ་བར་བྲལ་བའི་བཀའ་དྲིན་ཡིད་ལ་བཅངས་ཏེ། ཉེ་ཆར་བོད་ཁྱིམ་སློབ་གྲྭ་དབུ་བརྙེས་ནས་ལོ་འཁོར་ཧྲིལ་བོ་༥༠ འཁོར་བའི་དུས་དྲན་གྱི་ཉིན་མོར་༸གོང་ས་མཆོག་གིས་“དེ་རིང་ང་ལ་མང་པོ་བཤད་རྒྱུ་མེད། བཤད་ནས་ཕན་ཐོགས་ཀྱང་གང་ཡང་མི་འདུག ལོ་འདི་འགའི་རིང་ལ་མང་པོ་བཤད་ཡོད། བཤད་པ་དག་ཡིག་ཉོག་གི་བཟོ་བྱས་ཏེ་བསྡད་ཚེ་དགོས་པ་གང་ཡང་མི་འདུག”ཅེས་པ་ལྟ་བུའི་བཀའ་སློབ་གནང་མི་དགོས་པ་ཞིག་ལ་ལས་ཀྱི་སྣེ་བོ་རྣམས་ཀྱིས་འགན་ཁུར་གནང་དགོས་པ་ལས། ངན་པ་ཐམས་ཅད་མང་ཚོགས་ཀྱི་མགོར་གཡུགས་རྒྱུ་ཨེ་ཡོད་སྙམ།

གང་ལྟར་ང་ཚོས་༸གོང་ས་མཆོག་གིས་གང་གསུངས་པ་དེ་ལ་ཡིད་ཆེས་བྱེད་དགོས་པ་དང་། ཁོང་གིས་གང་གདམས་པ་དེ་ཉམས་ལེན་བྱེད་ཐུབ་པ་ཡིན་ན། དེ་ནི་༸གོང་ས་མཆོག་སྐུ་ཚེ་བརྟན་པའི་བརྟན་བཞུགས་རབ་དང་། བཞེད་དགོངས་འགྲུབ་པའི་རིམ་གྲོ་མཆོག མུ་མཐུད་ནས་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་དུ་བཞུགས་པར་གསོལ་བ་འདེབས་པའི་ཞུ་རྟེན་ཕུན་སུམ་ཚོགས་པ་དེ་ཡིན་པས། ཚང་མས་མངོན་ལྐོག་ཏུ་མ་གྱུར་བར་༸རྒྱལ་བའི་བཀའ་གསུང་ཅི་བསྒྲུབ་ཞུ་རྒྱུ་ལས་སྲིད་དོན་པ་དག་གི་གཏམ་བཤད་ལ་མགོ་འཁོར་མི་རུང་ལ། སྲིད་དོན་པ་དག་གི་རྗེས་སུ་ཧོལ་རྒྱུགས་དེ་བས་ཀྱང་བྱེད་མི་རུང་ངོ་། །

{jcomments on}

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།