བཙན་བྱོལ་བོད་མིའི་ནང་ཡིག་རྨོངས་པ་བརྒྱ་ཆ་༡༥ རེད།
༢༠༠༩ ལོའི་བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་སྐབས། མིའི་གྲངས་༡༢༧༩༣༥ ཡོད་པའི་ནང་ནས། ༧༠༥༥༦ ཙམ་སྐྱེས་པ་དང། ༥༧༣༧༩ བུད་མེད་ཡིན་འདུག རྒྱ་གར་དུ་མི་གྲངས་༩༤༢༠༣ དང། བལ་ཡུལ་དུ་༡༣༥༡༤། འབྲུག་ཡུལ་དུ་༡༢༩༨། དེ་མིན་ས་གནས་གཞན་ཁག་ཏུ་མི་གྲངས་༡༨༩༢༠ གནས་སྡོད་བྱས་ཡོད་འདུག
བོད་ཕྱི་ལོག་ནས་བོད་མིའི་སྤྱིའི་བརྒྱ་ཆ་བརྒྱ་ཆ་༣ ཟིན་གྱི་ཡོད་དང། མི་འབོར་ཞིབ་བཤེར་གྱི་གྲངས་ཚད་ལ་གཞིགས་ན་བཙན་བྱོལ་ནང་ལོ་རེའི་བོད་མི་སྐྱེས་ཚད་བརྒྱ་ཆ་༡༌༩༦ ཡིན་འདུག ༡༩༩༨ ལོའི་མི་འབོར་ཞིབ་བཤེར་དང་བསྡུར་ན་ད་ལྟ་མི་༡༦༩༡༥ ཙམ་འཕར་ཡོད་པ་རེད།
བཙན་བྱོལ་བོད་མིའི་ནང་ཕོ་མོའི་གྲངས་ཚད་༡༣༡༧༧ སྐྱེས་པ་མང་བ་ཡོད་པ་དང། རྒྱལ་ཁབ་མང་པོ་ཞིག་གི་ནང་ཕྲུ་གུ་བུ་མོ་ཡིན་ན་གསོད་པ་དང་། མའི་ཁོག་ཏུ་ཡོད་སྐབས་སྨན་ཁང་ནས་ཕྱིར་བཏོན་པ་སོགས་རིགས་འདྲ་མིན་ཡོད་པ་བརྟེན། སྐྱེས་པའི་གྲངས་ཀ་མང་པོ་འབྱུང་གི་ཡོད་ནའང། བོད་མིའི་སྤྱི་ཚོགས་ནང་དེ་ལྟར་མ་ཡིན་པར་ཕོ་མོ་སུ་ཡིན་ལ་སྐྱེས་འཕེལ་གྱི་རང་དབང་འདྲ་མཉམ་ཡོད། ཡིན་ནའང་བཙན་བྱོལ་ནང་ཧེ་བག་འདི་འདྲ་ཞིག་ཤོར་དོན་༡༩༥༩ ལོའི་ཡས་མས་སུ་སྐྱབས་བཅོལ་ལ་ཡོང་མཁན་མི་ཧྲག་བསྡུས་བྱས་ཏེ་ཡོང་བ་ཡིན་པས། སྐྱེས་པ་འབོར་ཆེན་འབྱོར་ཡོད་ལ། ༡༩༩༠ ལོ་ནས་བོད་ནས་སྐྱབས་བཅོལ་དུ་ཡོང་མཁན་མང་དུ་སོང་ནའང། དེའི་སྐབས་ཀྱང་བརྒྱ་༧༠ སྐྱེས་པ་ཡོང་ཡོད་པས། ད་ཐེངས་ཀྱི་མི་འབོར་ཞིབ་བཤེར་ནང་སྐྱེས་པ་མང་བ་ཆགས་ཡོད། རྩིས་ཞིབ་ཚགས་བརྒྱབ་ན་རྒྱ་གར་དུ་སྐྱེས་པའི་མི་གྲངས་བུ་ལས་བུ་མོ་མ་མང་ནའང། ཉུང་བ་མེད་པ་གསལ་པོ་རེད། དགོན་སྡེ་ཁག་གི་གྲྭ་པ་མང་ཆེ་བ་བོད་ནས་ཡོང་མཁན་ཡིན་ལ། བུད་མེད་སྐྱབས་བཅོལ་ལ་ཡོང་མཁན་གྱིས་གྲྭ་པའི་གྲངས་འབོར་གཅིག་པུ་ཡང་ལོན་མིན་ཁག་པོ་ཆགས་འདུག
ཐེངས་འདིའི་མི་འབོར་ཞིབ་བཤེར་སྐོར་བོད་གཞུང་འཆར་འགོད་ལྷན་ཁང་གི་འགན་འཛིན་འབུམ་རམས་པ་དཀོན་མཆོག་བརྩོན་འགྲུས་ལགས་སུ་བཅར་འདྲི་ཞུས་པ་ཡིན།
དྲི་བ། ༡༩༩༨ ལོའི་མི་འབོར་ཞིབ་བཤེར་དང་བསྡུར་ན་ད་ལྟ་ཞིབ་བཤེར་གྱི་གནས་བབ་ག་འདྲ་ཆགས་ཡོད་པ་རེད།
ལན། ༡༩༩༨ ལོའི་སྔོན་ལ་མི་འབོར་ཞིབ་བཤེར་གྱི་འཆར་གཞི་ཁག་འགའ་ཤས་བཟོས་པ་རེད་མོད། ཞིབ་ཚགས་དེ་འདྲ་བྱུང་ཡོད་པ་མ་རེད། ༡༩༩༨ ལོར་རྒྱ་གར་གཞུང་གི་ཆོག་མཆན་འོག བཙན་བྱོལ་བོད་མི་ཡོངས་ལ་མི་འབོར་ཞིབ་བཤེར་ཐོག་མ་དེ་བྱེད་ཐུབ་པ་རེད། དེའི་སྐབས་མིའི་ཚེ་ཚད་དམའ་པོ་ཡིན་པ། འཕྲོད་བསྟེན་སྐྱོ་པོ། མིའི་འཕར་ཚད་ང་ཚོས་བསམ་བློ་བཏང་བ་ལྟར་མིན་པ། བོད་ནས་མི་མང་པོ་རྒྱ་གར་ནང་ཕེབས་ཡོད་པ་རེད་དེ་ད་དུང་ཡང་འཕར་ཆག་མེད་པ། མི་ཞེ་དྲག་ཁ་འཐོར་གྱི་ཡོད་པ། དཔལ་འབྱོར་གྱི་རྨང་གཞི་ཡག་པོ་མེད་པ་བཅས་ཀྱིས་གནས་ཚུལ་ཆ་མ་ཚང་བ་དེ་འདྲ་ཡོད་པ་རེད། ཡིན་ནའང་མི་འབོར་ཞིབ་གཤེར་དེས་ཕན་གང་འཚམས་ཐོགས་ཡོད་པ་རེད།
དེ་ནས་༢༠༠༨ ལོར་འཛམ་གླིང་གི་འགྲོ་ལུགས་ལྟར་སླར་ཡང་མི་འབོར་ཞིབ་བཤེར་བྱེད་དགོས་ཀྱི་རེད་དེ། བོད་ནང་དོན་རྐྱེན་བྱུང་ནས་ལོ་༡ ལྷག་རིང་ཕྱིར་འགྱངས་བྱེད་དགོས་བྱུང་བ་རེད། ད་ལོའི་མི་འབོར་ཞིབ་བཤེར་དང་སྔོན་མ་གཉིས་བསྡུར་ན་སྟོང་ཕྲག་༡༨ ལྷག་ཙམ་མ་གཏོགས་འཕར་མི་འདུག འཕར་ཚད་དེ་བརྒྱ་ཆ་༡༌༥ རེད། དངོས་གནས་བྱས་ན་ང་ཚོའི་མི་འབོར་འདིའི་སྒང་ལ་བརྒྱ་ཆ་༢༌༥ ཙམ་འཕར་དགོས་ཀྱི་ཡོད་རེད་དེ་འཕར་ཡོད་མ་རེད། ༡༩༨༠ ལོ་ཙམ་ལ་ང་ཚོའི་ཞིབ་འཇུག་ཅིག་གི་སྐབས་སུ། བུད་མེད་གཅིག་ལ་ཉུང་མཐའ་ལའང་ཕྲུ་གུ་བཞི་དང་ཡང་ན་དེའི་ཕྱེད་ཙམ་སྐྱེ་འཕེལ་བྱེད་ཀྱི་ཡོད་པ་རེད། ༡༩༩༨ ལོར་སྐྱེ་འཕེལ་དེ་༡༌༧ ལ་མར་ཟག་པ་རེད། ད་ལོའི་མི་འབོར་ཞིབ་བཤེར་སྐབས་༡༌༢ ལ་མར་ཟག་འདུག འདི་ལ་བལྟས་ན་མར་ཉུང་དུ་འགྲོ་ཡི་ཡོད་པ་རེད།
བཙན་བྱོལ་བོད་མིའི་གནས་སྟངས་དེ་སྲ་བརྟན་ག་འདྲ་ཞིག་ཆགས་འདུག་ཅེས་དྲི་བ་མང་པོ་བྱུང་ཡོད་པ་རེད། སྲ་བརྟན་དེ་ཉམས་ཆག་འགྲོ་ཡི་ཡོད་པ་དང་བཙན་བྱོལ་བོད་མི་རྣམས་ཁ་འཐོར་དུ་འགྲོ་ཡི་ཡོད་པའི་གནས་ཚུལ་གསལ་པོ་བྱུང་སོང། ༡༩༩༨ སྐབས་ང་ཚོ་ས་གནས་གྲངས་༩༣ ནང་སོང་སྟེ་མི་འབོར་གྱི་གྲངས་ཀ་བསྡུས་ཡོད་རེད། ད་ལོ་ང་ཚོ་ས་གནས་༢༠༠ ལྷག་ཙམ་ལ་མ་སོང་ཐབས་མེད་ཆགས་པ་རེད། རྒྱ་གར་ནང་གཞིས་ཆགས་ཆུང་བ་རྣམས་ཆེ་ཁག་ལ་གནས་སྤོ་ཡི་ཡོད་རེད། ཆེ་ཁག་ནས་རྒྱ་གར་གྱི་གྲོང་ཁྱེར་དང་གྲོང་བརྡལ་ཁག་ལ་གནས་སྤོ་ཡི་ཡོད་རེད། ང་ཚོས་དབྱེ་ཞིབ་བྱེད་སྐབས་འདས་པའི་ལོ་༥༠ ནང་བཙན་བྱོལ་བོད་མི་བརྒྱ་ཆ་༥༣ ལྷག་ཙམ་གྱིས། རང་ཉིད་གཏན་སྡོད་བྱེད་ས་ནས་ཐེངས་གཅིག་ལས་མང་བ་གཉིས་གསུམ་སྤོས་ཚར་པ་རེད། མ་འོངས་པར་སླར་ཡང་ལོ་༥༠ སྡོད་དགོས་ན་གཞིས་ཆགས་བརྟན་ལྷིང་ག་འདྲ་ཆགས་ཀྱི་ཡོད་མེད་ལ་སེམས་ཁྲེལ་བྱེད་དགོས་པ་ཞིག་ཆགས་འདུག ང་ཚོས་མི་འབོར་གྱི་གྲངས་ཀ་འདི་རེད་ཅེས་རྡོག་རྡོག་བཏོན་པ་ལས། འདི་ལ་སྐྱོན་འདི་དང་འདི་ཡོད་རེད་ཅེས་ཞིབ་ཚགས་བྱས་ཡོད་པ་མ་རེད། དགེ་སྐྱོན་གྱི་གནད་དོན་ཐད་མ་འོངས་པར་ཞིབ་འཇུག་བྱེད་མཁན་དང་གསར་འགོད་པ་སོགས་འགྲོ་དགོས་ཀྱི་རེད་བསམ་གྱི་འདུག
དྲི་བ། མི་འབོར་ཞིབ་བཤེར་འདིའི་ཐོག་ནས་བོད་མིའི་སློབ་སྦྱོང་གི་ཆུ་ཚད་གང་འདྲ་ཆགས་ཡོད་པ་རེད་དམ།
ལན། ༡༩༥༩ ལོར་སྐྱབས་བཅོལ་བའི་ནང་ནས་ཡིག་རྨོངས་པ་བརྒྱ་༦༠ ལྷག་ཙམ་ཡོད་པ་དང་། ༡༩༨༠ ལོར་ཡིག་རྨོངས་པ་བརྒྱ་ཆ་༤༠ ལྷག་ཙམ་ཉུང་དུ་སོང་ཡོད་པ་རེད། ད་ལོའི་མི་འབོར་ཞིབ་བཤེར་སྐབས་ཡིག་རྨོངས་སེལ་བ་བརྒྱ་ཆ་༨༤ ལ་སླེབས་ཚར་ཡོད་པས། ཡིག་རྨོངས་ཅན་བརྒྱ་ཆ་༡༥ ལྷག་ཙམ་ལས་ཡོད་མ་རེད། མ་འོངས་པར་བཙན་བྱོལ་བོད་མི་ཚོས་སློབ་སྦྱོང་ལ་དོ་སྣང་དང་ཤུགས་སྣོན་རྒྱག་ཐུབ་ན། ༢༠༢༠ ནང་བརྒྱ་ཆ་བརྒྱ་ཐམ་པ་ཡིག་རྨོངས་སེལ་ཐུབ་པའི་རེ་བ་ཆེན་པོ་ཡོད་པ་རེད།
དྲི་བ། གྲྭ་བཙུན་གྱི་གྲངས་ཚད་དེ་འཕར་ཆག་ག་འདྲ་ཆགས་ཡོད་པ་རེད་དམ།
ལན། གྲྭ་བཙུན་གྱི་གྲངས་འབོར་དེ་ལོ་རྒྱུས་ནང་བརྒྱ་༡༢ ལྷག་ཙམ་ཡོད་པ་རེད། ད་ལྟའི་སྐབས་སུའང་ཞེ་དྲག་ཉུང་དུ་སོང་མི་འདུག་ཧ་ལམ་བརྒྱ་ཆ་༩ ཙམ་རེད།
དྲི་བ། བཙན་བྱོལ་བོད་མིའི་འཚོ་བར་འགྱུར་བ་ག་འདྲ་སོང་ཡོད་པ་རེད་དམ།
ལན། ད་ལྟ་བོད་མིའི་འཚོ་བའི་གཞི་རྟེན་ལ་འགྱུར་བ་ཆེན་པོ་ཞེ་དྲག་སོང་འདུག ༡༩༩༨ སྐབས་ཀྱི་མི་འབོར་ཞིབ་བཤེར་སྐབས་བོད་མི་བརྒྱ་ཆ་༦༠ ལྷག་གི་འཚོ་བའི་གཞི་རྟེན་སོ་ནམ་ཞིང་ལས་རེད་ཅེས་འཁོད་ཡོད་པ་རེད། ད་ལོ་ཞིབ་བཤེར་སྐབས་སོ་ནམ་ཞིང་ལས་བརྒྱ་ཆ་༨ དང། མི་མང་ཆེ་བ་ཚོང་ལས་དང་ཞབས་ཞུའི་ལས་ཀ། གཏན་འཇགས་གཞུང་གི་ལས་ཀའི་ནང་འཛུལ་ཞུགས་བྱེད་ཀྱི་ཡོད་པ་གསལ་པོ་ཞེ་དྲག་རེད་འདུག སྔོན་མ་ཚོང་ལས་ཙག་ཙིག་རིགས་༡༦ ཙམ་རེད། ད་ལོ་ཚོང་ལས་ཙག་ཙིག་རིགས་༤༠ ལྷག་ཙམ་ཆགས་འདུག དེས་འཚོ་བའི་གཞི་རྟེན་སྣ་མང་ཅན་དང་ཚོང་ལས་ཤུགས་ཆེན་པོ་ཡིན་པ། སྔོན་མའི་ཞིང་ལས་སོགས་ཧ་ཅང་གི་ཉུང་དུ་སོང་ཡོད་པ་མཚོན་གྱི་ཡོད་རེད།
དྲི་བ། མི་འབོར་ཞིབ་བཤེར་འདིའི་ནང་སྐྱབས་བཅོལ་བོད་མི་ཚང་མ་འཛུལ་ཞུགས་བྱེད་ཐུབ་ཡོད་པར་ངོས་འཛིན་གྱི་ཡོད་དམ།
ལན། ང་ཚོས་ཚོད་དཔག་བྱས་ན་རྒྱ་བལ་འབྲུག་གསུམ་ནང། བོད་མི་བརྒྱ་ཆ་༩༠ ལྷག་ཙམ་འཛུལ་ཞུགས་བྱས་འདུག ཆད་ལུས་བརྒྱ་ཆ་༤ ལས་ཉུང་བ་རེད། ཕྱི་རྒྱལ་ཁག་ནང་མཉམ་ཞུགས་ཞེ་དྲག་བྱེད་ཐུབ་མི་འདུག མི་འབོར་ཞིབ་བཤེར་སྐབས་བོད་མི་རྒྱལ་ཁབ་གཞན་གྱི་མི་སེར་ཡིན་པ་མང་པོ་འདུག ང་ཚོས་དེ་ཚོར་མཉམ་ཞུགས་བྱེད་རོགས་ཞུས་པ་རེད་དེ་གང་ལྟར་མང་པོ་ཆེད་དུ་མཉམ་ཞུགས་བྱས་ཡོད་མ་རེད།
དྲི་བ། མི་འབོར་ཞིབ་བཤེར་ནང་ཞུགས་པར་ཆ་རྐྱེན་གང་ཞིག་དགོས་ཀྱི་ཡོད་དམ།
ལན། བོད་ཀྱི་ཡུལ་འབངས་ཡིན་དགོས་རེད། རྒྱལ་ཁབ་གཞན་དག་གི་མི་སེར་ཡིན་ནའང་བོད་ཀྱི་ཡུལ་འབངས་ཡིན་པ་ཡོད་རེད། དེ་མིན་དེབ་ལྗང་ཁུ་དང་སྐྱབས་བཅོལ་གནས་སྡོད་ལག་འཁྱེར་སོགས་གང་ལའང་བལྟས་ཡོད་པ་མ་རེད། དེར་བལྟས་ན་མི་མང་པོ་མཉམ་ཞུགས་ཐུབ་ཁག་པོ་རེད།
དྲི་བ། མི་འབོར་ཞིབ་གཤེར་སྐབས་བོད་ནས་ཕེབས་མཁན་ཚོའི་གྲངས་ཚད་འཕར་ཆག་སོང་ཡོད་པ་རེད་དམ།
ལན། ང་ཚོས་རྩིས་རྒྱག་ཐབས་སུ་བསམ་བློ་ཞེ་དྲག་བཏང་བ་རེད་ལ། འཆར་གཞིའང་མང་པོ་བཟོས་པ་རེད། ཡིན་ནའང་བརྩི་ཐུབ་ཀྱི་མི་འདུག སྔོན་མའི་རྩིས་གྲངས་ཤིག་འདུག་སྟེ་ཏག་ཏག་མི་འདུག གང་ཡིན་ཞེ་ན་བོད་ནས་ཕེབས་མཁན་ཚོས་སྐྱབས་བཅོལ་ལག་དེབ་དང་དེབ་ལྗང་ཁུ་བཅས་ཀྱི་མིང་མི་འདྲ་བ་མང་པོ་ཡོང་གི་འདུག ཞིབ་བཤེར་སྐབས་ང་ཚོས་མིང་ག་རེ་འབྲི་དགོས་རེད་ཅེས་གསུང་མཁན་འདུག ཁྲིམས་ཐོག་ནས་གང་བརྒྱབ་ཡོད་ན་དེ་བྲིས་ཞེས་ཞུས་པ་རེད་དེ། སྐྱབས་བཅོལ་ལག་དེབ་ཐོག་རྒྱ་གར་ནང་སྐྱེས་པ་བརྒྱབ་ཡོད་མཁན་མང་པོ་རེད།།
{jcomments on}