ག་ཕྱི་ལོག་པའི་དགྲ་གཉེན་ངོས་འཛིན།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༣༡༢
༢༠༡༠ ལོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྒྱ་ནག་གི་རང་དབང་དོན་གཉེར་བ་ལིའུ་ཞ་པའོ་ཡིས་ཕྱི་ལོ་ ༢༠༠༩ ལོའི་ཟླ་ ༡༢ ཚེས་ ༢༣ ཉིན་རྒྱ་ནག་གི་ཁྲིམས་ཁང་ནང་ཡོངས་ཁྱབ་གནང་བའི་བསྒྲགས་གཏམ་མཐའ་མ་དེའི་མགོ་བརྗོད་དུ་<<ང་ལ་དགྲ་མེད་>>ཅེས་བརྗོད་ཡོད་པ་དང། དོན་དམ་བསྒྲགས་གཏམ་དེའི་ནང་གི་སྙིང་དོན་གཙོ་བོ་དེ་ཡང་ཁ་བྱང་དང་མཐུན་པར།
“སྡང་འཛིན་གྱིས་མི་ཞིག་གི་བློ་རིག་དང་རྣམ་དཔྱོད་ལ་བསླད་སྐྱོན་གཏོང་གི་ཡོད་ལ། དགྲར་འཛིན་གྱི་བསམ་བློས་རྒྱལ་ཁབ་ཅིག་གི་སྙིང་སྟོབས་ལ་དུག་སྐྱོན་དང་ཁྱོད་ཤི་ང་གསོན་གྱི་གདུག་རྩུབ་ཆེ་བའི་འཐབ་རྩོད་ངན་སྐུལ་བྱས་ཏེ། སྤྱི་ཚོགས་ཤིག་གི་བཟོད་བསྲན་དང་མི་གཤིས་གཏོར་བརླག རྒྱལ་ཁབ་ཅིག་རང་དབང་དང་མང་གཙོའི་ཕྱོགས་སུ་ཡར་རྒྱས་འགྲོ་བར་འགོག་རྐྱེན་བཅས་བྱེད་ཀྱི་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས། ངས་ང་རང་སྒེར་ལ་གེགས་བར་དང་སྡུག་བསྔལ་བྱུང་བའི་རྒྱ་ལས་བརྒལ་ཏེ། རྒྱལ་ཁབ་ཀྱི་གོང་འཕེལ་དང་སྤྱི་ཚོགས་ཀྱི་འགྱུར་ལྡོག་ལ་ལྟ་ཐུབ་པ་དང༌། དབང་འཛིན་པའི་སྡང་དགྲའི་ལྟ་སྟངས་ཀྱི་ལན་ལ་བླ་ན་མེད་པའི་བསམ་འདུན་བཟང་པོ་དང་། སྡང་འཛིན་དྲག་པོ་རྣམས་བྱམས་བརྩེས་འཇོམས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།” ཅེས་བརྗོད་འདུག་པ་དང། དེ་ཡང་དོན་ལ་གནས་པའི་ཆོད་སྡོམ་གལ་ཆེན་ཞིག་ཀྱང་རེད། སྤྱིར་གནད་དོན་འདི་ལྟ་བུ་ཞིག་གི་ཐོག་ནས་བསམ་བློ་གཏོང་མཁན་གྱི་རླབས་ཆེན་མི་སྣ་གང་མང་ཞིག་ཐོན་ཐུབ་ན། འཛམ་གླིང་གི་ཁོར་ཡུག་འདི་ཡང་ཞི་བདེ་དང་ལྷིང་འཇགས་སུ་བསྒྱུར་ཐུབ་པ་མ་ཟད། ལྷག་པར་རྒྱ་ནག་ནང་དུ་འདི་ལྟ་བུའི་བསམ་ཚུལ་འཛིན་མཁན་གྱི་དབང་འཛིན་པ་གང་མང་ཞིག་ཐོན་ཐུབ་ན་རྒྱ་གཞུང་གིས་བསྒྲགས་པའི་ཁ་གཡང་འདི་ཡང་དོན་དངོས་སུ་འགྱུར་ཐུབ་ངེས་རེད། དཔེ་མཚོན་གཅིག་གི་ཐོག་ནས་བཤད་ན་རྒྱ་དམར་གཞུང་གིས་བོད་མི་རིགས་ཀྱི་དད་མོས་དང་སེམས་ཁམས་ལ་བརྩི་འཇོག་གཏན་ནས་མེད་པར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དུས་ནས་དུས་སུ་མཚན་སྨོད་སྐུར་འདེབས་ཤུགས་ཆེན་བྱེད་བཞིན་པ་དང། ༸གོང་ས་མཆོག་ལ་མངོན་གསལ་གྱིས་དད་མོས་དང་དགའ་གུས་བྱེད་མཁན་གྱི་བོད་མི་གང་མང་ཞིག་བཙོན་འཇུག་མནར་གཅོད་གཏོང་བཞིན་པ་འདིས། བོད་མི་རིགས་ཀྱི་སེམས་ནང་དུ་རྒྱ་དམར་གཞུང་རང་བཞིན་གྱིས་དགྲ་རུ་སྒྱུར་བཞིན་ཡོད། དོན་དངོས་ཀྱི་མཆམ་མཐུན་དང་ཞི་བདེ་ཞིག་དགོས་ན་ཐོག་མ་གཞུང་ངོས་ནས་མི་མང་གི་བསམ་ཚུལ་ལ་བརྩི་བཀུར་དང་དགྲར་འཛིན་གྱི་བསམ་བློ་ཆུང་དུ་བཏང་ནས་ཕན་ཚུན་དབར་སེམས་གཏིང་ནས་གུས་བཀུར་ཐོབ་ཐབས་བྱེད་དགོས་པ་རེད།
ཞི་བདེ་དང་རང་དབང་དོན་གཉེར་བ་རྒྱ་རིགས་ལིའུ་ཞོ་པའོ་ཡི་བསྒྲགས་གཏམ་ནང་འཁོད་པ་བཞིན། “ང་ལ་དགྲ་མེད་”ཅེས་པའི་བསམ་ཚུལ་འདི་གཞི་ལ་བཞག་ནས་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་དུའང་བསླབ་བྱ་ལེན་དགོས་པ་གང་མང་ཞིག་མངོན་གསལ་དུ་མཐོང་རྒྱུ་ཡོད། སྤྱིར་ལིའུ་ཞོ་པའོ་ཡིས་བཤད་པ་ཁོ་ན་ལས་བསླབ་བྱ་ལེན་མི་དགོས་པར་༸གོང་ས་མཆོག་གིས་གནད་དོན་འདི་གཞི་རྩར་བཞག་ནས་མི་ལོ་༥༠ ལྷག་གི་རིང་བོད་མི་རྣམས་ལ་མ་གཅེས་པས་བུ་ལ་གདམ་པ་ལྟར་བརྩེ་བས་ལམ་སྟོན་གནང་ཡོད་ལ། ཕྱོགས་གཅིག་ནས་བོད་ཕྱི་ནང་གཉིས་སུ་ནུས་པ་ཆེན་པོ་ཐོན་ཡོད། དཔེར་ན་ད་ལྟའི་ཆར་བོད་མི་མང་པོ་ཞིག་ནང་ཁུལ་རྡོག་རྩ་གཅིག་སྒྲིལ་གྱི་བསམ་བློ་བསྐྲུན་ཐུབ་ཡོད་པ་དང། བསམ་བློའི་ནང་བོད་མི་རིགས་དང་བོད་རྒྱལ་ཁབ་ཀྱི་དོན་གྱི་དགྲ་བོ་རྒྱ་དམར་གཞུང་དང་མཉམ་དུ་སྐྱིད་མཉམ་སྡུག་མཉམ་གྱིས་སྡོད་རྒྱུའི་གྲ་སྒྲིག་བྱས་ཟིན་པའང་ཡོད་པ་མ་ཟད། རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་རིགས་ཀྱང་བྱེད་མི་རུང་བའི་བསམ་ཚུལ་སླེབས་ཡོད་པ་དང། བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་དེ་ལུགས་ཁྱབ་སྤེལ་བྱེད་བཞིན་པའི་སྒང་རེད། ཕྱོགས་གཞན་ཞིག་ནས་བཤད་ན་ད་དུང་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་རྒྱ་ནག་གཞུང་ལ་འཁོན་འཛིན་གྱི་བསམ་བློ་དོར་ནས་བཟོད་སྒོམ་དང་བསམ་ཤེས་བྱེད་ཐུབ་ཅེས་མི་མང་གི་སྣེ་ཁྲིད་པར་བརྫུ་མཁན་རེ་ཟུང་གིས། དབུ་མའི་ལམ་དང་ལངས་ཕྱོགས་མི་གཅིག་པའི་བོད་མི་རྣམས་དགྲ་རུ་འཛིན་ཐབས་སམ། ཡང་ན་དུས་རྒྱུན་ལྟ་ཚུལ་མི་མཐུན་པ་རྣམས་ཕྱོགས་གཞན་ཞིག་ཏུ་བཅད་ནས་བོད་མི་རིགས་ཀྱི་ནང་དུ་གཞི་རྩ་མེད་པའི་འཁོན་འཛིན་གྱི་དུག་རྩ་ཆེད་བཟོ་བྱེད་མཁན་ཡོད་ལ། བཙན་བྱོལ་བོད་གཞུང་དང་ལངས་ཕྱོགས་མི་གཅིག་པར་རང་བཙན་ཁོ་ནའི་ལམ་དུ་བསྐྱོད་རྒྱུ་ཡིན་ཞེས་བརྗོད་མཁན་ཁག་ཅིག་གིས་ཀྱང་༸གོང་ས་མཆོག་དང་བོད་གཞུང་ལ་སྐུར་འདེབས་མང་པོ་ཞུས་དང་ཞུ་བཞིན་པ་ལས། རྒྱ་དམར་གཞུང་ལ་དེ་ཙམ་ཁ་གཏད་གཅོག་གི་མེད་པའི་མཐོང་ཚུལ་འདི་དག་ལ་གཞིགས་ན། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་“ང་ལ་དགྲ་མེད་”ཅེས་པར་ཉམས་ལེན་གྱི་ཐོག་ནས་ག་ཕྱི་ལོག་མེད་དམ་སྙམ།།