ཁེ་ན་ཌར་བོད་མི་ཆིག་སྟོང་ལེན་འཆར་ལ་ལྟ་བ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༣༡༣

ཉེ་བའི་ཆར་ཁེ་ན་ཌ་གཞུང་གིས་ཨ་རུ་ན་ཅལ་མངའ་ཁུལ་ནས་བོད་མི་སྐྱབས་བཅོལ་བ་ཆིག་སྟོང་ཁེ་ན་ཌར་སྐྱབས་བཅོལ་དུ་ལེན་འཆར་ཡོད་པའི་སྐོར་ཕྱིར་བསྒྲགས་བྱས་ཡོད་པ་རེད། གནད་དོན་འདི་ནི་ད་ལྟའི་གནས་སྟངས་དང་སྐྱབས་བཅོལ་བོད་མི་སྤྱིའི་བསམ་བློ་གཏོང་སྟངས་དང་བསྟུན་ནས་བལྟས་ན་གལ་ཆེན་པོར་གྱུར་འདུག

  དཔེར་ན་ས་ཁུལ་གྱི་ཐོག་ནས་བཤད་ན་ཨ་རུ་ན་ཅལ་ཕྱོགས་ཀྱི་བོད་མི་སྐྱབས་བཅོལ་བའི་སྡོད་གནས་ཀྲུ་ཀྲིང་དང།  ཏི་ཙུ། མེ་འོ། བསྟན་འཛིན་སྒང། འབུམ་སྡེ་ལ་སོགས་ཀྱི་བོད་མི་རྣམས་ཀྱི་གནས་སྟངས་ཧ་ཅང་སྐྱོ་པོ་ཡིན་པ་དང། ས་ཆའི་གནས་བབས་ཀྱི་ཐོག་ནས་ཀྱང་དཀའ་ངལ་ཆེན་པོར་གྱུར་ཡོད་པས། ཁེ་ན་ཌ་གཞུང་གིས་ས་བབས་དང་འཚོ་རྟེན་གང་གི་ཐོག་ནས་བཤད་ཀྱང་ལེན་ཡུལ་དེ་གཏན་ནས་ནོར་མེད། ཕྱི་རྒྱལ་དུ་གཏོང་རྒྱུའི་འཆར་གཞི་ཞིག་སླེབས་པའི་སྐབས་བོད་མི་ཕལ་ཆེ་བའི་འགྲམ་ཆུ་ལྡང་ངེས་པ་དང། ཐབས་ཤེས་འདྲ་མིན་སྣ་ཚོགས་ཀྱིས་དེའི་ནང་འཛུལ་ཞུགས་བྱེད་རྒྱུའི་གོ་སྐབས་ཀྱང་འཚོལ་ངེས་སུ་གྱུར་ཡོད། ད་དུང་སྡུག་ས་ནས་བཤད་ན་རང་ཉིད་དམ་འབྲེལ་ཡོད་མ་ཚུད་པའི་རྒྱུ་མཚན་ལ་བརྟེན་ནས་ལས་འཆར་ལ་གནོད་པའི་བྱ་བ་རྩོམ་མཁན་ཡང་ཡོང་སྲིད་པ་རེད། སྔོན་མ་བལ་ཡུལ་ནས་མང་པོ་ཞིག་ཨ་རིར་གཏོང་འཆར་དེ་ལའང་ཕྱི་ནང་གཉིས་ཀ་ནས་དཀའ་ངལ་འཕྲད་ཡོད་པར་ངོས་འཛིན་བྱེད་དགོས་པ་ལྟ་བུར་གྱུར་སོང། གང་ལྟར་ཉེ་ཆར་བཙན་བྱོལ་བོད་གཞུང་གི་ངོས་ནས་བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་གྱི་གྲངས་འབོར་ཕྱིར་བསྒྲགས་དང།  སྐབས་དེར་མི་མང་ལ་མ་འོངས་པའི་རེ་བའི་སྐོར་བསམ་ཚུལ་དྲིས་པར་བརྒྱ་ཆ་༦༠ ལྷག་ནུབ་ཕྱོགས་སུ་གནས་སྤོ་བྱེད་འདོད་ཡོད་པའི་བསམ་ཚུལ་ལ་གཞིགས་ཀྱང་ཐབས་ཤེས་འདི་འདྲ་ཞིག་མི་བྱེད་ཀ་མེད་དུ་གྱུར་པ་རེད།

ཕྱི་རྒྱལ་དུ་སྐྱབས་བཅོལ་བོད་མི་གང་མང་བཏང་བ་འདིའི་ཐོག་ནས་གནས་སྐབས་ཕན་ཐོགས་ཡོད་ཅིང། དཔེར་ན་ནང་མིའི་གནས་སྐབས་དཔལ་འབྱོར་གྱི་དཀའ་ངལ་སེལ་ཐུབ་པ་དང། དེ་ལ་བརྟེན་ནས་གཞུང་གི་ཁུར་པོ་ཡང་དུ་གཏོང་ཐུབ་པ། ཆབ་སྲིད་ཀྱི་ཕྱོགས་ནས་བསམ་ཡང་བོད་དོན་དྲིལ་བསྒྲགས་དང་ལས་འགུལ་གྱི་ཁྱབ་ཚད་ཆེ་རུ་འགྲོ་ཐུབ་བའི་རེ་བ་རྒྱག་འོས་པ་སོགས་གནས་སྐབས་ཀྱི་ཐོག་ནས་བཤད་ན་བཟང་ཕྱོགས་ཀྱི་ཁེ་ཕན་ཡང་གང་མང་ཞིག་བགྲང་རྒྱུ་ཡོད། རྒྱ་ནག་གཞུང་གི་སྲིད་བྱུས་དང་བྱེད་སྟངས་ལ་གཞིགས་ན་གནས་སྐབས་གཞིས་བྱེས་མཉམ་འཛོམས་ཀྱི་གོ་སྐབས་དེ་དཀའ་ངལ་གྱི་རང་བཞིན་དུ་གྱུར་ཡོད་པས། སྐྱབས་བཅོལ་བ་གང་མང་ཞིག་ནུབ་ཕྱོགས་སུ་གཏོང་ཐབས་ཀྱི་འཆར་གཞི་འདི་དག་ཕུགས་རྒྱང་རིང་པོའི་ཐོག་ནས་བསམ་བློ་བཏང་ན་སྐྱབས་བཅོལ་བོད་པའི་སྒྲིག་འཛུགས་ཀྱི་ནུས་པ་ཉམས་དམས་སུ་འགྲོ་ངེས་པ་དང།  བོད་མི་རིགས་ཀྱི་ངོ་བོ་དང་བོད་མི་རིགས་ཀྱི་སྐད་ཡིག་གོམས་གཤིས་བཅས་ཚང་མ་ཉམས་གུད་དུ་འགྲོ་རྒྱུའི་གྲ་སྒྲིག་ཅིག་གམ། སྔོན་འགྲོ་ཞིག་ཏུ་གྱུར་ཡོད་པའང་འདས་པའི་གནས་སྟངས་ལ་བལྟས་ན་དངོས་ཡོད་གནས་ཚུལ་རེད། ད་ལྟའི་ཆར་བཙན་བྱོལ་བོད་མི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ཏུ་གནས་སྡོད་བྱེད་མཁན་ནང་ནས་སུད་སིའི་བོད་རིགས་ན་གཞོན་རྣམས་ཅུང་བོད་ཀྱི་རིག་གནས་གོམས་གཤིས་སོགས་ཡོད་པ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་ཀྱང། སུད་སིར་སྐྱེས་པའི་བོད་རིགས་ན་གཞོན་ཕལ་མོ་ཆེས་བོད་སྐད་བཤད་ཤེས་ན་ལྷ་རབ་ཏུ་བརྩི་དགོས་པ་ཞིག་ལས་བོད་པའི་རིག་གནས་ཀྱི་གོམས་གཤིས་རིག་གནས་ཡོད་པ་ཧ་ཅང་མཐོང་རྒྱུ་དཀོན། འདི་ལྟ་བུའི་ཐོག་ནས་བསམ་བློ་བཏང་ན་བོད་པའི་ཆོས་དང་རིག་གནས། ལྷག་པར་དུ་ཕ་མར་གུས་བཀུར་དང་བྱམས་སྐྱོང་བྱེད་སྟངས་ཀྱི་གོམས་གཤིས་བཟང་པོ་སོགས་བརླགས་ཟིན་པའི་རྗེས་སུ་དངུལ་ག་ཚོད་ཡོད་ཀྱང་ཉོ་ཐུབ་པ་ཞིག་གཏན་ནས་མིན་པའང་མཚམས་འདི་ནས་བསམ་བློར་མི་འཁོར་ཀ་མེད་དུ་གྱུར་འདུག འོན་ཀྱང་བཙན་བྱོལ་བོད་མིའི་མི་འབོར་གྱི་བརྒྱ་ཆ་༦༠ ལྷག་གི་ནུབ་ཕྱོགས་སུ་གནས་སྤོ་བྱ་རྒྱུའི་བསམ་ཚུལ་ལ་བརྩི་འཇོག་མི་བྱེད་ཀ་མེད་དུ་གྱུར་འདུག འོན་ཀྱང་ཁེ་ན་ཌར་སྐྱབས་བཅོལ་བོད་མི་ཆིག་སྟོང་དེ་དག་བླངས་ཟིན་པའི་རྗེས་སུ་ཚང་མ་ས་ཁུལ་ཕྱོགས་གཅིག་ཏུ་གནས་སྡོད་བྱེད་ཐུབ་པ་ཞིག་བྱུང་ཡང།  བོད་པའི་གོམས་གཤིས་དང་རིག་གནས་བཟང་པོ་རྣམས་རྒྱུན་འཛིན་བྱེད་ཐུབ་པར་ཐོགས་ཆེན་པོ་ཡོད། ཁེ་ན་ཌར་བོད་མི་གཏོང་བའི་ལས་འཆར་དེ་ལེགས་གྲུབ་ཟིན་པའི་རྗེས་སུ་འདི་ལྟ་བུའི་གོ་སྐབས་རག་ན་སླར་ཡང་བལ་ཡུལ་གྱི་མཐའ་མཚམས་དང་རི་རྒྱུད་ཁག་སོགས་མཐའ་མཚམས་ཀྱི་གཞིས་ཆགས་དཀའ་ངལ་ཅན་ཁག་དང་། ལྷག་པར་དུ་བོད་ནས་གསར་དུ་འབྱོར་ཞིང་ལོ་ལྔ་དྲུག་ཕྱིན་ཡང་སྐྱབས་བཅོལ་ལག་ཁྱེར་གཏན་ནས་མ་རག་པའི་གསར་འབྱོར་འགྲོ་ས་སྡོད་ཁོངས་དང། དཔལ་འབྱོར་གྱི་རྒྱབ་རྟེན་གང་ཡང་མེད་པའི་དཀའ་ངལ་ཅན་གང་མང་ཞིག་དྷ་སས་གཙོས་ས་གནས་ཁག་ཅིག་ཏུ་ཡོད་པ་འདི་དག་གི་ཐོག་ལའང། གཞུང་གིས་དགོངས་བཞེས་གནང་ནས་ལས་འཆར་འདི་ལྟ་བུ་གྲ་སྒྲིག་གནང་དགོས་པ་ཧ་ཅང་གལ་ཆེ་བར་མངོན།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།